༼ཕ༽
༄༅། །དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དབང་རབ་ཏུ་གསལ་བ་ཞེས་བྱ་བ་བཞུགས་སོ།།
༄༅། །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་དབང་རབ་ཏུ་གསལ་བ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ཀྱི་པདྨོར་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །སྐུ་དང་གསུང་དང་ཐུགས་ཀྱི་གསང༌། །རྡོ་རྗེ་མི་ཕྱེད་གསུམ་སྦྱོར་བ། །གསང་བ་འདུས་པ་བདེ་ཆེན་པོར། །ཕྱག་འཚལ་ནས་ནི་འདིས་འདུལ་བའི། །སྐྱེ་བོ་སྐལ་བ་ཅན་དོན་དུ། །དབང་བསྐུར་བ་ཡི་ཆོ་གའི་རིམ། །ལུང་དང་མན་ངག་ལས་རྟོགས་ནས། །ཤིན་ཏུ་གསལ་བར་བདག་གིས་བཤད། །ཕྱི་རོལ་ཉིད་དང་ནང་དང་ནི། །རྒྱུ་དང་འབྲས་བུ་བསྲེ་བ་དང༌། །སྐུ་བཞིའི་ས་བོན་གདབ་པའི་ཕྱིར། །རྒྱུད་ཀུན་ལས་ནི་དབང་རབ་བསྔགས། །འཐོར་ཕྱིར་དྲི་མ་སྦྱོར་བའི་ཕྱིར། །ལམ་ལ་དབང་ཕྱིར་དངོས་གྲུབ་ཀྱི། །སྐལ་བ་སྟེར་ཕྱིར་མཆོག་གི་ནི། །གོ་འཕང་ཉིད་ལ་འཇོག་ཕྱིར་དབང༌། །ལམ་ལ་སྦྱོར་བར་བྱེད་པ་དང༌། །ཀུན་ནས་གོམས་པར་བྱེད་པ་དང༌། །མི་འཕྲོགས་པ་ལ་སྦྱོར་བ་སྟེ། །དབང་བསྐུར་རྣམ་པ་གསུམ་དུ་བཤད། །གོ་རིམ་ཀུན་ནས་ངེས་པའི་ཕྱིར། །སྔ་མ་མེད་པར་ཕྱི་མ་མིན། །དེ་བས་དབང་བསྐུར་མེད་པར་ལམ། །སྒྲུབ་པ་ལུང་ལས་རྣམ་པར་སྨད། །སྔགས་དང་རྒྱུད་དང་མན་ངག་འཛིན། །ཆོ་གའི་ལས་ལ་རབ་ཏུ་མཁས། །སྙིང་རྗེས་སློབ་མ་རྗེས་འཛིན་པ། །དབང་བསྐུར་བ་ཡི་སློབ་དཔོན་མཆོག །དད་དང་སྙིང་རྗེས་སེམས་རབ་དུལ། །རྣམ་རྟོག་ཆུང་ཞིང་བློ་དང་ལྡན། །སྔགས་ཀྱི་ལམ་གྱི་མཆོག་དོན་གཉེར། །མཐུན་ཞིང་གྲངས་དང་ལྡན་པ་གཟུང༌། །སྦྱོར་བ་དང་ནི་དངོས་གཞི་དང༌། །དེ་བཞིན་རྗེས་ཀྱི་བྱ་བ་སྟེ། །ཆོ་གའི་ཡན་ལག་ཕུན་ཚོགས་པའི། །དབང་བསྐུར་བ་ཡིས་འབྲས་རབ་སྟེར། །གསོལ་དང་བསྙེན་པའི་ལས་དང་ནི། །ས་གཞི་ཡོངས་སུ་གཟུང་བ་དང༌། །ལྷག་པར་གནས་པའི་ཆོ་ག་སྟེ། །སྦྱོར་བའི་ཡན་ལག་རྣམ་པ་བཞི། །དེ་ལ་ཐོག་མར་སློབ་མ་དད་པ་དང་ལྡན་པས་བླ་མ་ལ་ཡན་ལག་ལྔས་ཕྱག་བྱས་ཏེ། མཎྜལ་སྔོན་དུ་འགྲོ་བའི་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོ་བདག་ལ་བཀའ་དྲིན་སྐྱོབས། །ཞེས་ལན་གསུམ་དུ་གསོལ་བ་བཏབ་པ་དང༌། བླ་མས་ཁྱོད་ཀྱི་བསམ་པ་དག་པས་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་གྱིས་ཤིག་དང༌། ཁོ་བོས་ཀྱང་ཇི་ལྟར་ནུས་པས་རྗེས་སུ་གཟུང་བར་བྱའོ། །ཞེས་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་བྱ་བ་ལ་འཇུག་པར་དབང་ཞིང་བར་དུ་གཅོད་པ་ཐམས་ཅད་ལས་རྒྱལ་བ་དང༌། སློབ་མའི་རྒྱུད་བྱིན་གྱིས་རློབ་པ་ལ་ནུས་པ་དང་ལྡན་པར་བྱ་བའི་ཕྱིར། སྔོན་དུ་བསྙེན་པའི་ལས་བརྩམ་པར་བྱའོ། །འདིའང་བུམ་པ་ལ་བརྟེན་པའི་ཕྱོགས་ནི། འཆད་པར་འགྱུར་བའི་བུམ་པ་སྟ་གོན་དུ་གནས་པ་དང་འདྲ་ཞིང༌། མ་བརྟེན་པའི་ཕྱོགས་ནི་སྒྲུབ་པའི་ཐབས་ནས་འབྱུང་བ་དང་མཐུན་ལ། ཇི་སྲིད་དུ་མཚན་མ་མཐོང་བ་དེ་སྲིད་དུ་བཟླ་བའམ། ཡང་ན་གཙོ་བོ་ལ་འབུམ་ཕྲག་གཅིག་དང༌། འཁོར་རྣམས་ལ་ཁྲི་ཕྲག་རེ་བཟླའོ། །བསྙེན་པའོ། །ས་གཞི་བརྟག་དང་བསླང་བ་དང༌། །སྦྱང་དང་བྱིན་གྱིས་བརླབ་པ་དང༌། །ཡོངས་སུ་གཟུང་དང་བསྲུང་བ་སྟེ། །ས་ཡི་ཆོ་ག་རྣམ་པ་དྲུག །དེ་ལ་བརྟག་པ་ནི་དབྱིབས་ཟླུམ་པོ་དང་གྲུ་བཞི་ཤར་དང་བྱང་དུ་གཞོལ་བ། ཁ་དོག་དཀར་ཞིང་སྣུམ་པ་རྡོ་རྗེ་དང༌། ནོར་བུ་དང༌། པདྨ་དང༌། དགའ་བ་འཁྱིལ་པ་ལ་སོགས་པའི་མཚན་མས་བརྒྱན་ཞིང༌། མེ་ཏོག་དང་འབྲས་བུས་སྤུད་པའི་ལྗོན་ཤིང་གིས་རྣམ་པར་བཀྲ་བ། ཆུ་ཀླུང་གཡས་སུ་འཁྱིལ་པས་ཡོངས་སུ་བསྐོར་བ། དབེན་ཞིང་ཉམས་དགའ་ལ་ཡོ་བྱད་ཕུན་སུམ་ཚོགས་ཤིང་མི་དང་མི་མ་ཡིན་པའི་འཚེ་བ་དང་བྲལ་བའི་ས་ཕྱོགས་རང་གི་ཡིད་འཇུག་པ་དཀྱིལ་འཁོར་གྱི་གནས་སུ་ཤེས་ནས། རྨི་ལམ་གྱི་ལྟས་བརྟག་པའི་ཕྱིར། ས་ཕྱོགས་དེ་ཉིད་དུ་ཁྲུ་གང་པའི་མཎྜལ་བ་ལས་བྱུང་བ་ལྔས་ལེགས་པར་བྱུགས་ལ། དབུས་སུ་དཀྱིལ་འཁོར་གྱི་ལྷའི་མེ་ཏོག་ཚོམ་བུ་སུམ་ཅུ་སོ་གཅིག་དང༌། ཁོར་ཡུག་ཏུ་ཕྱོགས་སྐྱོང་བཅུའི་མཚན་མ་མེ་ཏོག་ཚོམ་བུ་བཅུ་དགོད། གཏོར་མ་གཉིས་དང་མཆོད་པ་བཤམས་ཏེ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་དབུས་ཀྱི་མེ་ཏོག་གི་ཚོམ་བུ་རྣམས། དཀྱིལ་འཁོར་ཡོངས་སུ་རྫོགས་པར་ལྷག་པར་དམིགས་ལ། ཡེ་ཤེས་པ་དང་གཉིས་སུ་མེད་པར་བྱས་ནས། བྱིན་གྱིས་བརླབས་ལ་དབང་བསྐུར་ཏེ། མཆོད་པ་དང་གཏོར་མས་མཉེས་པར་བྱས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། སྤོས་དང་བཅས་པའི་རྡོ་རྗེ་དང་དྲིལ་བུ་འཛིན་པས་འདི་སྐད་ཅེས། དགོངས་ཤིག་དུས་གསུམ་མགོན་པོ་རྣམས། །སངས་རྒྱས་ཐམས་ཅད་མཆོད་པ་དང༌། །སློབ་མ་རྣམས་ལ་ཕན་དོན་དུ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དཔལ་ལྡན་རྡོ་རྗེ་འཛིན་པ་ཡི། །དཀྱིལ་འཁོར་དམ་པ་བྲི་བར་བགྱི། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་ནས། ཕྱི་རོལ་གྱི་ཚོམ་བུ་བཅུ་པོ་ཕྱོགས་སྐྱོང་བཅུར་དམིགས་ཏེ། སོ་སོའི་མིང་གི་མཐར། ཨཱ་ཀརྵ་ཡ་ཛཿཞེས་པའི་སྔགས་དང༌། ཏིང་ངེ་འཛིན་དང༌། ཕྱག་རྒྱས་རང་བཞིན་དུ་གནས་པ་དང་གཉིས་སུ་མེད་པར་བྱས་ལ། བྱིན་གྱིས་བརླབས་པའི་གཏོར་མ་བསྟབས་པར་བསམ་ཞིང༌། ཨོཾ་ཨིནྡྲཱ་ཡ་སྭཱ་ཧཱ། ཨོཾ་ཡ་མཱ་ཡ་སྭཱ་ཧཱ། ཨོཾ་བ་རུ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཨོཾ་ཨགྣཱ་ཡ་སྭཱ་ཧཱ། ཨོཾ་ནཻར་རྀ་ཏྱ་རཱཀྵ་ས་ཨ་དྷི་པ་ཏཱ་ཡ་སྭཱ་ཧཱ། ཨོཾ་བཱ་ཡ་བེ་སྭཱ་ཧཱ། ཨོཾ་ཨཱི་ཤ་ནཱ་ཡ་སྭཱ་ཧཱ། ཙནྡྲཱ་ཡཱ་དི་ཏྱཻ་སྭཱ་ཧཱ། ཨོཾ་པྲྀ་ཐྭཱི་དེ་ཝྱཻ་སྭཱ་ཧཱ། ཞེས་པ་ཨ་ཀཱ་རོ་དང་བཅས་པ་ལན་གསུམ་གྱིས་དབུལ་ལོ། །སླར་ཡང་མཆོད་ནས། ཁམས་གསུམ་བཞུགས་པའི་ལྷ་དང་ཀླུ། །གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གང་དག་རྫུ་འཕྲུལ་ཆེར་ལྡན་རྣམས། །རྡོ་རྗེ་སྤྱན་དང་སྙན་མངའ་དང༌། །ས་ལ་གནས་པའི་འབྱུང་པོ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སངས་རྒྱས་རྣམས་ལ་མཆོད་པ་དང༌། །སེམས་ཅན་རྣམས་ལ་ཕན་དོན་དུ། །ས་ཕྱོགས་དགེ་གནས་འདི་ཉིད་དུ། །དམ་པའི་དཀྱིལ་འཁོར་ཆེན་འབྱུང་བ། །ཇི་ལྟར་བསམ་པའི་ལས་བྱེད་ན། །ཁྱེད་ཀྱིས་བར་ཆད་མ་བྱེད་པར། །དགེ་བའི་གྲོགས་པོ་ཉིད་དུ་མཛོད། །དེ་ལྟར་ཁྱེད་ལ་བདག་གིས་ནི། །བཟོད་པར་གསོལ་གྱིས་མི་བསླུ་བར། །རྨི་ལམ་ལ་སོགས་མཚན་མ་རྣམས། །ལེགས་ཉེས་ལྟས་རྣམས་བསྟན་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་ནས། མཎྜལ་དེ་ཉིད་ལ་མགོ་བསྟན་ཏེ། གཞོགས་གཡས་པ་འོག་ཏུ་བཅུག་ལ་རྣམ་པར་རྟོག་པ་གཞན་གྱིས་མ་གཡེངས་པར་གཉིད་ལོག་གོ །རྨི་ལམ་དགེ་བ་མཐོང་ན་དེ་ཉིད་དུ་བཙལ་ཞིང༌། གལ་ཏེ་མི་དགེ་བ་མཐོང་ན་གཞན་དུ་བཙལ་ལོ། །བྱ་བར་འོས་ཀྱང་བགེགས་དང་བཅས་པར་རིག་ན། ཞི་བའི་སྦྱིན་སྲེག་བྱ་བའམ། མ་གྲུབ་ན་ལས་ཐམས་ཅད་པའི་བུམ་པའི་ཆུས་བགེགས་ཞི་བར་བྱས་ནས། མཎྜལ་གྱི་ལྷ་ལ་བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་ལོ། །ས་བརྟག་པའོ།། །།དེ་ལྟར་དཀྱིལ་འཁོར་གྱི་གཞིར་འོས་པའི་ས་ཕྱོགས་དེ་བསླང་བའི་ཕྱིར། སྔོན་དུ་ཡུལ་གྱི་བདག་པོའི་མི་ལས་བསླངས་ནས། མི་མ་ཡིན་པ་ལས་བསླང་བའི་དོན་དུ། མཆོད་པ་དང་གཏོར་མ་གསུམ་བཤམས་ལ། བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས། དང་པོ་སའི་ལྷ་མོ་སྟ་གོན་གྱི་སྐབས་བཞིན་མཆོད་ཅིང༌། སའི་ལྷ་མོ་ལ་བསླང་ངོ༌། །གཉིས་པ་གོང་དུ་བསྟན་པའི་ཚུལ་གྱིས་ཕྱོགས་སྐྱོང་བ་རྣམས་ལ་བྱིན་ལ། དགེ་བའི་གྲོགས་པོ་ཉིད་དུ་མཛོད་ཅིག ཅེས་པའི་བར་གྱིས་ཕྲིན་ལས་གཞོལ་ལོ། །གསུམ་པ་ཨ་ཀཱ་རོའི་སྔགས་ཀྱིས་གཞིའི་བདག་པོ་ལ་བྱིན་ནས། རྡོ་རྗེ་སློབ་དཔོན་བདག་གིས་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་དང༌། སློབ་མ་རྣམས་རྗེས་སུ་གཟུང་བའི་དོན་དུ་གནས་འདིར་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་ཆེན་པོ་བཞེངས་ནས། དབང་བསྐུར་བའི་ལས་བརྩམ་གྱི། གནས་ཀྱི་བདག་པོ་ཐམས་ཅད་ཀྱིས་སའི་ཕྱོགས་འདི་བསམ་པ་དག་པས་བདག་ལ་སྦྱིན་པར་གྱིས་ཤིག་ཅེས་པས་བསླངས་ལ། བདག་མིང་འདི་ཞེས་བགྱི་བ་ཡིས། ཞེས་པ་ནས། དགེ་བའི་གྲོགས་པོ་ཉིད་དུ་གྱིས། ཞེས་པའི་བར་གྱིས་ལས་བཅོལ་ནས། །དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་འདྲི། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་ཚིག་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང༌། །བགེགས་རྣམས་བརླག་པར་འགྱུར་པ་གདོན་མི་ཟ། །ཞེས་པ་ལན་གསུམ་དུ་བརྗོད་པས་དྲག་པོའི་སྒོ་ནས་ཀྱང་བསླང་བར་བྱའོ། །དེ་རྣམས་ཀྱིས་ཀྱང་ཇི་ལྟར་དགའ་བར་གྱིས་ཤིག་ཅེས། སྤྲོ་བའི་ཡིད་ཀྱིས་བྱིན་པར་བསམས་ལ། གཤེགས་སུ་གསོལ་ནས་ལས་ཀྱི་རྗེས་བསྡུའོ། །ས་བསླང་བའོ།། །།དེ་ནས་དེ་ལྟར་བསླངས་པའི་ས་སྦྱང་བའི་ཕྱིར། རྡོ་རྗེ་གནོད་མཛེས་ཀྱི་ང་རྒྱལ་དང་ལྡན་པས། དཀྱིལ་འཁོར་གྱི་དབུས་སུ་ལྟོ་འཕྱེའི་ལྟོ་བའི་ཕྱོགས་ནས། ཟབས་སུ་ཁྲུ་གང་དང༌། རྒྱར་དཀྱིལ་འཁོར་གྱི་ཚད་པས་ཅུང་ཟད་ལྷག་པར་བརྐོས་ལ་གྱོ་མོ་དང༌། རྡོ་བ་དང༌། རུས་པ་དང༌། སོལ་བ་དང༌། ཐལ་བ་དང༌། སྐྲ་དང་ཕུབ་མ་ལ་སོགས་པ་ཟུག་རྔུ་རྣམས་ཕྱུང་ནས། སྨན་དང༌། འབྲུ་དང༌། རིན་པོ་ཆེ་སྣ་ཚོགས་པ་དང་བཅས་པའི་ས་བརྙན་བཟང་པོས་བཀང་ལ་འཐས་པར་བརྡུངས་ལ། དཀྱིལ་འཁོར་གྱི་སྟེགས་བུ་བརྩིག་པར་བྱ་སྟེ། ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ། །ཁྲུ་ནི་བཅུ་གཉིས་ཚད་དུ་བྱ། །ཞེས་འབྱུང་བའི་ཕྱིར་དཀྱིལ་འཁོར་གྱི་ངོས་རེ་ལ་ཁྲུ་གསུམ་གྱི་ཚད་དུ་བྱས་པས། ཁོར་ཡུག་ཏུ་ཁྲུ་བཅུ་གཉིས་ཀྱི་ཚད་དང་ལྡན་པའམ། ཡང་ན་ངོས་རེ་ལ་ཁྲུ་བཅུ་གཉིས་ཀྱི་ཚད་དང་ལྡན་པའི་དཀྱིལ་འཁོར་ལ་འོས་པའི་སྟེགས་བུ་གྲུ་བཞི་པ་ཤར་དང་བྱང་དུ་གཞོལ་ཞིང་དབུས་ཅུང་ཟད་མཐོ་ལ་མེ་ལོང་གི་ངོས་ལྟར་འཇམ་པ་བྱས་ནས། དྲི་བཟང་པོ་དང་སྦྱར་བའི་བ་བྱུང་ལྔས་ལེགས་པར་བྱུགས་ཏེ། མེ་ཏོག་སིལ་མ་བཀྲམ་པ་ནི་ས་སྦྱང་བའོ། །དེ་ནས་བྱིན་གྱིས་བརླབ་པའི་ཕྱིར་དཀྱིལ་འཁོར་གྱི་དབུས་དང་ཕྱོགས་ཐམས་ཅད་དུ་ལག་པ་བཞག་ནས། ཧཱུྃ་ཁཾ་ཧཱུྃ་ཞེས་བརྗོད་པས་རྣམ་པར་དག་པའི་ནམ་མཁར་བསམ་མོ། །དེ་ནས་ཧཱུྃ་སུཾ་ཧཱུྃ་ཞེས་པས། རིན་པོ་ཆེ་བཞིའི་རང་བཞིན་ལས་གྲུབ་པའི་རི་རབ་ཏུ་བསྒོམ་མོ། །དེ་ནས་ཧཱུྃ་ལཾ་ཧཱུྃ་ཞེས་པས་དེའི་སྟེང་དུ། གསེར་གྱི་ས་གཞི་གྲུ་བཞི་པ་རྡོ་རྗེའི་ཕྲེང་བས་བརྒྱན་པ་བསམ་མོ། །དེའི་སྟེང་དུ་རྡོ་རྗེ་ཐལ་མོ་བཅིངས་པ་ཁ་སྦུག་ཏུ་བཞག་ལ། ཨོཾ་བཛྲ་མེ་དི་ནཱི་བཛྲཱི་བྷ་ཝ་བཛྲ་བནྡྷ་ཧཱུྃ། ཞེས་པས་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བསམ་མོ། །དེ་ནས་དེར་སྦྱོར་བ་གསུམ་གྱི་ཏིང་ངེ་འཛིན་བསྒོམ་པ་ནི་བྱིན་གྱིས་བརླབ་པའོ། །དེ་ནས་གཟུང་བ་ནི། དཀྱིལ་འཁོར་གྱི་དབུས་དང༌། ཕྱོགས་བཞིར་སློབ་དཔོན་དང་ལས་ཀྱི་སློབ་མ་བཞི་སྟན་ནང་ཚངས་ཅན་ལ་འཁོད་ལ། དང་པོའི་སྦྱོར་བས་བདག་ཉིད་ཞེ་སྡང་རྡོ་རྗེ་དང༌། སློབ་མ་བཞི་པོ། དེ་བཞིན་གཤེགས་པ་བཞིར་བསྒོམས་ལ། སོ་སོའི་བཟླས་པ་ཅི་རིགས་པ་བྱས་པའི་མཐར། སློབ་མ་བཞིས་རིམ་པ་བཞིན་གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང༌། །ཡེ་ཤེས་སྤྱོད་པ་རྣམ་སྤྱོད་མཛད། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་པས། བདག་ཉིད་ཏིང་ངེ་འཛིན་ལས་ལངས་ནས། ཞེ་སྡང་རྡོ་རྗེ་ཁྲོ་བོ་ཆེན་པོར་དམིགས་པའི་མིག་གཡས་གཡོན། མ་དང་ཊ་ལས་ཉི་་མ་དང་ཟླ་བར་གྱུར་པའི་མིག་འབྲས་གཉིས་ཧཱུྃ་ལས་རྡོ་རྗེ་ནག་པོར་བསམས་ལ། གཡོན་ནས་གཡས་སུ་ལྟ་བ་དང༌། གཡས་ནས་གཡོན་དུ་ལྟ་བ་དང༌། བགེགས་རྣམས་ཚར་གཅད་པ་དང༌། རྗེས་སུ་གཟུང་བར་བྱས་ནས། ཁྲོ་བོའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ནམ་མཁའི་དབྱིངས་ཐམས་ཅད་དུ། ཁྲོ་བོའི་དཀྱིལ་འཁོར་གྱིས་ཁྱབ་པར་སྤྲུལ་ལོ། །དེ་ནས་ཀྲང་པའི་མཐིལ་གཉིས་སུ་ཨ་ལས་འོད་ཟེར་འབར་བའི་སྣ་ཚོགས་རྡོ་རྗེ་གཉིས་བསྒོམས་ནས། རྡོ་རྗེ་དང་དྲིལ་བུ་འཛིན་པས་ལངས་ལ། ཁྲོ་བོའི་འགྱིང་ཚོལ་བ་ལན་གསུམ་བྱས་ནས། རྡོ་རྗེ་སྙིང་གར་བཟུང་ཞིང་དྲིལ་བུ་གནས་བརྒྱད་དུ་དཀྲོལ་ནས་ཧཱུྃ་ཞེས་བརྗོད་དོ། །དེ་ནས་རྡོ་རྗེ་དྲིལ་བུ་དཀུར་བཟུང་ནས། ཁྲོ་བོའི་གོམ་པས་དབང་ལྡན་དུ་ཕྱིན་ཏེ། དབུས་སུ་བལྟས་ལ་རྡོ་རྗེ་སྙིང་ག་དང་དྲིལ་བུ་དཀུར་འཛིན་པ། སྙེམས་པ་དང་བཅས་པས་བགེགས་ཀྱི་ཚོགས་ལ་འདི་སྐད་ཅེས་བཀའ་བསྒོ་བར་བྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་ཐམས་ཅད་བདག་ལ་གསོན། །བདག་ནི་དཔལ་ལྡན་རྡོ་རྗེ་འཛིན། །བཀའ་ཡི་འཁོར་ལོ་རབ་སྦྱོར་གྱིས། །ལྷ་དང་ལྷ་མིན་གསང་བ་པ། །བརྗོད་བྱེད་ལ་སོགས་བགེགས་ཀྱི་ཚོགས། །ས་འདིར་མ་གནས་གཞན་དུ་དེངས། །གལ་ཏེ་དམ་ཚིག་ལས་འདས་ན། །རྡོ་རྗེ་ཁྲོ་བོ་བཞིན་འབར་བའི། །རྡོ་རྗེ་རབ་ཏུ་འབར་བ་ཡིས། །མགོ་ནི་ཚལ་པ་བརྒྱར་འགས་ཤིང༌། །ཞིག་པར་འགྱུར་བ་གདོན་མི་ཟ། །ཞེས་ལན་གསུམ་བརྗོད་པའི་མཐར། ལྷ་དང༌། ལྷ་མ་ཡིན་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། བརྗོད་བྱེད་དང༌། འབྱུང་པོ་དང༌། མཁའ་འགྲོ་དང༌། སྲུལ་པོ་དང༌། ལུས་སྲུལ་པོ་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། རིག་སྔགས་གྲུབ་པའི་རྗེས་སུ་འགྲོ་ཞིང་འཁོར་དང་བཅས་པ་གང་དག་འཁོད་པ་རྣམས་དེངས་ཤིག ས་ཕྱོགས་འདིར་སློབ་མ་ཆེ་གེ་མོ་ཞེས་བྱ་བ་མངོན་པར་བྱང་ཆུབ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་རྫོགས་པའི་རྒྱུར། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ངས་འདྲི་བས། རྡོ་རྗེ་འཛིན་པའི་བཀའ་དེ་དག་ལ་ཉོན་ལ་མྱུར་བར་སོང་ཤིག གལ་ཏེ་མི་འགྲོ་ན་ངའི་རྡོ་རྗེ་ཧཱུྃ་མཛད་འབར་བ་དང༌། ཡེ་ཤེས་ཀྱི་རྡོ་རྗེ་རབ་ཏུ་འབར་བས། མགོ་ཚལ་པ་བརྒྱར་འགས་པར་བྱེད་དོ། །ཞེས་ལན་གསུམ་དུ་བརྗོད་དོ། །དེ་ནས་ཤར་དུ་གཡས་བརྐྱང་བ་དང༌། ལྷོར་གཡོན་བརྐྱང་བ་དང༌། ནུབ་ཏུ་ས་ག་དང༌། བྱང་དུ་ཟླུམ་པོ་ལ་སོགས་པའི་རྐང་སྟབས་དང༌། མཛེས་པའི་གོམ་པ་དང༌། ཁྲོ་བོའི་གོམ་པ་ལ་སོགས་པའི་གོམ་སྟབས་དང༌། རྡོ་རྗེའི་སྐྱིལ་མོ་ཀྲུང་དང་སེམས་དཔའི་སྐྱིལ་ཀྲུང་ལ་སོགས་པའི་འདུག་སྟབས་དང༌། བྱང་ཆུབ་མཆོག་དང༌། ས་གནོན་ལ་སོགས་པའི་ཕྱག་རྒྱ་དང༌། རྡོ་རྗེ་རྩེ་གཅིག་པ་དང༌། འཁོར་ལོ་བསྐོར་བ་ལ་སོགས་པའི་ལག་པའི་སྟབས་དང༌། ཞི་བའི་བཞིན་དང༌། འཛུམ་པའི་བཞིན་ལ་སོགས་པའི་བཞིན་གྱི་འགྱུར་ཚུལ་དང༌། ཁྲོ་བོའི་ལྟ་བ་དང༌། ཟུར་གྱིས་ལྟ་བ་ལ་སོགས་པའི་མིག་གི་ལྟ་སྟངས་དང༌། དྲུག་གི་རྗེས་སུ་སྐྱེ་པ་ལ་སོགས་པ་ངག་གི་འདྲེན་པ་རྣམས་ཀྱིས། དཀྱིལ་འཁོར་གྱི་གནས་ཀུན་བྱིན་གྱིས་བརླབ་ཅིང༌། རྐང་པའི་རྗེས་ཐམས་ཅད་སྣ་ཚོགས་རྡོ་རྗེར་གྱུར་པར་བསམ་མོ། །འདི་དག་རྒྱས་པར་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་སའི་ཆོ་ག་ལ་སོགས་པ་ནས་ཤེས་པར་བྱའོ། །དེ་དག་ནི་སྟང་སྟབས་ཀྱི་བཀོད་པས་བཟུང་བའོ། །སའི་ཕྱོགས་འདིར་རྡོ་རྗེ་སློབ་དཔོན་བདག་གིས་དཀྱིལ་འཁོར་ཆེན་པོ་ངེས་པར་བཞེངས་ལ། གཞན་གྱི་དོན་བརྩམ་པར་བྱའོ་སྙམ་པ་ནི་བློས་བཟུང་བའོ། །དེ་ནས་བསྲུང་བའི་དོན་དུ་དཀྱིལ་འཁོར་གྱི་དབུས་སུ་བདག་ཉིད་ཞེ་སྡང་རྡོ་རྗེའི་ང་རྒྱལ་དང་ལྡན་པས་འདུག་ལ། སེང་ལྡེང་གི་ཕུར་པ་སོར་བརྒྱད་ཀྱི་ཚད་དང་ལྡན་པ་ལ། ཙནྡན་དམར་པོས་བྱུག་ཅིང༌། སྲད་བུ་དམར་པོ་དང༌། མེ་ཏོག་གི་ཕྲེང་བས་བརྒྱན་ལ། སྟོད་རྡོ་རྗེ་གནོད་མཛེས་ཞལ་གསུམ་ཕྱག་དྲུག་པ། ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན་དུ་བསྐྱེད་པའམ། ཡང་ན་ཕུར་བུ་རྣམས་ཁྲོ་བོ་བཅུར་བསྐྱེད་ལ་ཡེ་ཤེས་པ་དང་རོ་གཅིག་པར་བྱས་ནས། དབང་བསྐུར་ཏེ་རིགས་ཀྱི་བདག་པོས་ཅོད་པཎ་དུ་བྱས་ལ། མཆོད་པ་རྣམས་ཀྱིས་མཆོད་ནས། རང་གི་སྙིང་གའི་འོད་ཀྱིས་བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་དང་བཅས་པའི་བགེགས་ཐམས་ཅད་བཀུག་ནས། དཀར་པོའི་ཕྱོགས་ལ་དགའ་བ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་བཀོད། ནག་པོའི་ཕྱོགས་རྣམས་ཀྱི་སྤྱི་བོར་ཕུར་བུས་གདབ་པའི་ཕྱིར། རང་གི་སྙིང་ག་ནས་ཁྲོ་བོ་བཅུ་སྤྲོས་པའི་གཡོན་པས་གོང་གི་ཕུར་བུ་རྣམས་བཟུང༌། གཡས་པས་རྡོ་རྗེ་ཐོ་བ་བཟུང་ནས་ཕྱོགས་བཅུའི་གཙོ་བོ་རྣམས་དང་བཅས་པའི་བགེགས་ཐམས་ཅད་ཀྱི་སྤྱི་བོར་ཕུར་བུས་གདབ། རྡོ་རྗེ་ཐོ་བས་བརྡུང་བར་བསམ་ཞིང་ཁྲོ་བོ་སོ་སོའི་སྔགས་དང་སྦྱར་བའི། ཨོཾ་གྷ་གྷ་གྷཱ་ཏ་ཡ་ལ་སོགས་པ་དང༌། བཛྲ་མུངྐ་ར་ལ་སོགས་པ་བརྗོད་པས་བགེགས་རྣམས་ཀྱི་ལུས་བསྲེགས་ནས་སྡིག་པ་སྦྱང་བར་བསམ་ཞིང༌། དངོས་སུ་དཀྱིལ་འཁོར་གྱི་ཕྱོགས་བཅུར་ཕུར་བུ་རྣམས་གདབ། དེའང་སྟེང་གི་ཤར་དང༌། འོག་གི་ནུབ་ཀྱི་ཐད་སོར་གདབ་པར་བྱའོ། །དེ་ནས་སའི་ཕྱོགས་དེར་སྒྲུབ་པའི་ཐབས་བཞིན་སྲུང་བའི་འཁོར་ལོ་རྒྱས་པར་བསྒོམས་ལ། སུམྦྷའི་སྔགས་ཡང་ཡང་བཟླས་པས་བརྟན་པར་བྱ་བ་ནི་བསྲུང་བ་སྟེ། སའི་ཆོ་གའོ།། །།ས་ཡི་ལྷ་མོ་ལྷག་གནས་དང༌། །ལྷ་དང་དེ་བཞིན་བུམ་པ་དང༌། །སློབ་མ་ལྷག་པར་གནས་པ་སྟེ། །སྟ་གོན་ཆོ་ག་རྣམ་པ་བཞི། །དེ་ལ་ཐོག་མར་དཀྱིལ་འཁོར་གྱི་ཁང་པ་རྒྱན་གྱིས་ཉེ་བར་བརྒྱན་ལ། སྟེགས་བུའི་དབུས་སུ་པན་རེག་གི་ཚད་ཀྱི་མཎྜལ་གྲུ་བཞི་པ་བ་བྱུང་ལྔ་དྲི་བཟང་དང་བཅས་པས་བྱུགས་པའི་ཁོར་ཡུག་ཏུ་མཆོད་པ་རྣམས་ཀྱིས་བསྐོར་ཞིང༌། གཏོར་མ་རྣམས་དང༌། འོག་ཏུ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཀྱང་སྟ་གོན་དུ་ལེགས་པར་བྱའོ། །དེ་ནས་ཕྱི་མ་རེད་ཀྱི་ཚེ་རྡོ་རྗེ་སློབ་དཔོན་སྒྲུབ་པའི་གྲོགས་དང་བཅས་པ་སོ་སོའི་སྟན་ལ་འཁོད་ནས་བགེགས་དང༌། འབྱུང་པོ་རྣམས་ལ་སྔོན་དུ་འགྲོ་བའི་གཏོར་མ་བྱིན་ལ་བར་ཆད་མི་འབྱུང་ཞིང་ལས་སྒྲུབ་པར་བསྒོས་ནས། གཏོར་མ་དོར་ལ་མཆོད་པ་བྱིན་དབབ་ཅིང༌། རྣལ་འབྱོར་ལ་གནས་པར་གསོལ་བ་བཏབ་ནས། ཡི་གེ་བརྒྱ་པས་རྒྱུད་སྦྱངས་ལ། རྣལ་འབྱོར་ཡོངས་སུ་རྫོགས་པར་བསྒོམས་ནས་སྔགས་ཅི་རིགས་པར་བཟླའོ། །དེ་ནས་རང་གིས་བསྒོམས་པའི་དཀྱིལ་འཁོར་བསྡུས་ཏེ། གཙོ་བོ་འབའ་ཞིག་གི་ང་རྒྱལ་དང་ལྡན་པས་མཆོད་རྫས་རྣམས་བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་བསང་ཞིང༌། སྭ་བྷཱ་ཝས་སྦྱངས་ནས། ཡི་གེ་གསུམ་ལས་ལྷ་རྫས་ཀྱི་མཆོད་པ་ཕུན་སུམ་ཚོགས་པར་བསྐྱེད་ལ། སོ་སོའི་སྔགས་ཀྱི་བྱིན་གྱིས་བརླབ་བོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་དྲིའི་ཐིག་ལེ་དང་བཅས་པའི་ཚོམ་བུ། ཨོཾ་པྲི་ཐི་ཝཱི་དེ་ཝཱི་ཞེས་པས་བཀོད་ལ་ལག་པ་གཡས་པ་ས་གནོན་གྱི་ཕྱག་རྒྱས་ས་ལ་རེག་ཞིང༌། ཨོཾ་ཊཀྐི་ཧཱུྃ་ཛཿཞེས་བརྗོད་པས་སའི་ལྷ་མོ་བསྐུལ་ནས་གསེར་གྱི་མདོག་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལག་པ་གཉིས་ཀྱིས་གསེར་གྱི་བུམ་པ་འཛིན་ཅིང༌། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པ། མེ་ཏོག་ཚོམ་བུའི་དབུས་སུ་ལུས་ཕྱེད་འཐོན་ནས། བདག་ལ་མངོན་ཏུ་ཕྱོགས་པར་བསམས་ལ། མཆོད་པ་རྣམས་ཀྱིས་དངོས་སུ་མཆོད། གཏོར་མ་ཕུལ་ལ་རྡོ་རྗེ་དྲིལ་བུ་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་གསོལ་བ་བཏབ་པས། རིག་པ་འཛིན་པ་ཅི་བདེ་བར་སྤྱོད་ཅིག་ཅེས་གནང་བ་བྱིན་ནས་སླར་ཡང་མཆོད་དེ། གཤེགས་སུ་གསོལ་བས་དེ་ཉིད་དུ་ཐིམ་པར་བསམ་མོ། །དེ་ནས་ལྷ་སྟ་གོན་དུ་གནས་པར་བྱ་བའི་ཕྱིར། མེ་ཏོག་དམན་མ་རྣམས་བསྡུས་ལ། བ་ལས་བྱུང་བ་ལྔས་གཡས་སྐོར་དུ་ཁྱེ་མ་མེད་པར་བྱུག་ཅིང༌། ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས་རྡོ་རྗེའི་ས་གཞིར་བསྒོམས་ནས། དེར་ས་བོན་ལས་བསྐྱེད་པའམ། སྐད་ཅིག་གིས་སྲུང་བའི་འཁོར་ལོ་དང་བཅས་པའི་གཞལ་ཡས་ཁང་ཡོངས་སུ་རྫོགས་པར་བསྐྱེད་ལ། ལྷའི་གནས་རྣམས་སུ་དྲིའི་ཐིག་ལེ་རེའི་སྟེང་དུ། མེ་ཏོག་གི་ཚོམ་བུ་རེ་བཀོད་ནས། རང་ཉིད་ཞེ་སྡང་རྡོ་རྗེ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས་ནས་སྐུའི་དབྱིབས་བརྒྱུད་དེ་ཡུམ་གྱི་མཁར་བབས་པ་ལྷ་སུམ་ཅུ་སོ་གཉིས་སུ་གྱུར་པ་རྣམས་བཛྲ་དྷྲྀཀ་ལ་སོགས་པའི་འབྱིན་སྔགས་ཀྱིས་ཕྱུང་ནས། ཚོམ་བུ་སོ་སོ་ལ་བཀོད་པ་རྣམས་ཡོངས་སུ་རྫོགས་པར་གསལ་བཏབ་ནས། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། སེམས་དཔའ་སུམ་བརྩེགས་སུ་གསལ་བར་དམིགས་ནས་ཡེ་ཤེས་སེམས་དཔའ་དང་རོ་གཅིག་པར་བྱས་ལ། དབང་བསྐུར་ནས་སོ་སོའི་རིགས་ཀྱི་བདག་པོའི་རྒྱས་གདབ་བོ། །དེ་ནས་ཕྱི་ནང་གསང་བ་ཡིད་ལས་བྱུང་བའི་མཆོད་པས་མཆོད་ཅིང༌། བསྟོད་པ་རྣམས་ཀྱིས་བསྟོད་ལ། སྙན་གསན་དབབ་པའི་ཕྱིར། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བདུག་སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། བཅོམ་ལྡན་རྡོ་རྗེ་འཛིན་པ་མཆོག །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱི། །དཀྱིལ་འཁོར་བདག་ནི་འདྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནས་གནང་བར་མཛད་པའི་རིགས། །སངས་རྒྱས་འགྲོ་དོན་མཛད་བརྩོན་དང༌། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གང་གཞན་གསང་སྔགས་ལྷ་རྣམས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །གང་སུ་རྡོ་རྗེའི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་འཛིན་གྱི་དཀྱིལ་འཁོར་ནི། །ཡོ་བྱད་ཇི་ལྟར་འབྱོར་པ་ཡིས། །འགྲོ་བ་དག་ཕྱིར་བདག་འདྲི་ན། །དེང་བདག་སློབ་མར་བཅས་པ་ལ། །ཐུགས་བརྩེ་བར་ནི་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་པས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་མགྲིན་གཅིག་ཏུ། རྡོ་རྗེ་འཛིན་པ་ཁྱོད་ཀྱིས་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག ཅེས་གནང་བ་བྱིན་པར་བསམ་མོ། །དེ་ནས་ལྷ་དང་འབྱུང་པོ་གཏོར་མས་མཉེས་པར་བྱས་ལ། བུམ་པ་སྟ་གོན་དུ་གནས་པའི་ཆོ་ག་བྱ་སྟེ། རིན་པོ་ཆེ་ལ་སོགས་པའི་རྒྱུ་ལས་བྱུང་བའི་བུམ་པ། ལྟོ་བའི་རྒྱར་མཐོ་ལྔ་ལ་མགྲིན་པའི་དཔང་དུ་སོར་བརྒྱད་པ། ཁ་ཁྱེར་དང་མཆུ་སོར་གཉིས་འཕྱང་བ། རྩ་བ་ཟླུམ་ཞིང་ཁ་དོག་ནག་པོ་དང་བྲལ་བའི་བུམ་པ་ལྷའི་གྲངས་དང་མཉམ་པའམ། མ་འབྱོར་ན་ལས་ཐམས་ཅད་པའི་བུམ་པ་དང་གཉིས་ལ། མགུལ་ཆིངས་གཙང་མ་པྲོག་ལྔའམ་བདུན་དང་ལྡན་པ་དཀྲིས་ཤིང༌། མེ་ཏོག་དང་འབྲས་བུས་སྤུད་པའི་རྩེ་མོ་མ་ཉམས་པའི་ཤིང་གི་ཡལ་གས་ཁ་བརྒྱན་ལ། གསེར་དངུལ་མུ་ཏིག་བྱི་རུ་མུ་མེན་ཏེ་རིན་ཆེན་ལྔ་དང༌། ནས་འབྲས་སྲན་མ་གྲོ་ཏིལ་ཏེ་འབྲུ་ལྔ། སིང་ཧྱཿབྱ་གྲི་ཧ་ས་ཧ་ས་དེ་ཝ་ཀརྞི་ཀ་སྟེ་སྨན་ལྔ། ག་པུར་གུར་གུམ་ཙནྡན་དཀར་དམར་ཛཱ་ཏི་སྟེ་དྲི་ལྔ། འོ་མ་ཞོ་མར་ལན་ཚྭ་བུ་རམ་སྟེ་སྙིང་པོ་ལྔ། ཤ་ལྔ་བདུད་རྩི་ལྔ་སྟེ། གསང་བའི་རྫས་རྣམས་དང་བཅས་པ། ལུ་མ་དང༌། འབབ་ཆུ་དང༌། ཁྲོན་པ་ལས་བྱུང་བའི་ཆུས་གང་བར་བྱས་ལ། ལྷ་སོ་སོའི་མཚན་མ་རྣམས་གདགས་ཤིང༌། རྣམ་རྒྱལ་གྱི་བུམ་པ་ལ་དུང་ཆོས་དྲིའི་ཆུས་ཡོངས་སུ་གང་བའི་སྟེང་དུ། རྡོ་རྗེ་ལ་གཟུངས་ཐག་བཏགས་པ་གཞག་གོ །དེ་ནས་བུམ་པ་རྣམས་བསང་ཞིང་སྦྱངས་ནས་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ། བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་བྱུང་བའི་བུམ་པ་རྣམས་སུ་བསྐྱེད་ནས། ལྷ་གྲངས་དང་མཉམ་པའི་བུམ་པ་ལ་ནི། རེ་རེའི་ནང་དུ་ལྷ་རེ་རེ་བསྐྱེད་ལ། རྣམ་རྒྱལ་གྱི་བུམ་པ་འབའ་ཞིག་ལས་མེད་ན། དེའི་ནང་དུ་དཀྱིལ་འཁོར་གྱི་ལྷ་རྫོགས་པར་བསྐྱེད་དོ། །དེ་ནས་གཞལ་ཡས་ཁང་གི་དོད་བུམ་པ་ཉིད་ཡིན་ལ། ལྷ་རྣམས་ནི་ལྷག་པར་མོས་པ་ཙམ་མམ། ཡང་ན་དཀྱིལ་འཁོར་ཆོ་ག་ཉི་ཤུ་པ་ལས་འབྱུང་བ་ལྟར་སོ་སོའི་ས་བོན་ལས་བསྐྱེད་དོ། །ལས་ཐམས་ཅད་པའི་བུམ་པར་ནི་བགེགས་མཐར་བྱེད་བསྐྱེད་དེ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། ཡེ་ཤེས་པ་བཅུག་ལ་དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་བཏབ་པ་ལ། ཕྱི་དང་གསང་བ་ཡིད་ལས་བྱུང་བས་མཆོད་དེ། གཏོར་མས་ཀྱང་མཉེས་པར་བྱས་ནས། དུང་ཆོས་ཀྱི་ནང་དུ་ལྷ་རྣམས་ཀྱི་གཟུགས་བརྙན་གསལ་བར་དམིགས་ལ། རང་གི་སྙིང་ག་ནས་སྔགས་འཕྲོས་པ་གཟུངས་ཐག་ལ་བརྟེན་ནས་སོང་བས་ལྷ་རྣམས་ཀྱི་ཐུགས་ཀར་ཕོག་སྟེ། རྒྱུད་བསྐུལ་ནས་སྐུ་ཐམས་ཅད་ལས་བདུད་རྩིའི་རྒྱུན་ཟག་པས་བུམ་པ་གང་བར་བསམ་ཞིང༌། དཀྱིལ་འཁོར་གྱི་ལྷ་སོ་སོའི་སྔགས་སྒྲུབ་ཐབས་ནས་འབྱུང་བ་བཞིན་བཟླ། ལས་ཐམས་ཅད་པ་ལ། ཨོཾ་ཨ་བིགྷྣཱན་ཏ་ཀྲི་ཏ་ཧཱུྃ་ཕཊ། ཅེས་པ་བཟླའོ། །སླར་ཡང་མཆོད་པ་དང་བསྟོད་པ་བྱས་ལ། དུང་ཆོས་ཀྱི་ཆུ་བུམ་པ་རྣམས་ཀྱི་ནང་དུ་བླུགས་ལ། ལྷ་ཐམས་ཅད་འོད་དུ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཆུར་བསམས་ནས། བུམ་པ་རྣམས་ཀྱི་ཆུ་ཅུང་ཟད་རེ་རྣམ་རྒྱལ་གྱི་བུམ་པར་བསྡུའོ། །དེ་ནས་དཔའ་བོ་དང༌། རྣལ་འབྱོར་མ་རྣམས་ཚོགས་ཀྱི་འཁོར་ལོས་མཉེས་པར་བྱས་ལ། ལྷག་མ་ལ་དགའ་བའི་འབྱུང་པོ་རྣམས་ལྷག་མའི་གཏོར་མས་ཚིམ་པར་བྱའོ། །དེ་ནས་སློབ་མ་ལྷག་པར་གནས་པའི་ཆོ་ག་ནི། ངེས་འབྱུང་བསམ་པ་བསྐྱེད་པ་དང༌། །གསོལ་དང་ནང་གི་དབང་བསྐུར་དང༌། །སྤྲོ་བ་བསྐྱེད་དང་སྡོམ་པ་སྦྱིན། །བསྲུང་དང་མཆོད་དང་སོ་ཤིང་དོར། །སྐྱོར་ཆུ་བླུད་དང་སྲུང་སྐུད་བཅིང༌། །སྡིག་པ་སྦྱང་དང་ཀུ་ཤ་སྦྱིན། །ཆོས་བཤད་རྨི་ལམ་ཡོངས་བརྟག་པ། །བཅུ་བཞི་སློབ་མའི་སྟ་གོན་ནོ། །དེ་ལ་ཐོག་མར་གོང་དུ་རྗེས་སུ་བཟུང་བའི་སློབ་མ་རྣམས་ཁྲུས་བྱས་ཤིང༌། གོས་གཙང་མ་བགོས་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་གྲལ་ལ་འཁོད་པ་རྣམས་ལ། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་བསྐྱེད་པའི་ཕྱིར། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་གཞུག་བྱ་སྟེ། །བསོད་ནམས་འདོད་པས་འདི་ལས་གཞན། །གཞན་དག་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོར་ལྡན་བྱས་ཏེ། །འཇིག་རྟེན་ཕ་རོལ་དོན་གཉེར་ན། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་འདོད་མི་བྱ། །གལ་ཏེ་འདི་ལ་དམིགས་གྱུར་ན། །འཇིག་རྟེན་ཕ་རོལ་འབྱུང་མ་ཡིན། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །མི་ལ་འདི་འབྲས་མ་ལུས་འགྲུབ། །ཅེས་བརྗོད་ནས་དོན་ཡང་བཤད་དོ། །དེ་ལྟར་མྱང་ངན་ལས་འདས་པའི་བསམ་པ་བརྟན་པོས་ཀུན་ནས་བསླངས་ནས། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། དེ་ལས་དབང་བླང་བའི་ཕྱིར་མཎྜལ་ཕུལ་ནས། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ནི་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཞེས་ལན་གསུམ་དུ་གསོལ་བ་འདེབས་སུ་གཞུག་གོ །དེ་ལྟར་གསོལ་བ་འདེབས་པའི། སློབ་མ་ལ་དབང་བསྐུར་བའི་སྣོད་དུ་རུང་བར་བྱ་བའི་ཕྱིར། རང་ཞེ་སྡང་རྡོ་རྗེ་ཡབ་ཡུམ་གསལ་བར་དམིགས་ལ། མཁའ་གསང་བྱིན་གྱིས་བརླབས་ཏེ། སྙོམས་པར་ཞུགས་པ་ལས་བྱུང་བའི་སྒྲས། སློབ་མ་རྣམས་བཀུག་ནས་ཞལ་དུ་ཞུགས་ཏེ། སྙིང་གར་འོད་དུ་ཞུ་ནས། རྡོ་རྗེའི་ལམ་ནས་བབས་པ་རྣམས་མི་བསྐྱོད་རྡོ་རྗེ་ཡབ་ཡུམ་དུ་བསྐྱེད་ལ། སླར་ཡང་སྙིང་གའི་འོད་ཀྱིས་དེ་བཞིན་གཤེགས་པ་སྤྱན་དྲངས། ཞལ་དུ་ཞུགས། ཐུགས་ཀར་ཞུ་བ་བྱང་ཆུབ་ཀྱི་སེམས་སུ་གྱུར་པ་རྡོ་རྗེའི་ལམ་ནས་བརྒྱུད་དེ། ཧེ་རུ་ཀ་རྣམས་ཀྱི་སྤྱི་བོར་ཐིམ་པས་རོ་གཅིག་ཏུ་གྱུར་ཏེ། དེ་ཉིད་ཀྱིས་དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་བཏབ་ལ། ཧཱུྃ་གིས་སྦྱོར་མཚམས་ནས་སྤྲོས་ལ་རིམ་པས་དགོད་དོ། །དེ་ལྟར་སྣོད་དུ་རུང་བར་བྱས་པའི་སློབ་མ་རྣམས་སྔགས་ཀྱི་ལམ་ལ་སྤྲོ་བར་བྱ་བའི་ཕྱིར། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །དུས་གསུམ་དུ་ནི་ལེགས་འབྱུང་བའི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་ཡེ་ཤེས་མཉམ་མེད་པ། །རྡོ་རྗེ་སྔགས་ཀྱི་སྟོབས་ཀྱིས་ཐོབ། །སྔགས་གྱི་སྦྱོར་བ་མཉམ་མེད་དེ། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེ་ཡི་བཅོམ། །ཤཱཀྱ་སེང་གེ་མཆོག་ལ་སོགས། །འཇིག་རྟེན་མཐུན་པར་གཤེགས་ནས་ཀྱང༌། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ནས་དོན་ཡང་བཤད་དོ། །དེ་ལྟར་ཡིད་སྤྲོ་བར་གྱུར་པའི་སློབ་མ་རྣམས་ལ་ལམ་གྱི་གཞི། བྱང་ཆུབ་ཀྱི་སེམས་དང་སྡོམ་པ་སྦྱིན་པའི་ཕྱིར། ཐོག་མར་རྒྱུན་བཤགས་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་སྦྱིན་པར་བྱ་སྟེ། དོན་དྲན་བཞིན་པས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་དུ་གཞུག་གོ །དེ་ནས་གཟུང་བར་བྱ་བའི་ཕྱིར་དམ་ཚིག་དང༌། སྡོམ་པ་ཤེས་པར་བྱ་བའི་ཕྱིར། བསྒྲག་པར་བྱ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་བའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བསྒྲགས་སོ། །སློབ་དཔོན་དག་ཀྱང་གཟུང་བར་གྱིས། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་གྱིས། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་བྱོས། །སྲོག་ཆགས་རྣམས་ནི་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ༌། །འདོད་སྤྱོད་དག་ཀྱང་མི་བྱ་ཞིང༌། །བརྫུན་དུ་སྨྲ་བར་མི་བྱའོ། །ཉེས་པ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་བ་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤངས། །དམ་པ་ཉེ་བར་བསྟེན་བྱ་ཞིང༌། །རྣལ་འབྱོར་ཅན་ཀུན་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམས་གསུམ་དང༌། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་གྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པས་ནི་རྗེས་སུ་བསྲུང༌། །སེམས་ཅན་དོན་ལ་རྒྱབ་མི་ཕྱོགས། །ཐེག་པ་དམན་ལ་འདོད་མི་བྱ། །འཁོར་བ་དག་ཀྱང་ཡོངས་མི་སྤང༌། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །དེ་ལ་བརྙེས་པར་མི་བྱ་ཞིང༌། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་བསྒོམ་པར་མི་བྱའོ། །དེ་ལྟར་དམ་ཚིག་གསུངས་པ་དག །བློ་ལྡན་ཁྱོད་ཀྱིས་རྟག་ཏུ་སྲུངས། །ཞེས་བརྗོད་ནས་དོན་ཡང་རྒྱས་པར་བཤད་དོ། །དེ་ནས་དེ་ལྟར་བསྒྲགས་པ་རྣམས་གཟུང་ཞིང་བྱང་ཆུབ་བར་དུ་བསྐྱང་བའི་བསམ་པས། དོན་དྲན་བཞིན་པས་འདི་སྐད་ཅེས་བརྗོད་དུ་གཞུག་གོ །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བདག་གིས་གཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་རྣལ་འབྱོར་གྱི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །ཟང་ཟིང་མི་འཇིགས་དམ་ཆོས་དང༌། །བྱམས་པ་རིན་ཆེན་རིགས་མཆོག་གི །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་ནི་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་གྱིས་དམ་ཚིག་དང་སྡོམ་པ་སྦྱིན་ནོ། །དེ་ནས་བསྲུང་བའི་ཕྱིར་ལས་ཐམས་ཅད་པའི་བུམ་པའི་ཆུ་སྔགས་དང་བཅས་པས་གཏོར་ཞིང་བསངས་ནས། ལག་པ་གཡས་པ་རྡོ་རྗེ་དང་བཅས་པའི་རྡོ་རྗེ་ཁུ་ཚུར་གྱི་སྲིན་ལག་གིས་བུམ་པའི་ཆུ་བླངས་པས། དཔྲལ་བ། མགྲིན་པ། སྙིང་གར་རེག་ཅིང༌། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་རིམ་པ་བཞིན་དུ། ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་དང༌། ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ་དང༌། ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་གྱུར་ནས། སློབ་མའི་ལུས་ངག་ཡིད་གསུམ་བསྲུང་བར་བསམ་མོ། །དེ་ལྟར་སྐུ་གསུང་ཐུགས་རྡོ་རྗེ་ཕྱག་རྒྱས་བསྲུངས་པའི་སློབ་མ་རྣམས་མཆོད་པའི་གནས་སུ་གྱུར་པས་མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་བླ་མའི་མདུན་དུ་མཎྜལ་ཟླུམ་པོ་ཁྲུ་གང་གི་ཚད་དང་ལྡན་པ་ལ། བགེགས་མཐར་བྱེད་ཀྱི་སྔགས་བཟླ་ཞིང༌། བ་ལས་བྱུང་བ་དྲི་བཟང་པོ་དང་བཅས་པས་བྱུགས་པའི་དབུས་སུ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་ལ། སློབ་མས་མེ་ཏོག་ཕུལ་ནས། བླ་མའི་མདུན་དུ་ཁ་བྱང་དུ་ཕྱོགས་ཏེ་འདུག་པ་ལ། དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར་འོ་མ་ཅན་གྱི་ཤིང་གི་ཡལ་ག་ཕྲ་མོ་སོར་བཅུ་གཉིས་ཀྱི་ཚད་དང་ལྡན་པའི་རྩེ་མོ་ཏོག་གིས་བརྒྱན་པ། ཨོཾ་བཛྲ་ཧ་ས་ཧ། ཞེས་བརྗོད་ནས་བྱིན་པ། སློབ་མས་ཐལ་མོ་སྦྱར་བས་བླངས་ཏེ། སོ་བྲུད་ལ། སྡིག་པ་ཐམས་ཅད་སྐྱུགས་པར་བསམ་ཞིང༌། མཎྜལ་གྱི་དབུས་སུ་དོར་རོ། །གལ་ཏེ་མཎྜལ་གྱི་ཁོངས་སུ་མ་ལྷུང་ན། སྐལ་བ་མེད་པའི་ཕྱིར་དབང་མི་བསྐུར་ལ། དབུས་སུ་ལྷུང་ན་རྩེ་མོ་གང་དུ་ཕྱོགས་པས་དངོས་གྲུབ་ཀྱི་ལྟས་བརྟག་པར་བྱ་སྟེ། ཤར་དུ་ཕྱོགས་པས་ཞི་བ། ལྷོ་དྲག་པོ། ནུབ་ཏུ་དབང༌། བྱང་དུ་རྒྱས་པ། སྟེང་དུ་བལྟས་པས་མཁའ་སྤྱོད། འོག་ཏུ་བལྟས་པས་ས་འོག་གི་དངོས་གྲུབ། མཚམས་རྣམས་སུ་དངོས་གྲུབ་ཕྲ་མོ། བདག་ཉིད་ལ་ཕྱོགས་ཏེ་འདུག་ན་མཆོག་འགྲུབ་པར་ལུང་སྟོན་ནོ། །དེ་ནས་རྨི་ལམ་གསལ་བར་མཐོང་བའི་ཕྱིར། བྃ་ལས་བྱུང་བའི་དུང་ཆོས་ཀྱི་ཆུ་ལས། ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་སརྦ་པཱ་པཾ་ནི་ཙ་སྱ་སཾ་ཤོ་དྷ་ཡ་སརྦ་བི་ཀལྤཱ་ན་ཨ་པ་ནཱ་ཡ་ཧཱུྃ། ཞེས་པའི་སྔགས་ཀྱིས་མངོན་པར་བསྔགས་ཏེ། སློབ་མའི་ལག་པ་གཡས་པར་བྱིན་ནས། འཐུང་དུ་གཞུག་གོ །དེ་ནས་བར་ཆད་མི་འབྱུང་བའི་དོན་དུ། བུ་མོས་བཀལ་བའི་སྐུད་པ་སུམ་སྒྲིལ་ལ་རྡོ་རྗེའི་མདུད་པ་བཅིངས་པ། ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྲད་བུར་དམིགས་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས། དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྐུད་པ་སྤྱན་དྲངས་ནས་བསྟིམ་སྟེ། གཙོ་བོའི་སྔགས་ཀྱི་བྱིན་གྱིས་བརླབས་ལ། ཨོཾ་བུདྡྷ་མཱ་ཏྲཾ་རཀྵ་རཀྵ་སརྦཱ་ན་སྭཱ་ཧཱ། ཞེས་བརྗོད་ཅིང་དཔུང་པ་གཡས་པར་བཅིང་ངོ༌། །དེ་ནས་སྡིག་པ་སྦྱང་བའི་ཕྱིར། སྔར་གྱི་དུང་ཆོས་ཀྱི་ཆུ་སྲིན་ལག་གིས་བླངས་ལ། དཔྲལ་བ། མགྲིན་པ། སྙིང་གར་རེག་ཅིང༌། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་སྒོ་གསུམ་གྱི་དྲི་མ་སྦྱང་བར་བསམས་ལ། སྔར་གྱི་སྔགས་ཀྱིས་མངོན་པར་བསྔགས་པའི་ཁྱོར་ཆུ་གཉིས་པའང་འཐུང་དུ་གཞུག་གོ །དེ་ནས་རྨི་ལམ་མི་འཁྲུགས་པའི་དོན་དུ་རྩ་བ་དང་རྩེ་མོ་མ་ཉམས་པའི་ཀུ་ཤའི་ཆུན་པོ་ཆེ་ཆུང་གཉིས་ལ། ཨོཾ་བཛྲ་ཏིཀྵྞ་བཾ་ཞེས་པའི་སྔགས་ཀྱིས་མངོན་པར་བསྔགས་ལ། ཆུང་བ་གཡས་དང་ཆེ་བ་གཡོན་དུ་སྦྱིན་ནོ། །དེ་ནས་ཡིད་སྤྲོ་བ་བརྟན་ཅིང་མི་ལྡོག་པར་བྱ་བའི་ཕྱིར། ཆོས་ཟབ་མོ་བཤད་པར་བྱ་སྟེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རེའི་མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །ཟབ་ཅིང་རྒྱ་ཆེ་ཞེས་བཤད་པ། །རྣམ་པར་རྟོག་མེད་ཟབ་པ་སྟེ། །རྒྱ་ཆེ་སངས་རྒྱས་རྣམས་ཀྱི་སྐུ། །འདི་ནི་བདེན་པ་གཉིས་སུ་བཤད། །ཀུན་རྫོབ་དང་ནི་དམ་པའི་དོན། །ཕྱེ་སྟེ་སོ་སོར་ཤེས་ནས་སུ། །དེ་ནས་གཅིག་ཏུ་འདྲེས་བྱས་པའི། །ཟག་མེད་གོ་འཕང་བསྒོམ་པར་བྱ། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཐམས་ཅད་ཟད་པར་འགྱུར། །གང་གིས་སྤྱོད་པའི་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་བླ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་གཟུང་སྟེ་སྐྱེ་བཞིན་པར། །བདག་ཉིད་ཆེན་པོ་ཁྱེད་གནས་ཏེ། །གང་གིས་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་འགྱུར་པ། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་འདིར་ནི་དོང་བས་ན། །རང་འབྱུང་སྐལ་བ་ཆེན་པོ་བ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་བརྗོད་ནས་དོན་ཡང་རྒྱས་པར་བཤད་དོ། །དེ་ནས་བུ་ཀྱེ་ནང་པར་དཀྱིལ་འཁོར་དག །མཐོང་བར་འགྱུར་རོ་ཉོལ་ཅིག་དང༌། །རྨི་ལམ་མཐོང་བ་གང་ཡིན་པ། །དེ་ཀུན་དང་པོར་ང་ལ་སྨྲོས། །ཞེས་བརྗོད་ནས་ཀུ་ཤ་ཆེ་བ་སྟན་དང་ཆུང་བ་སྔས་སུ་བཅུག་ལ། རྟོག་པ་གཞན་གྱིས་མ་གཡེངས་པར་བདག་གིས་དཀྱིལ་འཁོར་ཇི་ལྟ་བུ་ཞིག་མཐོང་བར་འགྱུར་ཞིག་གུ་སྙམ་པའི་ཡིད་དང་ལྡན་པས། གཞོགས་གཡས་པ་འོག་ཏུ་བཅུག་པའི་སེང་གེའི་ཉལ་སྟབས་ཀྱིས་ཉོལ་ཅིག་ཅེས་བསྒོས་ལ་བཏང༌། དེ་ནས་ཚོམ་བུའི་དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་དེ། བཟོད་པར་གསོལ་ནས། ཨོཾ་བཛྲོ་ཏིཥྛ་ཞེས་པའི་སྔགས་དང་ཕྱག་རྒྱ་ལྡན་པས་སྟེང་གི་ནམ་མཁའ་ལ་བཏེག་ནས་སླར་ཡང༌། མཆོད་ཅིང་བསྟོད་ལ་དེ་ཉིད་དུ་བཞུགས་པར་གསོལ་བ་གདབ་བོ། །དེ་ནས་ཚོམ་བུ་རྣམས་བསྡུས་ནས་དྲི་བཟང་པོ་དང་བཅས་པའི་བ་བྱུང་གིས་བྱུགས་ལ། གཏོར་མའི་མགྲོན་གཤེགས་སུ་གསོལ་ཞིང༌། གཏོར་མ་ཉིད་ཀྱང་རོལ་མོའི་སྒྲ་དང་བཅས་པས་དོར་ལ། བདག་ཉིད་ཀྱི་གནས་གསུམ་དུ་ཡི་གེ་གསུམ་བཀོད་ནས། སུམྦྷའི་སྔགས་ཀྱིས་བསྲུངས་ལ་འོད་གསལ་གྱི་ངང་ལ་ཉལ་བར་བྱའོ། །ནང་པར་སློབ་མས་རྨི་ལམ་བཤད་པ་དེའི་ཚེ། དགེ་བའི་མཚན་མ་མཐོང་ན་སེམས་སྤྲོ་བ་བསྐྱེད་དོ། །མི་དགེ་བའི་མཚན་མ་མཐོང་ན་བགེགས་དང་བཅས་པ་ལ་ནི། བགེགས་ཀྱི་གཏོར་མ་བྱིན་ལ། གནོད་མཛེས་ཀྱི་སྔགས་དང་ཏིང་ངེ་འཛིན་དང་བུམ་པའི་ཆུས་བསྐྲད་ཅིང་བསྲུང་ངོ༌། །བགེགས་དང་བཅས་པ་མ་ཡིན་པའི་རྨི་ལམ་མི་དགེ་བ་མཐོང་ན། ཞི་བའི་སྦྱིན་སྲེག་དང༌། སངས་རྒྱས་སྤྱན་གྱི་སྔགས་དང་རྣལ་འབྱོར་ལ་སོགས་པས་ཞི་བར་བྱའོ། །ལྷག་པར་གནས་པ་སྟ་གོན་གྱི་ཆོ་གའོ། །དཀྱིལ་འཁོར་གྱི་ནི་བྱ་བ་དང༌། །བདག་ཉིད་འཇུག་ཅིང་དབང་བླང་དང༌། །སློབ་མ་གཞུག་ཅིང་དབང་བསྐུར་བ། །དངོས་གཞིའི་བྱ་བ་རྣམ་པ་གསུམ། །ཐིག་ཚོན་མཚན་མ་དགོད་པ་ཡིས། །དཀྱིལ་འཁོར་བྲི་དང་རྒྱན་དགྲམ་དང༌། །བསྒྲུབ་པ་དང་ནི་མཆོད་པ་སྟེ། །དཀྱིལ་འཁོར་བྱ་བ་རྣམ་པ་བཞི། །དེ་ལ་ཐོག་མར་ཐིག་གིས་བྲིས་པའི་ཕྱིར། ཐོ་རངས་ཀྱི་ཆ་ལ་འོད་གསལ་ཟུང་འཇུག་ཏུ་ལྷའི་སྐུར་ལངས་ནས། ལས་ཀྱི་ཐིག་གིས་ཆ་དབྱེ་བའི་ཕྱིར་ལས་ཀྱི་སློབ་མ་དང་བཅས་པ། ལྷའི་རྣལ་འབྱོར་དང་ལྡན་པས་ཐིག་སྐུད་གསར་པ་འཇུར་མདུད་མེད་ཅིང་མཛེས་ལ་ཚད་དང་ལྡན་པ་ཐིག་ཆལ་གྱིས་སྤངས་ནས། ཤར་གྱི་དབུས་དང༌། ནུབ་ཀྱི་དབུས་ནས་ཚངས་པའི་ཐིག་དང་པོ་གདབ་བོ། །དེ་ནས་དབུས་སུ་མཚན་མ་བྱས་པ་ནས། ཤར་དང་ནུབ་ཀྱི་ཚངས་པའི་ཐིག་སྟེང་དུ་ཁྲུ་རེ་དོར་བའི་གནས་སུ་མཚན་མ་རེ་བྱའོ། །དེ་ནས་ཤར་ནུབ་ཀྱི་མཚན་མ་གཉིས་དང་མཉམ་པའི་སྲད་བུ་བཟུང་ལ། ཤར་གྱི་མཚན་མ་ནས་བྱང་དུ་བསྐོར་བ་དང༌། ནུབ་ཀྱི་མཚན་མ་ནས་བྱང་དུ་བསྐོར་བས་བྱང་གི་བྱ་རོག་རྗེས་དང༌། ཤར་ནས་ལྷོ་དང་ནུབ་ནས་ལྷོར་བསྐོར་བས་ལྷོའི་བྱ་རོག་རྗེས་བཙལ་ལ། བྱ་རོག་རྗེས་གཉིས་ཀྱི་སྟེང་ནས་ཚངས་པའི་ཐིག་གཉིས་པ་གདབ་བོ། །དེ་ནས་དབུས་ནས་ངོས་བཞིར་ཁྲུ་གཉིས་ལ་སོགས་པ། ཆེ་ཆུང་ཇི་ཙམ་བྱ་བར་འདོད་པའི་ཚད་ཀྱི་མཚན་མ་བཞི་བྱས་ལ། དཀྱིལ་འཁོར་གྱི་ཕྱེད་ཚད་པས་ཅུང་ཟད་རིང་བའི་སྲད་བུ་ཤར་ལ་སོགས་པའི་མཚན་མའི་སྟེང་དུ་བཟུང་ལ། ཤར་ལྷོ་ལ་སོགས་པའི་མཚམས་བཞིར་གཡས་སྐོར་དུ་བསྐོར་བ་དང༌། བྱང་ཤར་ནས་བརྩམས་ཏེ་གཡོན་སྐོར་དུ་བསྐོར་བས། གྲྭ་བཞིའི་བྱ་རོག་གི་རྗེས་བཙལ་བའི་སྟེང་ནས་ངོས་ཀྱི་ཐིག་བཞི་དང༌། ཟུར་ཐིག་གཉིས་གདབ་བོ། །དེ་ནས་གྲྭ་བཞི་བཅད་པའི་བྱ་རོག་གི་རྗེས་ཀྱི་སྟེང་ནས་བཏབ་པས་ཆ་བཞིར་བགོ་བ་དང༌། དེ་ཡང་གྲྭ་བཞིར་བཅད་པའི་བྱ་རོག་གི་རྗེས་རྣམས་ཀྱི་སྟེང་དུ་བཏབ་པས་ཆ་བརྒྱད་དང༌། དེའི་ཡང་གྲྭ་བཞིར་བཅད་པའི་བྱ་རོག་གི་རྗེས་རྣམས་ཀྱི་སྟེང་དུ་བཏབ་པས་ཆ་ཆེན་བཅུ་དྲུག་ཏུ་རྣམ་པར་དབྱེའོ། །དེ་ནས་ཆ་ཕྲན་རྣམ་པར་དབྱེ་བ་ནི། གཅིག་དྲུག་ཕྱེད་གདབ་ཕྱི་མ་གདབ། །གཉིས་དང་བཞི་པ་ཆ་བཞིར་བགོ །ལྔ་བརྒྱད་མཐའ་གདབ་དབུས་མ་དོར། །སྒོ་དང་སྒོ་རྐང་ཆ་གཅིག་སྟེ། །སྒོ་ལོགས་སྒོ་ཁྱུད་འདོད་ཡོན་དང༌། །དྲྭ་ཕྱེད་ཆོས་འཁོར་ཆ་ཕྱེད་དོ། །པན་རག་ཕ་གུ་མདའ་ཡབ་དང༌། །མུན་ཁང་རྟ་བབས་བང་རིམ་བཞིན། །པདྨ་གདུགས་རྣམས་ཆ་ཕྲན་རེ། །འདི་དག་རྣམ་པར་བརྐྱང་བའི་ཐིག །དེ་ནས་བསྐོར་བའི་ཐིག་བྱ་བའི་ཕྱིར། དབུས་སུ་ཙནྡན་ལ་སོགས་པ་ལས་གྲུབ་པའི་ཕུར་བུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཾ་ཧཱུྃ་ཞེས་བཟླ་ཞིང་བཏབ་པ་ལ། ནང་གི་ཆ་ཆེན་གསུམ་པའི་ཆ་ཕྲན་བཞི་པ་དང༌། གསུམ་པ་ལ་རིམ་པ་གཉིས་བསྐོར་བ་ལ་རྡོ་རྗེའི་ཕྲེང་བ་དང་འོད་ཀྱི་ཕྲེང་བ་བྱའོ། །ཆ་ཆེན་གཉིས་པའི་ཆ་ཕྲན་དང་པོ་ལ། རྡོ་རྗེའི་གདུང་དུ་བྱས་པའི་དབུས་གྲུ་བཞི་གཙོ་བོའི་གནས་དང་ཆ་ཆེན་དང་པོའི་ཆ་ཕྲན་གཉིས་པ་ལ་ཕྱིའི་ཕྱོགས་བཞིར་ཀ་བ་གཉིས་གཉིས་ལས་བྱས་པའི་ཕོ་བྲང་ལེ་ཚེ་དགུ་པར་བྱའོ། །ཆ་ཆེན་བཞི་པ་ལ་ནི་ལྷ་སྣམ་མོ། །དེ་ནས་ཆ་ཆེན་བརྒྱད་པའི་མཐའ་ནས་ཆ་བྲན་གསུམ་བསྐོར་བ་མུ་ཁྱུད་ལ་ཕྱིའི་པདྨའི་ཕྲེང་བ་དང༌། དེ་ནས་ཆ་ཕྲན་ཕྱེད་དང་གསུམ་ལ་རྡོ་རྗེའི་རྭ་བ་དང༌། ཡང་ཆ་ཕྲན་ཕྱེད་དང་གསུམ་ལ་མེའི་ཕྲེང་བ་དང༌། དེ་ནས་ཆ་ཕྲན་གཉིས་ལ་དཀྱིལ་འཁོར་གྱི་ཉེ་འཁོར་གྱི་ས་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཐིག་གི་བྱིན་གྱིས་བརླབ་པའི་ཕྱིར། ཐོག་མར་ཐིག་ཚོན་བྱིན་གྱིས་བརླབ་པར་བྱ་སྟེ། རིན་པོ་ཆེའམ། འབྲས་སམ། ཇི་སྙེད་པའི་རྒྱུ་ལས་བྱུང་བའི་རྡུལ་ཚོན་ནག་པོ་ལ་ཧཱུྃ། དཀར་པོ་ལ་ཨོཾ། སེར་པོ་ལ་སྭཱ། དམར་པོ་ལ་ཨཱཿ ལྗང་གུ་ལ་ཧཱ། བྲིས་པ་རྣམས་དཀྱིལ་འཁོར་གྱི་དབུས་སུ་བཀོད་པའི་སྟེང་དུ། ཐིག་སྐུད་སྦོམ་དུ་སྒོའི་ཉི་ཤུ་ཆ། ཆུར་དཀྱིལ་འཁོར་གྱི་ཉིས་འགྱུར་གྱི་ཚད་དང་ལྡན་པ། སོ་སོའང་ལྔ་སྒྲིལ་དུ་བྱས་པ་འཇུར་མདུད་དང༌། སྦོམ་ཕྲ་དང༌། རིང་ཐུང་གི་ཉེས་པ་དང་བྲལ་བ། ཁ་དོག་ལྔར་བསྒྱུར་བ་རྣམས་རྡུལ་ཚོན་སོ་སོའི་སྟེང་དུ་གཞག་གོ །དེའི་མདུན་དུ་མཆོད་པ་དང་གཏོར་མ་བཤམས་ལ། བདག་གི་རྣལ་འབྱོར་སྔོན་དུ་སོང་བས་ཐིག་མཚོན་བསང་ཞིང་སྦྱངས་ལ། སྟོང་པའི་ངང་ལས་གདན་སོ་སོའི་སྟེང་དུ། ས་བོན་སོ་སོ་ལས་རིགས་ལྔ་ཡབ་ཡུམ་དུ་བསྐྱེད་ནས་བྱིན་གྱིས་བརླབས་ཏེ། བདག་གི་མིག་གཡས་གཡོན་ཛ་དཀར་དམར་ལས་ཉི་ཟླ་ཛས་མཚན་པར་བསྐྱེད་ལ་གྱེན་དུ་ལྟ་ཞིང་རྫི་མ་མྱུར་དུ་བརྡབས་པས། སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཚོན་དང་ཐིག་སྐུད་སྤྱན་དྲངས་ལ། གཉིས་སུ་མེད་པར་བསྟིམ་ནས། སླར་ཡང་སྟ་གོན་གྱི་ལྷ་དེ་ཉིད་ཀྱིས་དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་གདབ་ལ། ཨོཾ་ཨཱཿཧཱུྃ་ཧཱུྃ། ཨོཾ་ཨཱཿཨོཾ་ཧཱུྃ། ཨོཾ་ཨཱཿསྭཱ་ཧཱུྃ། ཨོཾ་ཨཱཿཨཱཿཧཱུྃ། ཨོཾ་ཨཱཿཧཱ་ཧཱུྃ། ཞེས་བརྗོད་ཅིང་བྱིན་གྱིས་བརླབ་བོ། །དེ་ནས་མཆོད་པ་དང་བསྟོད་པ་དང༌། གཏོར་མས་མཉེས་པར་བྱས་ནས་ཡབ་ཡུམ་སྙོམས་པར་ཞུགས་པས་རྗེས་སུ་ཆགས་པའི་མེས་ཞུ་བ་ལས་བྱུང་བའི་ཐིག་ཚོན་དུ་བསམས་ནས། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང་གཡས་པའི་མཐེབ་སྲིན་གྱིས་མཉེའོ། །དེ་ནས་རང་ཉིད་མི་བསྐྱོད་རྡོ་རྗེ་དང༌། ལས་ཀྱི་སློབ་མ་རེག་རྡོ་རྗེའམ། རྣམ་པར་སྣང་མཛད་ཀྱི་ང་རྒྱལ་དང་ལྡན་པས། དཀྱིལ་འཁོར་གྱི་ནུབ་དང་ཤར་དུ་ལངས་ལ་ཛཿཞེས་བརྗོད་ནས་བླ་མས་སློབ་མ་ལ་ཐིག་སྣ་གཏད་ཅིང་དེས་ཀྱང་ཛཿཞེས་བརྗོད་ནས་བླངས་ཏེ། མཉམ་པར་བརྐྱང་ནས་བསྒྲིལ་ཞིང་ཆོས་ཐམས་ཅད་རོ་གཅིག་པར་བསྒོམས་ལ། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱ་སྥ་ར་པ་ར་ཨ་ནུ་ག་ཏ་སརྦ་དྷརྨཱ་ཨ་ཏྱ་ནྟ་ཨ་ནུ་ག་ཏ་སརྦ་དྷརྨ། ཨ་ཏྱ་ཏ་ཨ་ནུ་པྲ་བེ་ཤ་ཡ་སརྦ་དྷརྨ་ཧཱུྃ། ཞེས་བརྗོད་དོ། །དེ་ནས་རྡོ་རྗེའི་ལྟེ་བར་དཀྲིས་ནས་ཡི་གེ་གསུམ་བརྗོད་ཅིང་དྲི་བཟང་པོ་དང་བདུད་རྩི་གཏོར་ནས། སློབ་དཔོན་ཤར་བལྟས་སློབ་མ་ནུབ། །ཚངས་ཐིག་དང་པོ་གདབ་པར་བྱ། །སློབ་དཔོན་ལྷོ་འདུག་སློབ་མ་བྱང༌། །གཉིས་པ་ཡང་ནི་གདབ་པར་བྱ། །མེ་ཡི་ཕྱོགས་སུ་གནས་པ་ཡིས། །བྱང་བལྟས་ཤར་གྱི་ཐིག་གདབ་བྱ། །རླུང་གནས་ལྷོར་བལྟས་ནུབ་ཐིག་གདབ། །དེ་ཉིད་ནས་ནི་བྱང་ངོས་གདབ། །མེར་གནས་ལྷོ་ཕྱོགས་ཐིག་བྱ་ཞིང༌། །དེ་ནས་རླུང་གི་ཕྱོགས་སུ་བྱ། །བདེན་བྲལ་གནས་པས་དབང་ལྡན་བར། །རིམ་པ་ཇི་བཞིན་གདབ་པར་བྱ། །དེའི་ཚེ། ནམ་མཁའ་གང་བའི་སངས་རྒྱས་རྣམས། །འགྲོ་དོན་མཛད་དུས་འདི་ལགས་པས། །ཁྱེད་རྣམས་འདིར་ནི་གཤེགས་གསོལ་བར། །ཐིག་སྐུད་སྒྲས་ནི་བསྐུལ་བར་བགྱི། །ཞེས་པ་དང་གོང་གི་སྔགས་ཀྱང་བརྗོད་ཅིང༌། སློབ་དཔོན་གྱི་ལག་པ་གཡས་པའི་མཐེབ་སྲིན་གྱིས་ཐིག་གདབ་བོ། །དེ་ལྟར་ཐིག་ཆེན་བརྒྱད་བཏབ་པས་གཞལ་ཡས་ཁང་གི་རྣམ་པར་གྲུབ་པར་བལྟའོ། །དེ་ནས་ཤར་ནུབ་ཏུ་བལྟས་ཏེ། རྡོ་རྗེའི་ལྟེ་བ་ལ་ཐིག་སྐུད་དཀྲིས་ཏེ། སླར་ཡང་བདུད་རྩི་གཏོར་ནས། ཨོཾ་བཛྲ་བེ་ག་ཀྲ་མ་ཧོ། །ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་ཡེ་ཤེས་ཀྱི་ཐིག་རྣམས་ནམ་མཁའ་ལ་བཏེག་ནས། རྡོ་རྗེ་དྲིལ་བུ་དཀུར་འཛིན་པས་དཀྱིལ་འཁོར་གྱི་དབུས་སུ་སོང་ལ། འགྱིང་བག་དང་བཅས་པས་ཕྱོགས་བཞིར་མིག་ཤིན་ཏུ་གདངས་པས་བལྟ་ཞིང་ཧི་ཞེས་བརྗོད་པས་སྒོ་བཞི་བྱེ་བར་བསམས་མོ། །དེ་ནས་ཚོན་གྱིས་བྲི་བའི་ཕྱིར་སློབ་དཔོན་དབུས་ནས་ཤར་དུ་བལྟས་ཏེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུྃ། ཞེས་པས་རྡུལ་ཚོན་རྣམས་མངོན་པར་བསྔགས་ལ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་དབང་ལྡན་གྱི་རྩིག་པ་ནང་ནས་རིམ་པ་བཞིན། ནག་པོ། ལྗང་གུ། དམར་པོ། སེར་པོ། དཀར་པོ་རྣམས་སྒོ་ལོགས་ཀྱི་རིང་ཐུང་དང་མཉམ་པ། སྦོམ་ཕྲ་དང༌། འདྲེས་པ་དང༌། བར་ཆད་པ་ལ་སོགས་པའི་ཉེས་པ་དང་བྲལ་བས་གཡས་སྐོར་དུ་བྲི་ཞིང༌། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་རྣམས་ནི་རྣམ་གྲོལ་བྱེད། །རྡོ་རྗེ་འཛིན་པ་རྒྱལ་ཆེན་གྱི། །དཀྱིལ་འཁོར་ཆེན་པོ་བྲི་བར་བྱ། །ཞེས་བརྗོད་དོ། །དེ་ནས་ཧཱུྃ་ཞེས་བརྗོད་པས། དབུས་ཀྱི་ཕུར་བུ་ཕྱུང་ནས། རྡུལ་ཚོན་ལྔས་རྩིག་པའི་རིམ་པ་དང་མཐུན་པས་དགང་ངོ༌། །དེ་ནས་ལས་ཀྱི་སློབ་མ་རྣམས་ཀྱིས་བྲི་བར་བྱ་སྟེ། དབུས་སྔོ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། གདུང་དང་ཀ་བའི་གཞི་ནག་པོ་ལ། རྡོ་རྗེའི་གདུང་སེར་པོ། ཀ་བ་རྣམས་ཕྱོགས་ཀྱི་མདོག་ཅན། རིགས་སོ་སོའི་མཚན་མས་མཚན་པ། མུ་ཁྱུད་ཀྱི་རྡོ་རྗེ་སེར་པོ་ལ་མེའི་ཕྲེང་བ་སྣ་ཚོགས་སུ་བྲི་ཞིང༌། ལྷ་སྣམ་དམར་པོ་ལ་ནང་གི་གྲྭ་བཞིར་ཁ་རྒྱན་དང་བཅས་པའི་བུམ་པ་སེར་པོ་བརྒྱད་བྲིའོ། །ཕྱིའི་དཀྱིལ་འཁོར་ནི། འདོད་ཡོན་དམར་པོ་ཕ་གུ་སེར། །དྲྭ་བའི་གཞི་ནི་ནག་པོ་ལ། །དྲྭ་བ་དྲྭ་ཕྱེད་སྣ་ཚོགས་མདོག །མདའ་ཡབ་ཆེར་བཀྲ་པུ་ཤུ་ནི། །གསེར་གྱི་མདོག་ཏུ་བྲི་བར་བྱ། །མུན་ཁང་ཆེར་གནག་ཟླ་ཕྱེད་དཀར། །རྟ་བབས་བང་རིམ་བཞི་པོ་ནི། །མཛེས་པའི་ཚོན་གྱིས་སྤེལ་ཏེ་བྲི། །ཆོས་འཁོར་དཀར་པོ་རི་དྭགས་སེར། །གདུགས་སོགས་ཇི་ལྟར་མཛེས་པ་སྟེ། །སྣ་ཚོགས་རྡོ་རྗེ་ཕྱོགས་ཀྱི་མདོག །ཕྱི་རོལ་ཁོར་ཡུག་པདྨའི་ཕྲེང༌། །སྣ་ཚོགས་སྤེལ་བས་ཆེར་བཀྲ་ཞིང༌། །ཕྱི་རོལ་མུ་ཁྱུད་ནག་པོ་ལ། །གསེར་གྱི་རྡོ་རྗེའི་ཕྲེང་བ་བྲི། །མེ་ཡི་ཕྲེང་བ་སྣ་ཚོགས་མདོག །དེ་ནས་མཚན་མ་དགོད་པ་ནི། །དབུས་སུ་པདྨ་དང་ཉི་མ་དང་ཟླ་བའི་གདན་ལ་རྡོ་རྗེ་སྔོན་པོ་ཤར་ནས་བརྩམས་ཏེ། རེ་མིག་བཞིར། འཁོར་ལོ་དཀར་པོ། རིན་པོ་ཆེ་སེར་པོ། པདྨ་དམར་པོ། རལ་གྲི་ལྗང་གུ ནང་གི་གྲྭ་བཞིར་ཤར་ལྷོ་ནས་བརྩམས་ཏེ། མིག་འབྲས་ཀྱིས་མཚན་པའི་འཁོར་ལོ་དཀར་པོ། རྡོ་རྗེ་སྔོན་པོ། པདྨ་དམར་པོ། ཨུཏྤ་ལ་ལྗང་གུ། ལྷ་སྣམ་ནང་གི་གྲྭ་བཞིར་ཤར་ལྷོ་ནས་བརྩམས་ཏེ། མེ་ལོང་དཀར་པོ། པི་ཝང་སེར་པོ། དུང་ཆོས་དམར་པོ། ཞལ་ཟས་ཀྱི་སྣོད་ལྗང་གུ། ཕྱིའི་ལྷ་སྣམ་གྱི་ཤར་གྱི་གཡོན་དུ་འཁོར་ལོ། གཡས་སུ་ཀླུ་ཤིང་གི་མེ་ཏོག ལྷོར་རིན་པོ་ཆེ་གཉིས། ནུབ་ཏུ་པདྨ་གཉིས། བྱང་དུ་རལ་གྲི་གཉིས་བྲི་སྟེ་ཕྱོགས་ཀྱི་མདོག་ཅན་ནོ། །ཤར་ལ་སོགས་པའི་སྒོ་བཞིར། ཐོ་བ། རྡོ་རྗེ། དབྱུག་པ། པདྨ། སྣ་ཚོགས་རྡོ་རྗེ། ཤར་ལྷོ་ནས་གྲྭ་བཞིར། རལ་གྲི། ལྕགས་ཀྱུ། དབྱུག་པ། རྩེ་གསུམ། ཤར་གྱི་སྟེང་དུ་འཁོར་ལོ། ནུབ་ཀྱི་སྟེང་དུ་རྡོ་རྗེ། དེ་རྣམས་ཀྱང་ལྷོའི་དཀར་པོ། ནུབ་ཀྱི་དམར་པོ། གཞན་རྣམས་ནི་སྔོན་པོར་བྲིའོ། །ཁྲོ་བོ་བཅུའི་གདན་ནི་ཉི་མ་ཡིན་ལ། གཞན་རྣམས་ནི་ཟླ་བའི་གདན་ཡིན་ཞིང༌། ཕྱག་མཚན་རྣམས་སོ་སོའི་སྔགས་བརྗོད་ཅིང་དགོད་པར་བྱའོ། །དེ་ནས་རྒྱན་དགྲམ་པ་ནི། དཀྱིལ་འཁོར་གྱི་ཁོར་ཡུག་ཐམས་ཅད་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་རྫས་ཐམས་ཅད་ཀྱིས་གཡས་སྐོར་དུ་བསྐོར་ཞིང་གཞན་ཡང་བླ་བྲེ་དང༌། ལྡ་ལྡི་དང༌། དར་གྱི་ཆུན་འཕྱང་དང༌། མེ་ཏོག་གི་ཕྲེང་བ་དང༌། ཚོན་སྣ་ལྔའི་དྲྭ་བ་དང༌། འཕན་དང་རྒྱལ་མཚན་ལ་སོགས་པ་མཛེས་ཤིང་མཆོད་པར་འོས་པའི་རྒྱན་རྣམས་ཀྱིས་བརྒྱན་པར་བྱའོ། །ལྷ་དང་འབྱུང་པོའི་གཏོར་མ་རྣམས་ཀྱང་བཤམ་ཞིང༌། འོག་ཏུ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཀྱང་འཚོག་ཆས་བྱའོ། །དེ་ནས་བསྒྲུབ་པའི་ཕྱིར། ཕྱི་མ་རེད་ཀྱི་དུས་སུ་སྒྲུབ་པའི་གྲོགས་དང་བཅས་པ་སོ་སོའི་གདན་ལ་འཁོད་པ་ནས་བརྩམས་ཏེ། མཆོད་པ་བྱིན་གྱིས་བརླབ་པ་སྟ་གོན་གྱི་སྐབས་ལྟར་བྱས་ནས། རང་གིས་བསྒོམས་པའི་དཀྱིལ་འཁོར་བསྡུས་ལ། གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དང་ལྡན་པས་ཁྲུས་དང་གཙང་སྦྲ་སྔོན་དུ་སོང་ནས། ལུས་ལ་དྲི་བཟང་པོས་བསྒོས་ཤིང་རྒྱན་གྱིས་བརྒྱན་ལ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སྟན་ནང་ཚངས་ཅན་ལ་འཁོད་དེ་སུམྦྷའི་སྔགས་ཀྱིས། རྡུལ་ཚོན་གྱི་བགེགས་སྦྱང་བར་བྱའོ། །སློབ་དཔོན་གྱིས་མཚན་མ་དགོད་པའི་སྔོན་དུ་གསུངས་ཀྱང་འདི་ཉིད་དུ་བྱ་བར་རིགས་སོ། །དེ་ནས་སྭ་བྷཱ་ཝས་སྦྱངས་ནས་སྟོང་པའི་ངང་ལས་གཞལ་ཡས་ཁང་གདན་དང་བཅས་པ། སྒྲུབ་ཐབས་བཞིན་ཡོངས་སུ་རྫོགས་པར་བསྐྱེད་དོ། །ལྷ་རྣམས་ཀྱང་ལྷག་པར་མོས་པ་ཙམ་གྱིས་བསྐྱེད་ལ། བདག་ཉིད་གཙོ་བོ་ཡབ་ཡུམ་གྱི་མཁའ་གསང་དང་གནས་ལྔ་བྱིན་གྱིས་བརླབས་ནས། སྙོམས་པར་ཞུགས་པའི་བདེ་བའི་སྒྲས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཞལ་དུ་ཞུགས་ནས། ཐུགས་ཀར་འོད་དུ་ཞུ་ཞིང༌། ཡུམ་གྱི་བྷ་གར་བབས་པ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རྫོགས་པར་གྱུར་པར་དམིགས་ནས། འབྱིན་སྔགས་རྣམས་ཀྱིས་རིམ་པ་བཞིན་དུ་ཕྱུང་བ་དཔག་ཏུ་མེད་པར་གྱུར་ནས། ཞིང་ཁམས་ཀུན་ཏུ་འཕྲོས་པས་རང་གི་རིགས་དང་མཐུན་པའི་སེམས་ཅན་གྱི་དོན་བྱས་ཚུར་འདུས་པས། དཀྱིལ་འཁོར་གྱི་ལྷ་སོ་སོ་ལ་ཐིམ་པར་བསམ་མོ། །རྟེན་གྱི་དཀྱིལ་འཁོར་ཡང་ཕྱུང་སྟེ་སྤྲོས་པས། ཞིང་ཡོངས་སུ་དག་པར་བྱས་ནས། ཚུར་འདུས་ཏེ་རྟེན་གྱི་དཀྱིལ་འཁོར་ལ་ཐིམ་པར་བསམ་མོ། །དེ་ནས་གཙོ་བོ་ཡབ་ཡུམ་གྱི་སྐུའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ས་བོན་གསལ་གདབ་ཅིང༌། དཀྱིལ་འཁོར་པ་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་སྐྱེ་མཆེད་བྱིན་གྱིས་བརླབས་ནས། ཐམས་ཅད་ཀྱང་སེམས་དཔའ་སུམ་བརྩེགས་སུ་བལྟའོ། །དེ་ནས་བགེགས་མཐར་བྱེད་ཀྱི་སྔགས་དང་ཏིང་ངེ་འཛིན་གྱིས་བགེགས་བསྐྲད་ཅིང་སྲུང་བའི་འཁོར་ལོ་ཁ་ཕྱེ་ལ་སྟ་གོན་གྱི་ལྷ་ལ་མཆོད་ཅིང་བསྟོད་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བྱའོ། །སླར་ཡང་ཏིང་ངེ་འཛིན་སེམས་དཔའ་འོད་ཀྱི་སྣང་བས་རང་བཞིན་གྱི་གནས་ནས་དཀྱིལ་འཁོར་གྱི་འཁོར་ལོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ནམ་མཁའི་གཏོས་ཁྱབ་པས་བསྐོར་བ་སྤྱན་དྲངས་པར་བསམ་ཞིང༌། རྡོ་རྗེ་དྲིལ་བུ་འཛིན་པས། མ་ལུས་འགྲོ་བའི་རང་བཞིན་མངོན་དུ་མཛད། །མི་བཟད་བདུད་ཀྱི་དཔུང་གིས་ཕྱག་བྱས་ཤིང༌། །རང་བྱུང་མཐའ་ཡས་འགྲོ་བའི་རང་བཞིན་ཏེ། །སེམས་ཅན་སྙིང་པོ་གཅིག་གྱུར་འདིར་གཤེགས་ཤིག །ཅེས་ལན་གསུམ་བརྗོད་པའི་མཐར། ཨོཾ་བཛྲ་ས་མཱ་ཛཿཛ་ཛ། ཞེས་བརྗོད་པས་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་པ། མཆོད་པ་དང་བསྟོད་པས་མཉེས་པར་བྱས་ནས། སྒོ་བ་བཞིའི་སྔགས་དང༌། ཏིང་ངེ་འཛིན་དང༌། ཕྱག་རྒྱས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱ་བས་གཉིས་སུ་མེད་པར་བྱས་ལ། སླར་ཡང་དབང་བསྐུར་གྱི་ལྷ་སྤྱན་དྲངས་པ་ལ་མཆོད་ཅིང་བསྟོད་དེ། གསོལ་བ་བཏབ་པས་དབང་བསྐུར་ནས། རིགས་ཀྱི་བདག་པོའི་རྒྱས་བཏབ་པ་ལ། དབང་གི་ལྷ་དང་ཡང་རོ་གཅིག་པར་བྱས་ནས། སྲུང་བའི་འཁོར་ལོ་བསྡམས་ལ། ལྷ་སོ་སོའི་མཚན་སྔགས་སྔོན་དུ་འགྲོ་བའི་ཡི་གེ་བརྒྱ་པ་བརྗོད་པས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་མཆོད་པ་ནི་མཆོད་ཡོན་ལ་སོགས་པ་ཕྱི་དང༌། ནང་བདུད་རྩི་དང༌། རྗེས་སུ་ཆགས་པ་གསང་བ་དང༌། སྤྲུལ་པ་ཡིད་ལས་བྱུང་བ་དང༌། བསྟོད་པ་དང༌། ལྷ་དང༌། ཆོས་སྐྱོང་དང༌། ཕྱོགས་སྐྱོང་དང༌། འབྱུང་པོ་དང༌། མཁའ་འགྲོ་རྣམས་ལ་གཏོར་མའི་མཆོད་པས་མཉེས་པར་བྱས་ནས། དཀྱིལ་འཁོར་བལྟ་བར་མི་དབང་བའི་འབྱུང་པོ་རྣམས་ལ། དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་གཏོར་མ་རྒྱ་ཆེར་བཤམས་ལ། བྱིན་གྱིས་བརླབས་ནས། འབྱུང་པོའི་ཚོགས་རྣམས་ཉེ་བར་བཀུག་ལ། ཨོཾ་ད་ཤ་དི་ཀ་བྱ་བ་སྠི་ཏེ་བྷྱཿ ཨི་ཧ་སྠཱ་ན། ཨ་བ་སྠི་ཏེ་བྷྱཿ སརྦ་དེ་ཝ། ནཱ་ག ཡཀྵ གནྡྷ་རྦ། ཨ་སུ་ར། ག་རུ་ར། ཀིནྣ་ར། མ་ཧོ་ར་ག བྷཱུ་ཏ། པྲེ་ཏ། པི་ཤཱ་ཙི། ཀུམྦྷཎྜ། ཨུམྨཱ་ད། ཨ་པ་སྨཱ་ར། ཨོ་སྟ་ར་གཱ་དི་བྷྱོ། ཨི་མཾ་བ་ལིཾ་ནཱི་ཡ་མཱ་ནེ་གྲྀ་ཧི་ཏ་སུ་ཁ་སཽ་ས་མ་ན་སྱ་ལ་བི་ནོ། བྷ་ཝནྟུ་སྠཱ་ན་ནི། ནིར་ཨུ་པ་དྲ་བི་ན་ཀུར་ཝཱནྟུ། སརྦ་བྷཱུ་ཏ་ཨ་དྷིཥྛཱ་ནི་ན། ཨོཾ་ཨཱཿཧཱུྃ། ཨི་དཾ་ཨ་མྲྀ་ཏ་པ་ཎ་ཌཾ་བྷུ་ཀ་ཏྲཾ། མ་མ་ས་པ་རི་ཝཱ་ར་སྱ་ཤཱནྟིཾ་ཀུརྦན་ཏུ་སྭ་སྟི་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་ནས་མཆོད་དེ། ཕྲིན་ལས་བཅོལ་ནས་གཤེགས་སུ་གསོལ་ལ་འབུད་དཀྲོལ་དང་བཅས་པས། གཏོར་མ་དོར་བར་བྱའོ། །དེ་ནས་རང་ཉིད་དཀྱིལ་འཁོར་གྱི་ཁང་པར་ཞུགས་ལ། ཡི་གེ་བརྒྱ་པ་བརྗོད་ཅིང་དཀྱིལ་འཁོར་ལ་གཡས་ཕྱོགས་སུ་ལན་གསུམ་བསྐོར་བ་བྱའོ། །དཀྱིལ་འཁོར་གྱི་བྱ་བའོ། །དེ་ནས་བདག་ཉིད་འཇུག་པའི་ཕྱིར། དངོས་སམ་ཡིད་ཀྱིས་ནུབ་ཕྱོགས་སུ་སོང་ལ། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བྱས་ནས། ཤར་གྱི་སྒོ་ཕྱེ་བར་བསམས་ལ། ཨོཾ་བཛྲོ་ད་གྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ། ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་བྱང་ནས་ལྷོ་དང༌། ཤར་ནས་ནུབ་དང༌། ལྷོ་ནས་བྱང་གི་སྒོ་ཕྱེ་ལ། རང་ཉིད་ཤར་ཕྱོགས་སུ་གནས་ནས། ཕྱི་དང་ནང་གི་དཀྱིལ་འཁོར་དུ་འཇུག་པ། སྔོན་དུ་འགྲོ་བ་ཅན་གྱི་དབང་བཞི་ཡོངས་སུ་རྫོགས་པར་བླང་ངོ༌། །དེ་ནས་རང་གི་རྒྱུད་ལ་རྡོ་རྗེའི་དམ་ཚིག་བསྒྲུབ་པ་དང༌། སློབ་མ་གཞུག་པའི་ཕྱིར་བདེན་པའི་བྱིན་རླབས་བརྗོད་པར་བྱ་སྟེ། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པའང་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པ་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་བདག་བདག་མཛོད་ཅིང༌། །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང༌། །སེམས་ཅན་ཀུན་གྱི་སྙིང་ལ་ཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཅིང༌། །འདོད་ཆགས་དམ་ཚིག་མཆོག་གྱུར་པའོ། །བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱེད་ཀྱི་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། །དེ་བཞིན་ཉིད་ལས་དེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །ཅེས་ལན་གསུམ་བརྗོད་དོ། །སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླང་བའོ། །དེ་ནས་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཙ་རུའི་བཟའ་བས་ཚིམ་པར་བྱས་ནས། སློབ་མ་གཞུག་ཅིང་དབང་བསྐུར་བ་ནི། བླ་མ་ལྷ་ལ་གསོལ་གདབ་དང༌། །གདོང་གཡོགས་བཅིང་དང་ཕྲེང་བ་སྦྱིན། །གསང་དང་བྱིན་རླབས་འདོད་པ་དྲི། །བྱང་ཆུབ་སེམས་གཉིས་བསྐྱེད་པ་དང༌། །གསང་བར་གདམས་ནས་ནང་དུ་གཞུག །ཕྱི་ཡི་འཇུག་པ་རྣམ་པ་བཅུ། །དེ་ལ་ཐོག་མར་ཁ་དང་གདོང་དག་པར་བཀྲུས་པའི་སློབ་མ་རྣམས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ལམ། ཡོལ་བའི་ཕྱི་རོལ་དུ་རིམ་པ་བཞིན་དུ་འཁོད་དེ། ཕྱག་དང་མཎྜལ་སྔོན་དུ་སོང་ནས། མཱ་མ་ཀཱི་དང་རབ་སྦྱོར་བའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཞེས་པ་ལ་སོགས་པས་བླ་མ་ལ་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །བླ་མས་ཀྱང་སློབ་མ་གཞུག་པའི་དོན་དུ། རྡོ་རྗེ་དྲིལ་བུ་འཛིན་པས། འོད་གསལ་བ་ལས་ཡང་དག་བྱུང༌། །རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །གཟུགས་བརྙན་གྱི་ནི་དཔེ་ཡང་སྟེ། །དཀྱིལ་འཁོར་ཡང་ནི་དེ་དང་མཚུངས། །བདེན་པ་འདི་ཡིས་སློབ་མ་རྣམས། །ཐུགས་ཀྱི་དཀྱིལ་འཁོར་དག་ཏུ་གཞུག །འཁོར་ལོ་རྫུ་འཕྲུལ་མ་ལུས་པ། །མཐོང་ནས་སྡིག་པ་མ་ལུས་སྤོང༌། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་ཡེ་ཤེས་སྒྲུབ་བྱེད་པ། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། །དམ་ཚིག་དྲན་པས་ཞུགས་པ་ལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །ཕུན་སུམ་ཚོགས་པ་ཐམས་ཅད་སྩོལ། །ཞེས་ལན་གསུམ་གྱིས་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ་བོ། །དེ་ནས་སྔོན་ཆད་མ་རིག་པ་དང་སྲེད་པའི་དབང་དུ་གྱུར་པས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་མཚོན་པའི་ཕྱིར་དར་དམར་པོ་ལ། ཨོཾ་ཙཀྵུཿབནྡྷཾ་བ་ར་མ་ཎཱ་ཡ་ཧཱུྃ། ཨོཾ་པྲ་བེ་ཤ་བྷ་ག་ཝཱན་མ་ཧཱ་སུ་ཁ་མོཀྵ་སུ་རཾ་སརྦ་སིདྡྷི་སུ་ཁ་པྲ་ཏཾ་བ་ར་མ་སུ་ཁོཏྨ་སིདྡྷཿཛཿཧཱུྃ་བཾ་ཧོཿཔྲ་སིདྡྷྱ་སྭཱ། ཞེས་པས་མངོན་པར་བསྔགས་པས་གདོང་བཅིངས་པ། བིགྷྣཱན་ཏ་ཀྲྀ་ཏ་ཀྱི་སྔགས་བརྗོད་ཅིང༌། ལས་ཐམས་ཅད་པའི་བུམ་པའི་ཆུས་བསངས་ལ། ལྕེའི་སྟེང་དུ་བདུད་རྩི་སྦྱིན་ཞིང༌། ཡི་གེ་གསུམ་བརྗོད་པས་བྱིན་གྱིས་བརླབས་ནས། སློབ་མ་རྣམ་པར་སྣང་མཛད་དུ་ལྷག་པར་མོས་ལ། ཨ་ཁཾ་བཱི་ར་ཧཱུྃ། ཞེས་བརྗོད་ཅིང༌། མེ་ཏོག་གི་ཕྲེང་བ་གཏད་ནས་སྣོད་དུ་རུང་བ་དང༌། མི་རུང་བ་ངེས་པར་བརྟག་པའི་ཕྱིར། བུ་ཁྱོད་སུ་ཅི་ལ་དགའ་ཞེས་དྲི་ཞིང༌། དེས་ཀྱང་སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་ལན་གདབ། སླར་ཡང་དེ་ཡིས་བུ་ལ་ཅི་ཞིག་བྱ། །ཞེས་དྲིས་པའི་ལན་དུ། སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་ལན་འདེབས་སུ་གཞུག་གོ །དེ་ལྟར་སློབ་མ་ངེས་པར་སྣོད་དུ་རུང་བར་གྱུར་པའི་སེམས། ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་སུ་བྱིན་གྱིས་བརླབ་པའི་ཕྱིར། སློབ་མའི་སྙིང་གི་ནང་དུ། ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་དམིགས་པའི་སྟེང་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་མོ་ལྔ་པ། འོད་འཕྲོ་བ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་བསྒོམ་དུ་བཅུག་ལ། སྙིང་གར་སློབ་དཔོན་གྱིས་རྡོ་རྗེ་བཞག་ནས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་པས་སེམས་བསྐྱེད་ལ། སྤྱི་བོར་རྡོ་རྗེ་བཞག་ནས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང༌། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་རིགས་སུ་ཞུགས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག དད་པ་དང་མི་ལྡན་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་གསང་བར་གདམས་ནས་སྒོ་བ་བཞི་ལས་རང་དང་འདྲ་བའི་སྤྲུལ་པ་འཕྲོས་པས་སློབ་མ་རྣམས་དཀྱིལ་འཁོར་གྱི་ཁང་པའི་ནང་དུ་བཅུག་པར་བསམ་ཞིང་སྒོ་བ་བཞིའི་སྔགས་ཛཿཧཱུྃ་བཾ་ཧོཿདང་སྤེལ་བའམ། ཨ་ཁཾ་བཱི་ར་ཧཱུྃ་ཞེས་བརྗོད་ཅིང་ལས་ཀྱི་སློབ་དཔོན་གྱིས་རྡོ་རྗེ་བཟུང་བ་ལ་སློབ་མ་འཛིན་དུ་བཅུག་ནས་ནང་དུ་ཁྲིད་དེ་གཞུག་པར་བྱའོ། །ཡོལ་བའི་ཕྱི་རོལ་གྱི་ཆོ་གའོ།། །།དེ་ནས་ནང་དུ་འཇུག་པའི་ཆོ་ག་ནི། ཕྱག་འཚལ་བ་དང་སྡོམ་པ་སྦྱིན། །དམ་ལ་གཞག་དང་ཡེ་ཤེས་དབབ། །མེ་ཏོག་དོར་དང་དཀྱིལ་འཁོར་བསྟན། །ནང་དུ་འཇུག་པ་རྣམ་པ་དྲུག །དེ་ལ་ཐོག་མར་དཀྱིལ་འཁོར་གྱི་ཁང་པར་ཞུགས་པའི་སློབ་མས། དཀྱིལ་འཁོར་གྱི་གཙོ་བོ་ལ་རིགས་བཞིའི་ཕྱག་འཚལ་བར་བྱ་སྟེ། ཤར་ཕྱོགས་ནས་མི་བསྐྱོད་པའི་ང་རྒྱལ་དང་ལྡན་པས། པུས་མོ་གཉིས་ས་ལ་བཙུགས་ནས་རྡོ་རྗེ་ཐལ་མོ་སྤྱི་བོར་སྦྱར་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠ་ན་ཡ་ཨཱཏྨཱ་ནཾ་ནིརྻ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷིཥྛ་སྭ་མཱཾ། ཞེས་བརྗོད་ནས་སྤྱི་བོ་ས་ལ་གཏུགས་པའི་ཕྱག་བྱའོ། །དེ་ནས་ལྷོ་ཕྱོགས་ནས་རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དང་ལྡན་པས་ཐལ་མོ་སྙིང་གར་སྦྱར་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨཱ་ནཾ་ནིརྻ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ནས་དཔྲལ་བ་ས་ལ་གཏུགས་པའི་ཕྱག་བྱའོ། །དེ་ནས་ནུབ་ཕྱོགས་ནས་འོད་དཔག་མེད་ཀྱི་ང་རྒྱལ་དང་ལྡན་པས་ཐལ་མོ་དཔྲལ་བར་སྦྱར་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ན་ཡ་ཨཱཏྨཱ་ནཾ་ནིརྻ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་ཙཀྲ་པྲ་བརྟ་ཡ་མཱཾ། ཞེས་བརྗོད་ནས་ཁ་ས་ལ་གཏུགས་པའི་ཕྱག་བྱའོ། །དེ་ནས་བྱང་ཕྱོགས་ནས་དོན་ཡོད་གྲུབ་པའི་ང་རྒྱལ་དང་ལྡན་པས་ཐལ་མོ་སྙིང་གར་སྦྱར་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཏྨཱ་ནཾ་ནིརྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། ཞེས་བརྗོད་ནས་མགོ་ས་ལ་གཏུགས་པའི་ཕྱག་བྱའོ། །དེ་ནས་དཀྱིལ་འཁོར་གྱི་གཙོ་བོ་ལ་ཕྱོགས་ཏེ་འདུག་པ་ལ་སྟ་གོན་གྱི་སྐབས་ལྟར་རྒྱུན་བཤགས་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་དང༌། དམ་ཚིག་དང་སྡོམ་པ་རྒྱས་པར་སྦྱིན་པར་བྱ་སྟེ། སློབ་དཔོན་གྱིས་ནང་དུ་ཆུད་པར་བྱས་ནས། སྔ་མ་བཞིན་དུ་སྡོམ་པ་འཛིན་དུ་བཅུག་ལ། ཞེས་གསུངས་པའི་ཕྱིར་རོ། །ཡང་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་ལན་གསུམ་བརྗོད་པ་ཙམ་གྱིས་བྱང་ཆུབ་ཀྱི་སེམས་སྦྱིན་ནོ། །དེ་ལྟར་སྦྱིན་པའི་སྡོམ་པ་དང༌། བྱང་ཆུབ་ཀྱི་སེམས་མི་ཉམས་པར་བསྲུང་དུ་གཞུག་པའི་ཕྱིར། དམ་ལ་གཞག་པར་བྱ་སྟེ། སློབ་མ་རྣམས་ཀྱིས་རྡོ་རྗེ་བསྡམས་པ། གུང་མོ་གཉིས་མཉམ་པར་བརྐྱང་བས་མེ་ཏོག་གི་ཕྲེང་བ་བཟུང་བ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་ནས་ས་མ་ཡ་སྟྭཾ། ཞེས་བརྗོད་དུ་བཅུག་ལ། སློབ་དཔོན་གྱིས་ཀྱང་ཕྱག་རྒྱ་དེ་ཉིད་སློབ་མའི་སྤྱི་བོར་བཞག་ཅིང༌། ཨོཾ་སཏྭ་བཛྲི་ནི་ཨ་དྷི་ཏིཥྛ་སྭ་མཱཾ་ཧཱུྃ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་ངས་ཁྱོད་ལ་བསྐྱེད་པར་བྱ་སྟེ། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མ་བྱེད་ཅིག ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་བརྗོད་ནས་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པའོ། །དེ་ནས་ཕྱག་རྒྱ་དེ་ཉིད་སྙིང་གར་གཏུགས་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །ཨོཾ་བཛྲ་སཏྭ་ཧཱུྃ། གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་ནས་ཡང་ཕྱག་རྒྱ་དེ་ཉིད་ཀྱིས་སྤྱི་བོར་གཏུགས་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན། འདིས་ཁྱོད་ཀྱི་མགོ་འགེམས་པར་འགྱུར་རོ། །ཞེས་བརྗོད་པ་ནི་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པའོ། །དེ་ནས་ཐོད་པར་གནས་པའི་བདུད་རྩིའི་ཆུ་ལ། ཨོཾ་ཨཱཿཧཱུྃ་གིས་མངོན་པར་བསྔགས་པ་འཐུང་དུ་བཅུག་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་འགྲུབ་པ་ཡི། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ཨོཾ་བཛྲ་ཨུ་ད་ཀཿཞེས་པ་བརྗོད་པ་ནི་གཉིས་ཀའི་སྒོ་ནས་དམ་ལ་བཞག་པའོ། །དེ་ནས་སློབ་མའི་ལག་པ་གཡས་ནས་བཟུང་བའམ་སྤྱི་བོར་རྡོ་རྗེ་བཞག་ལ། དེང་ཕྱིན་ཆད་བུ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། ངས་འདི་བྱོས་ཤིག་ཅེས་བརྗོད་པ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པ་མ་བྱེད་ཅིག གལ་ཏེ་བྱས་ན་མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་བརྗོད་པ་ནི་རྡོ་རྗེ་སློབ་དཔོན་གྱི་བཀའ་མཉན་པའི་སྒོ་ནས་དམ་ལ་བཞག་པ་སྟེ། དམ་ལ་བཞག་པའོ། །དེ་ནས་ཡེ་ཤེས་དབབ་པའི་ཕྱིར་སློབ་མས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ལ། དཔལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་མཛོད་ཅིག ཅེས་ལན་གསུམ་དུ་བརྗོད་དུ་གཞུག་གོ །དེ་ནས་སློབ་མ་རྣམས་ཙོག་པུར་འདུག་ལ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་སྙིང་གར་འཆར་བཅུག་ལ། གཉི་གར་གྱིས་སློབ་མ་འོད་དཔག་ཏུ་མེད་པར་ལྷག་པར་དམིགས་ནས། ཡན་ལག་ཐམས་ཅད་ལ་ཨཱའི་ཡི་གེ་དམར་པོ་བཀོད་དེ། ལུས་ཀྱི་ནང་སྟོང་པར་བསྒོམས་པའི་སྙིང་གར་ལྃ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ། རྡོ་རྗེ་རྩེ་མོ་གསུམ་པས་མཚན་པ། ལྟོ་བར་བྃ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་བུམ་པས་མཚན་པ། འདོམ་དུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བས་མཚན་པ། རྐང་པའི་འོག་ཏུ་ཡྃ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་གཞུ་བདུངས་པ་ལྟ་བུ་བ་དན་གྱིས་མཚན་པ། རྐང་པའི་མཐིལ་དུ་ཛྷཻཾ་དམར་པོ་མེའི་རང་བཞིན། སྙིང་གི་ནང་དུ་ཧཱུྃ་སྔོན་པོ། མགྲིན་པར་ཨཱཿདམར་པོ། སྤྱི་བོར་ཧ་དཀར་པོ་རྣམས་དམིགས་ལ། འོག་གི་རླུང་གཡོས་པས་ཛྷཻཾ་གཉིས་པོ་མེ་སྦར་བའི་མེ་ལྕེ་འབར་བ་རྐང་པའི་ནང་ནས་སོང་སྟེ། འདོམ་གྱི་མེའི་དཀྱིལ་འཁོར་དང་འདྲེས་ནས་ཆེར་འབར་བས་ལུས་ཐམས་ཅད་ཡོངས་སུ་གང་བས། སྡིག་པ་དང་རྣམ་པར་རྟོག་པ་ཐམས་ཅད་བསྲེགས་ནས། ཆུ་དང་སའི་དཀྱིལ་འཁོར་ཡང་བསྐོལ་ཞིང་བསྲེགས་ཏེ། ཧཱུྃ་དང་ཧ་དང་ཨཱཿལས་འོད་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུད་བསྐུལ་བས་ཆར་ཆེན་པོ་ལྟར་བབས་ཏེ། རོ་གཅིག་ཏུ་གྱུར་པས། ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བསྒྱུར་བར་བསམས་ནས། སློབ་དཔོན་གྱིས། ཁྱོད་ཀྱིས་དམ་ཚིག་རྡོ་རྗེ་འདི། །རྡོ་རྗེ་སེམས་དཔའ་ཞེས་བཤད་དེ། །རྡོ་རྗེ་ཡེ་ཤེས་བླ་མེད་འདི། །དེ་རིང་ངེས་པར་འབབ་པར་འགྱུར། །ཞེས་བརྗོད་ནས་གུ་གུལ་གྱིས་བདུག་ཅིང་རོལ་མོའི་སྒྲ་དང་བཅས་པས། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཿཨཿཨཿཞེས་བརྗོད་དོ། །གལ་ཏེ་མ་ཕེབས་པའམ། ཕེབས་ཀྱང་བརྟན་པར་བྱ་བའི་ཕྱིར། ཧཱུྃ་ཨ་ཧའི་ཡི་གེ་གསུམ་རིམ་པ་བཞིན་དུ། མི་བསྐྱོད་པ། འོད་དཔག་མེད། རྣམ་པར་སྣང་མཛད་ཡབ་ཡུམ་དུ་དམིགས་ཏེ། སྙོམས་པར་ཞུགས་པའི་བདེ་བའི་སྒྲས། རིགས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་བཀུག་སྟེ། ལྷ་གསུམ་གྱི་ཞལ་དུ་ཞུགས་ནས། སྐུའི་དབྱིབས་བརྒྱུད་དེ། སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་སྔོན་པོ་དང༌། དམར་པོ་དང༌། དཀར་པོའི་རྣམ་པ་བབས་པས་ལུས་ཐམས་ཅད་ཁེངས་ནས། བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་བསམས་ནས། བདུག་པ་དང་རོལ་མོའི་སྒྲ་དང་བཅས་པས། ཨཱ་བེ་ཤ་ཡ་སྟྭཾ་བྷ་ཡ་ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུྃ་ཨ་ཧ་ཛྷཻཾ། ཞེས་དྲག་ཏུ་བརྗོད་ཅིང་དབབ་བོ། །ཕེབས་ན་འཕར་བ་དང༌། འདར་བ་ལ་སོགས་པ་སྐུའི་རྟགས་དང༌། སྨྲ་བ་དང་དགོད་པ་ལ་སོགས་པ་གསུང་གི་རྟགས་དང༌། བདེ་བ་དང་མི་རྟོག་པ་ལ་སོགས་པ་ཐུགས་ཀྱི་རྟགས་རྣམས་འབྱུང་ངོ༌། །མ་ཕེབས་ན་ལན་གསུམ་དུ་བསྐྱར་ཅིང༌། དེས་ཀྱང་མ་ཕེབས་ན་རེ་ཞིག་དོར་བར་བྱའོ། །གལ་ཏེ་གསུང་ཕེབས་ན་དེའི་ཚེ། ལྕེ་ལ་ཨ་བཀོད་ནས་དགེ་བ་དང༌། མི་དགེ་བ་སྨྲོས་ཤིག་ཅེས་བརྗོད་ན། མ་འོངས་པའི་ལེགས་ཉེས་ལུང་སྟོན་པར་འགྱུར་རོ། །དེ་ནས་སྤྱི་བོར་རྡོ་རྗེ་བཞག་སྟེ། ཏིཥྛ་བཛྲ་ཞེས་བརྗོད་པས་ཕེབས་པ་བརྟན་པར་བྱའོ། །ཡེ་ཤེས་དབབ་པའོ། །དེ་ནས་མེ་ཏོག་དོར་བར་བྱ་བའི་ཕྱིར། སློབ་མས་བླ་མ་ལ་ཕྱག་དང་མེ་ཏོག་ཕུལ་བ་སྔོན་དུ་འགྲོ་བས། རྡོ་རྗེ་སེམས་མའི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་བཟུང་ནས། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ལངས་ནས་འཁོད་པ་ལ། ལྟས་བརྟག་པའི་ཕྱིར་ནམ་མཁའི་ཁ་དོག་དྲི་སྟེ། དཀར་པོ་སྣང་བ་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང༌། ནག་པོ་མངོན་སྤྱོད། ལྗང་གུ་དང་ཁྲ་བོས་ལས་སྣ་ཚོགས་འགྲུབ་པར་ལུང་བསྟན་ལ། རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་འཛིན་པས། འདི་སྐད་ཅེས། ཡང་དག་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །བསོད་ནམས་ཇི་བཞིན་ལྷ་རྣམས་ཀྱི། །རིགས་ཀྱི་རིམ་པ་དེ་བཞིན་ཤོག །ཇི་ལྟར་འདི་ནི་འགྲུབ་འགྱུར་བའི། །གང་གི་རིགས་ཀྱི་སྣོད་གྱུར་དང༌། །ཇི་ལྟའི་བསོད་ནམས་མཐུ་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་བདེན་པའི་སྟོབས་ལན་གསུམ་བརྗོད་ལ། དཀྱིལ་འཁོར་ཆེན་པོ་འདིར་ལྷ་སུམ་ཅུ་སོ་གཉིས་བཞུགས་པ་ཐམས་ཅད་ཀྱང༌། དེ་བཞིན་གཤེགས་པ་གཅིག་གི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་ཡིན་པའི་ཕྱིར་བཟང་ངན་གྱི་རྣམ་རྟོག་མི་བྱའོ། །ཞེས་བསྒོས་ལ། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་ཝ། ཤ་ཤྭ་ཏོ་མེ་བྷ་ཝ། ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛཱ་སརྦ་སིདྡྷིཾ་མེ་པྲ་ཡཙྪ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿཨོཾ་ཨ་ཁཾ་བཱི་ར་ཧཱུྃ། པྲ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལི་ནཱ་ཐ་ཧོཿ ཞེས་བརྗོད་དོ། །དཀྱིལ་འཁོར་གྱི་དབུས་སུ་དོར་ནས། གང་ལ་ཕོག་པ་དེའི་རིགས་སུ་ཤེས་པར་བྱ་ཞིང༌། དེའི་གནས་ཀྱིས་དངོས་གྲུབ་ཀྱི་མཚན་མ་ཤེས་པར་བྱའོ། །གཙུག་ཏོར་ལ་ཕོག་པས་མཆོག་གི་དངོས་གྲུབ་དང༌། ཞལ་ལ་སྔགས་ཀྱི་དངོས་གྲུབ་དང༌། སྐུ་ལ་ཕོག་པས་གྲུབ་པ་བརྒྱད་དང༌། སྐུ་དང་ཉེ་བས་དངོས་གྲུབ་མྱུར་ཞིང༌། རིང་བས་རིང་ལ། གཉིས་ཀྱི་བར་དུ་ལྷུང་ན་གང་ཉེ་བའི་ཕྱོགས་སུ་བསྡུ་ཞིང༌། གལ་ཏེ་དེ་དག་ལ་མ་ཕོག་ན་ལན་གསུམ་གྱི་བར་དུ་བསྐྱར་རོ། །གསུམ་པ་ལའང་མ་ཕོག་ན་སྐལ་བ་མེད་པའི་ཕྱིར། ཕྱིར་བཏང་ངོ༌། །སྐལ་བ་དང་ལྡན་པ་རྣམས་ལ་མེ་ཏོག་དེ་ཉིད་ཀྱིས་དབང་བསྐུར་བར་བསམ་ཞིང༌། ལྷ་དེའི་སྔགས་སྔོན་དུ་འགྲོ་བའི་པྲ་ཏི་གྲིཧྣ་སྭ་མི་མཾ་ས་སྟྭཾ་མ་ཧཱ་བ་ལཾ། ཞེས་བརྗོད་ནས་མགོ་ལ་བཅིང་ངོ༌། །མེ་ཏོག་དོར་བའོ། །དེ་ནས་དཀྱིལ་འཁོར་བསྟན་པའི་ཕྱིར་སློབ་མའི་མིག་འབྲས་གཉིས་ཨོཾ་དུ་བསྒོམ་དུ་བཅུག་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པ་ཤྱ་ཞེས་བརྗོད་ནས་གདོང་གཡོགས་བཀྲོལ་ལ། དཀྱིལ་འཁོར་འདི་ལ་ལྟོས་ཤིག་དང༌། །ད་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཞེས་བརྗོད་ནས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རྒྱས་པར་བསྟན་པར་བྱའོ། །དཀྱིལ་འཁོར་གྱི་ཆོ་ག་དག་ལས། འདིར་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བཤད་པ་ནི། གཞུང་ཟོར་ཡང་བ་ལ་དགོངས་མོད། བཤད་པའི་སྐབས་ན་དབང་བསྐུར་བའི་རྗེས་ལ་ཡིན་ཏེ། དབང་བསྐུར་ནས་ནི་དེ་ཉིད་བསྟན། །གཞན་དུ་ན་ནི་སློབ་དཔོན་དང༌། །སློབ་མ་གཉིས་ཀ་དངོས་གྲུབ་ནི། །ཤིན་ཏུ་རིང་བར་འགྱུར་རོ་ཞེས། །རྡོ་རྗེ་སེམས་དཔའ་ཉིད་ཀྱིས་བསྟན། །ཞེས་གསུངས་པའི་ཕྱིར་རོ། །དཀྱིལ་འཁོར་བསྟན་པ་སྟེ། སློབ་མ་ཡོངས་སུ་གཞུག་པའི་ཆོ་གའོ། །དེ་ནས་དབང་བསྐུར་བ་ནི། དང་པོར་བུམ་པའི་དབང་ཡིན་ཏེ། །གཉིས་པ་གསང་བའི་དབང་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །ཆུ་དང་ཅོད་པཎ་རྡོ་རྗེ་དང༌། །དྲིལ་བུ་མིང་དང་མེ་ལོང་དང༌། །བརྟུལ་ཞུགས་རྡོ་རྗེ་སློབ་དཔོན་དང༌། །རྗེས་གནང་དང་ནི་ལུང་བསྟན་དང༌། །དེ་བཞིན་དུ་ནི་དབུགས་དབྱུང་བ། །བཅུ་གཅིག་བུམ་པའི་དབང་ཡིན་ནོ། །དེ་ལ་ཐོག་མར་དཀྱིལ་འཁོར་གྱི་ཤར་རམ་དབང་ལྡན་དུ། ཁྲུས་ཀྱི་དཀྱིལ་འཁོར་ཁྲུ་དོའི་ཚད་དང་ལྡན་པ། གྲུ་བཞི་སྒོ་བཞི་པ། དཀར་པོ་དང༌། དམར་པོ་དང༌། སྔོན་པོའི་རྩིག་པ་རིམ་པ་གསུམ་དང་ལྡན་ཞིང༌། ནང་དུ་པདྨ་འདབ་མ་བརྒྱད་པའི་ཤར་ནས་བརྩམས་ཏེ། ཕྱོགས་བཞིར། རྡོ་རྗེ། རིན་པོ་ཆེ། པདྨ། སྣ་ཚོགས་རྡོ་རྗེ་རྣམས་བྲིས་པའི་དབུས་སུ་རྣམ་རྒྱལ་གྱི་བུམ་པ་གཞག་གོ །དེ་ནས་དཀྱིལ་འཁོར་དུ་བཅུག་པའི་སློབ་མ་རྣམས་ཀྱིས་ཕྱག་དང༌། མཎྜལ་སྔོན་དུ་འགྲོ་བས། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་དུ་གསོལ་བ་འདེབས་སུ་བཅུག་ནས། མདུན་དུ་གནས་པ་ལ། དཀྱིལ་འཁོར་གྱི་ཁྲོ་བོའི་སྤྲུལ་པ་དུ་མ་འཕྲོས་པས། སློབ་མའི་བགེགས་དང་བྱུར་རྣམས་བསལ་བར་བསམ་ཞིང༌། བགེགས་མཐར་བྱེད་ཀྱི་སྔགས་དང༌། ལས་ཐམས་ཅད་པའི་བུམ་པའི་ཆུས་བསངས་ལ། བྱུར་དང་སྐལ་བ་ངན་པ་རྣམས་ཏིལ་དང་ཡུངས་ཀར་ལ་བསྟིམ་པས། གཡས་ཕྱོགས་ནས་བསྐོར་ཞིང༌། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ། བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་ན་ཡེ་སྭཱ་ཧཱ། ཞེས་བརྗོད་ལ་མེར་དོར་ནས། བགེགས་མཐར་བྱེད་ཀྱིས་མངོན་པར་བསྔགས་པའི་ཆུ། རྡོ་རྗེ་ཁུ་ཚུར་གྱིས་བླངས་པས་གཡོན་ནས་བསྐོར་ཞིང་དྲི་མ་རྣམས་བཀྲུས་པར་བསམས་ལ། ཧཱུྃ་ཌ་ཌི་ཏ་ཕཊ། ཅེས་བརྗོད་ནས་དོར་ལ་སྟ་གོན་གྱི་སྐབས་ལྟར་སྐྱོར་ཆུ་བླུད་པས། སློབ་མའི་བྱུར་དང༌། སྐལ་བ་ངན་པ་བསལ་བར་བྱའོ། །དེ་ནས་སློབ་དཔོན་དང་སློབ་མ་གཉི་གར་གྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་ལས་སྤྲུལ་པའི། དབང་གི་དཀྱིལ་འཁོར་གྱི་ལྷ་ཡོངས་སུ་རྫོགས་པ་ལ། ཕྱོགས་བཅུའི་ཞིང་ཁམས་ན་རང་བཞིན་གྱིས་བཞུགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ནམ་མཁའི་གཏོས་ཁྱབ་པས་བསྐོར་བ་མདུན་གྱི་ནམ་མཁར་སློབ་མ་ལ་དབང་བསྐུར་བའི་དོན་དུ་བཞུགས་པར་བལྟའོ། །དེ་ནས་སློབ་མ་རྣམས་རང་གི་ཁ་ནས་ཞུགས་ཏེ། སྙིང་གའི་ཡེ་ཤེས་ཀྱི་མེས་བཞུ་ནས། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབ་པ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་བྱུང་བའི་མི་བསྐྱོད་པ་ཡབ་ཡུམ་དུ་གྱུར་བ་ལས། ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོས་ཞུ་བ། རང་གི་སྤྱི་བོ་ནས་ཞུགས་ཏེ། རྡོ་རྗེའི་ལམ་ནས་འཐོན་པའི་བདུད་རྩིས་དབང་བསྐུར་བར་བསམ་པ་ནི། ནང་གི་ཏིང་ངེ་འཛིན་གྱི་དབང་ངོ༌། །དེ་ནས་སྦྱོར་མཚམས་ནས་བྱུང་ནས་ཕྱིའི་གནས་སུ་འཁོད་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། ཡེ་ཤེས་པ་བསྟིམ་པ་ལ་ཕྱིའི་དབང་བསྐུར་བར་བྱ་སྟེ། རྣམ་རྒྱལ་གྱི་བུམ་པ་སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས་པདྨ་དང༌། ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འཕྲོས་པའི་འོད་ཟེར་གྱིས། སེམས་ཅན་གྱི་དོན་བྱས་ནས་སླར་འདུས་ཏེ་གཅིག་ཏུ་གྱུར་པ་ལས། མི་བསྐྱོད་རྡོ་རྗེ་ཡབ་ཡུམ་དུ་བསྐྱེད་དེ། བྱིན་གྱིས་བརླབས་ལ་ཡེ་ཤེས་པ་དང་རོ་གཅིག་པར་བྱས་ནས། དབང་གི་ལྷས་དབང་བསྐུར་ཏེ། རིགས་ཀྱི་བདག་པོའི་རྒྱས་བཏབ་ནས་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ཏེ། ཞལ་དུ་ཞུགས་ནས་འོད་དུ་ཞུ་བའི་བུམ་པའི་ཆུར་གྱུར་པ། དབང་གི་ལྷ་རིགས་ལྔས་བསྣམས་ཏེ། སློབ་མ་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་བ་མཛད། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པའི་ཆར་མངོན་པར་ཕབ་པར་བསམ་མོ། །འདི་དག་ནི་འོག་མ་རྣམས་ལའང་ཤེས་པར་བྱའོ། །དེ་ནས་དངོས་སུ་རྡོ་རྗེ་སློབ་དཔོན་གྱིས་རྣམ་རྒྱལ་གྱི་བུམ་པ་བཟུང་ནས། སློབ་མ་ཁྲུས་ཀྱི་དཀྱིལ་འཁོར་ལ་བཞག་ལ། དབྱངས་དང་བཅས་པའམ། མེད་ཀྱང་རུང་སྟེ། བཀྲ་ཤིས་ཀྱི་ཚིག་འདི་དག་བརྗོད་པར་བྱའོ། །བཀྲ་ཤིས་གང་ཞིག་སེམས་ཅན་རྣམས་ཀྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །བཀྲ་ཤིས་དེས་ནི་དེ་རིང་ཁྱེད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རྡོ་རྗེའི་རིགས་དང་ལྡན། །ལྡང་བ་ཟིལ་མནན་སྐྱེ་ཚོགས་རྣམ་པར་སྐྱོང་མཛད་པ། །མི་བསྐྱོད་མགོན་པོ་ཞེས་བྱར་མཚོན་གསོལ་དེ་ཡི་ནི། །བཀྲ་ཤིས་དེས་ནི་དེ་རིང་ཁྱེད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་འཁོར་ལོའི་རིགས་དང་ལྡན། །རྣམ་པར་སྣང་མཛད་འཁོར་བའི་སྡུག་བསྔལ་རྟག་འཕྲོག་ཅིང༌། །རྨོངས་པ་ཟིལ་མནན་སྐྱེ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རིན་ཆེན་རིགས་དང་ལྡན། །ཕོངས་པའི་སྡུག་བསྔལ་ཡོངས་སུ་སྒྲོལ་བར་རབ་བརྩོན་ཞིང༌། །ཁེངས་པ་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་པདྨའི་རིགས་དང་ལྡན། །འཇིག་རྟེན་དབང་ཕྱུག་སྲིད་པའི་དྲྭ་བ་འཇོམས་པ་པོ། །ཆགས་པ་ཟིལ་མནན་འགྲོ་བ་རབ་ཏུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་ལས་ཀྱི་རིགས་དང་ལྡན། །བརྩེ་བའི་བདག་ཉིད་ལོག་པར་ལྟ་བ་ངེས་པར་སྤོང༌། །དེ་སྦྱོང་ཐབས་སྟོན་དེ་ནི་ཀུན་ནས་སེལ་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །ཞེས་བརྗོད་ནས། བུམ་པའི་ཆུས་སྤྱི་བོ་ནས་གཏོར་ཞིང༌། དབང་གི་ལྷ་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསུངས་པར་བསམས་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་ལ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་ང་ཡིས་སྦྱིན། །ཨོཾ་བཛྲ་ཨཱ་དརྴ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ནས་དབང་བསྐུར་ནས་བརྟན་པར་བྱ་བའི་ཕྱིར། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀེ་ཎ་སྟྭཾ་ཨ་བྷི་ཥིཉྩ་མི། སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏེ་ན་དྲི་ཌྷོ་མེ་བྷ་ཝ། སངས་རྒྱས་རྡོ་རྗེའི་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཞེས་བརྗོད་ནས་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཐམས་ཅད་གང་བས། དྲི་མ་ཐམས་ཅད་དག་པར་བྱས་ནས། མི་བསྐྱོད་པས་དབུར་བརྒྱན་པར་བསམས་ལ། ཨོཾ་ཨཱཿཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ་སུ་ར་ཏེ་ཏྭཾ་ཨ་ཧཾ་ཞེས་བརྗོད་དུ་གཞུག་གོ །དེ་ནས་མཆོད་པ་རྣམས་ཀྱིས་མཆོད་ནས། མི་བསྐྱོད་པའི་རང་བཞིན་གྱི་ཆུའི་དབང་ཐོབ་པས། ཞེ་སྡང་སྦྱངས་ཤིང་རྣམ་པར་ཤེས་པའི་ཕུང་པོ་གནས་བསྒྱུར་ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱའོ་ཞེས་རྟོགས་པ་བསྐྱེད་པར་བྱའོ། །དེ་ནས་ཅོད་པཎ་གྱི་དབང་བསྐུར་བའི་ཕྱིར། གོང་དུ་བསྟན་པ་དང་མཚུངས་པའི་ཏིང་ངེ་འཛིན་གྱི་དབང་དང་ལྡན་པས། སྭ་ལས་སློབ་མ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་དུ་བསྐྱེད་ཅིང༌། མངོན་པར་འདུ་བྱས་པའི་དབུ་རྒྱན་རྡོ་རྗེ་སློབ་དཔོན་གྱིས་བཟུང་ལ། ཆགས་པ་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་བ། །ཤེས་རབ་ཆེན་པོ་ཡེ་ཤེས་ཆེ། །རྡོ་རྗེ་སེམས་དཔའ་དེང་བདག་བསྒྲུབས། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཆེ། །དངོས་གྲུབ་ཀུན་གྱི་བདེ་སྟེར་བ། །ཀུན་གྱི་དབང་བསྐུར་ཀུན་དོན་དུ། །རྡོ་རྗེའི་དབང་ཕྱུག་བླ་ན་མེད། །ཨེ་མ་ཧོ། དང་པོའི་སངས་རྒྱས་དོན་དམ་སྐུ་ཅན་རྒྱལ། །ཐར་པ་ནོར་ཆོས་འདོད་པ་སྟེར་མཛད་རྒྱལ། །ཡེ་ཤེས་ལྔ་དང་དགའ་ལྡན་རང་བཞིན་རྒྱལ། །མགོན་པོ་བདེ་ཆེན་ཕྱག་ན་རྡོ་རྗེ་རྒྱལ། །ཞེས་བྱ་བའི་དབྱངས་བརྗོད་ནས། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །དབུ་རྒྱན་རིན་ཆེན་དམ་པ་སྟེ། །རིན་ཆེན་ཀུན་གྱི་མཆོག་འགྲོ་བས། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ཨོཾ་བཛྲ་ས་མ་ཏ་ཛྙཱ་ན་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ། ཞེས་བརྗོད་ནས་དབུ་རྒྱན་བཅིངས་ལ། བརྟན་པར་བྱ་བའི་ཕྱིར་སློབ་དཔོན་གྱིས་སློབ་མའི་སྤྱི་གཙུག་ཏུ། རྡོ་རྗེ་ཐལ་སྦྱར་མཐེ་བོ་དག །དཔའ་བོའི་སྐྱིལ་ཀྲུང་ཉིད་དུ་བསྐུམ། །བར་མ་མཆོག་གི་ཡན་ལག་ཀྱང༌། །རྩེ་མོ་རྩེ་མོ་མཉམ་པར་སྦྱར། །རྡོ་རྗེ་དབྱིངས་ཀྱི་ཕྱག་རྒྱར་བཤད། །ཕྱག་རྒྱ་འདིས་སློབ་མའི་སྤྱི་བོར་བཅིངས་ནས། ཨོཾ་བཛྲ་དྷཱ་ཏུ་ཨཱི་ཤྭ་རི་ཨ་བྷི་ཥིཉྩ་ཨཿ ཞེས་བརྗོད་དོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །ལག་གཉིས་རྡོ་རྗེ་བསྡམས་པའི་རྒྱ། །དེ་ཡི་དབུས་མ་རྩེ་སྦྱར་བྱ། །སེམས་མའི་རྡོ་རྗེ་ཕྱག་རྒྱ་ཡིན། །ཕྱག་རྒྱ་འདི་དཔྲལ་བར་བཅིངས་ལ། ཨོཾ་སཏྭ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་དོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོའི་ཚིགས་དབུས་མ་བཅག་པ་རྣ་བ་གཡས་པའི་སྟེང་དུ། བཅིངས་ལ། ཨོཾ་རཏྣ་བཛྲ་ཨ་བྷི་ཥིཉྩ་ཏྲཱྃ། ཞེས་བརྗོད་དོ། །དེ་ཉིད་ལས་གུང་མོ་པདྨའི་རྣམ་པར་བྱས་ལ། ཆོས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ་ལྟག་པར་བཅིངས་ལ། ཨོཾ་དྷརྨ་བཛྲ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་བརྗོད་དོ། །དེ་ཉིད་ལས་གུང་མོའི་ཚིགས་དང་པོ་བཅག་ལ། ལས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ་རྣ་བ་གཡོན་དུ་བཅིངས་ལ། ཨོཾ་ཀརྨ་བཛྲ་ཨ་བྷི་ཥིཉྩ་ཨཿ ཞེས་བརྗོད་དོ། །དེ་ནས་དཔྲལ་བར་མཉམ་པའི་ཐལ་མོ་སྦྱར་བ་ཁ་ཕྱེ་ནས། ཐལ་མོ་གཉིས་གཡས་དང་གཡོན་དུ་བརྐྱང་བའི་ཚུལ་དུ་བྱ་ཞིང༌། བཛྲ་ཏུ་ཥྱ་ཧོ། ཞེས་བརྗོད་ནས་དར་དཔྱངས་ཀྱི་དབང་བྱིན་ལ་བུམ་པའི་ཆུས་གཏོར་བས་ལུས་ཐམས་ཅད་གང་ཞིང༌། དྲི་མ་ཐམས་ཅད་དག་པར་བྱས་ནས། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་ནོ། །དེ་ནས་མཆོད་པ་རྣམས་ཀྱིས་མཆོད་ནས། རིན་ཆེན་འབྱུང་ལྡན་གྱི་རང་བཞིན་གྱི་ཅོད་པཎ་གྱི་དབང་ཐོབ་པས། སེར་སྣ་དང་ང་རྒྱལ་སྦྱངས་ཤིང༌། ཚོར་བའི་ཕུང་པོ་གནས་བསྒྱུར་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད་པར་བྱའོ། །དེ་ནས་རྡོ་རྗེའི་དབང་བསྐུར་བའི་ཕྱིར། ཏིང་ངེ་འཛིན་གྱི་དབང་དང་ལྡན་པའི་ཨཱཿལས་སློབ་མ་འོད་དཔག་ཏུ་མེད་པ་ཡབ་ཡུམ་དུ་བསྐྱེད་ཅིང༌། མངོན་པར་འདུ་བྱས་པའི་རྡོ་རྗེ་སློབ་དཔོན་གྱིས་བཟུང་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །མི་ཕྱེད་རྡོ་རྗེའི་འོད་གསལ་བ། །དམ་ཆོས་འབྱུང་བའི་སྒོར་གྱུར་པ། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །ཨོཾ་པྲ་ཏི་བིཀྵ་ཎ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ནས་བྱིན་ལ། སློབ་མས་བླངས་ཏེ་སྤྱི་གཙུག་དང་མགྲིན་པར་གཏུགས་ནས། སྙིང་གར་བཟུང་བ་བརྟན་པར་བྱ་བའི་ཕྱིར། སློབ་མས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་ཉེ་བར་འགྱུར། །ཞེས་བརྗོད་དུ་བཅུག་ནས་སློབ་དཔོན་གྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཡ་ཧི་ཧི་ཧི་ཧི་ཧཱུྃ། ཞེས་བརྗོད་པས་བུམ་པའི་ཆུས་གཏོར་བས་ལུས་ཐམས་ཅད་གང་ཞིང༌། དྲི་མ་ཐམས་ཅད་དག་པར་བྱས་ནས། འོད་དཔག་མེད་ཀྱིས་དབུར་བརྒྱན་ནོ། །དེ་ནས་མཆོད་པ་རྣམས་ཀྱིས་མཆོད་ནས། འོད་དཔག་མེད་ཀྱི་རང་བཞིན་གྱི་རྡོ་རྗེའི་དབང་ཐོབ་པས་འདོད་ཆགས་སྦྱངས་ཤིང༌། འདུ་ཤེས་ཀྱི་ཕུང་པོ་གནས་བསྒྱུར་ནས་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་ཞེས་རྟོགས་པ་བསྐྱེད་པར་བྱའོ། །དེ་ནས་དྲིལ་བུའི་དབང་བསྐུར་བའི་ཕྱིར། ཏིང་ངེ་འཛིན་གྱི་དབང་དང་ལྡན་པའི་ཧཱ་ལས་དོན་ཡོད་གྲུབ་པ་ཡབ་ཡུམ་དུ་བསྐྱེད་ཅིང༌། མངོན་པར་འདུ་བྱས་པའི་དྲིལ་བུ་སློབ་དཔོན་གྱིས་བཟུང་ལ། ཐབས་དང་ཤེས་རབ་ལྡན་པ་ཡིས། །འགྲོ་དོན་མཉམ་མེད་བྱེད་པ་དང༌། །མཆོད་པའི་ལས་ཀུན་རྫོགས་བྱེད་པས། །རྡོ་རྗེ་ལས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་ཀྲྀ་ཏཱ་ནུཥྛཱ་ན་ཛྙཱ་ན་དྷི་ཏི་ཨ་བྷི་ཥིཉྩ། ཞེས་བརྗོད་ནས་བྱིན་པ་སློབ་མས་བླངས་ཏེ་དཀྲོལ་བར་བྱའོ། །བརྟན་པར་བྱ་བའི་ཕྱིར། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་ཉེ་བར་འགྱུར། །ཞེས་བརྗོད་དུ་བཅུག་ནས། སློབ་དཔོན་གྱིས། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་ནས་བུམ་པའི་ཆུས་གཏོར་བས་ལུས་ཐམས་ཅད་གང་ཞིང༌། དྲི་མ་ཐམས་ཅད་དག་པར་བྱས་ནས། དོན་ཡོད་གྲུབ་པས་དབུར་བརྒྱན་ནོ། །དེ་ནས་མཆོད་པ་རྣམས་ཀྱིས་མཆོད་ནས། དོན་ཡོད་གྲུབ་པའི་རང་བཞིན་གྱི་དྲིལ་བུའི་དབང་ཐོབ་པས། ཕྲག་དོག་སྦྱངས་ཤིང་འདུ་བྱེད་ཀྱི་ཕུང་པོ་གནས་བསྒྱུར་ནས། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་ཞེས་རྟོགས་པ་བསྐྱེད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་མེ་ལོང་གི་དབང་གསུངས་པ་ནི། དོན་གྱི་དབང་རྫོགས་ནས་མིང་འདོགས་པ་ལ་དགོངས་མོད། རྒྱུ་སྡེ་ཐམས་ཅད་ལས་རིག་པའི་དབང་ལྔ་འབྲེལ་ཆགས་སུ་འབྱུང་བའི་ཕྱིར། མིང་གི་དབང་བསྐུར་བ་ནི། ཏིང་ངེ་འཛིན་གྱི་དབང་དང་ལྡན་པའི་ཨོཾ་ལས་སློབ་མ་རྣམ་པར་སྣང་མཛད་ཡབ་ཡུམ་དུ་བསྐྱེད་ལ། སྤྱི་བོར་ཡན་ལག་བཞི་རྫོགས་སུ་བསྐྱེད་པའི་རྣམ་པར་སྣང་མཛད་ཡབ་ཡུམ་སྙོམས་པར་ཞུགས་པས། སློབ་མའི་ལུས་ལ་ཐིམ་པར་བསམས་ནས། རྡོ་རྗེ་དྲིལ་བུས་སྤྱི་གཙུག་ཏུ་གཏུགས་ལ། མེ་ཏོག་གང་ལ་ཕོག་པའི་ལྷའི་རིགས་ཀྱི་མིང་གདགས་པར་བྱ་སྟེ། མི་བསྐྱོད་པའི་རིགས་ཀྱི་སྐྱེས་པའི་མིང་ནི། མི་བསྐྱོད་རྡོ་རྗེ། བཞད་པའི་རྡོ་རྗེ། སྒེག་པའི་རྡོ་རྗེ། གཉིས་མེད་རྡོ་རྗེ། མི་ཕྱེད་རྡོ་རྗེ། དགའ་རབ་རྡོ་རྗེ། རོལ་པའི་རྡོ་རྗེ། ཞེ་སྡང་རྡོ་རྗེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་སོ། །བུད་མེད་ཀྱི་མིང་ནི་རྡོ་རྗེ་མཱ་མ་ཀཱི། རྡོ་རྗེ་བདག་མེད་མ། རྡོ་རྗེ་ལག་པ་མ། རྡོ་རྗེ་འབྱུང་གནས་མ་ལ་སོགས་པ་རྣམས་སོ། །རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་སྐྱེས་པའི་མིང་ནི། རྣམ་པར་སྣང་མཛད་རྡོ་རྗེ། གཏི་མུག་རྡོ་རྗེ། ཨོཾ་མཛད་རྡོ་རྗེ། རྟག་པའི་རྡོ་རྗེ། སྒྱུ་འཕྲུལ་རྡོ་རྗེ། ཤཱཀྱ་ཐུབ་པ་རྡོ་རྗེ་ལ་སོགས་པ་རྣམས་སོ། །བུད་མེད་ཀྱི་མིང་ནི་རྡོ་རྗེ་སྤྱན་མ། རྡོ་རྗེ་མཁའ་འགྲོ་མ། རྡོ་རྗེ་སྒེག་མོ་ལ་སོགས་པ་རྣམས་སོ། །རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱི་སྐྱེས་པའི་མིང་ནི། རིན་ཆེན་རྡོ་རྗེ། ཡིད་བཞིན་ནོར་བུ་རྡོ་རྗེ། ནམ་མཁའི་རྡོ་རྗེ། སེར་སྣ་རྡོ་རྗེ། གཟི་བརྗིད་རྡོ་རྗེ་ལ་སོགས་པ་རྣམས་སོ། །བུད་མེད་ཀྱི་མིང་ནི་རྡོ་རྗེ་རིན་ཆེན་སྒྲོལ་མ། རྡོ་རྗེ་དོ་ཤལ་མ། རྡོ་རྗེ་འབར་མ། རྡོ་རྗེ་ཕྲེང་བ་མ་ལ་སོགས་པ་རྣམས་སོ། །འོད་དཔག་ཏུ་མེད་པའི་རིགས་ཀྱི་སྐྱེས་པའི་མིང་ནི། སྣང་བ་མཐའ་ཡས་རྡོ་རྗེ། སྤྱན་རས་གཟིགས་རྡོ་རྗེ། འདོད་ཆགས་རྡོ་རྗེ། ཆོས་ཀྱི་རྡོ་རྗེ། པདྨ་རྡོ་རྗེ་ལ་སོགས་པ་རྣམས་སོ། །བུད་མེད་ཀྱི་མིང་ནི་རྡོ་རྗེ་གོས་དཀར་མོ། །རྡོ་རྗེ་དབྱངས་ཅན་མ། རྡོ་རྗེ་བློ་གྲོས་མ། རྡོ་རྗེ་གླུ་མ་ལ་སོགས་པ་རྣམས་སོ། །དོན་ཡོད་གྲུབ་པའི་རིགས་ཀྱི་སྐྱེས་པའི་མིང་ནི། དོན་ཡོད་རྡོ་རྗེ། བདེ་མཆོག་རྡོ་རྗེ། ཕྲག་དོག་རྡོ་རྗེ། དམ་ཚིག་རྡོ་རྗེ། ལས་ཀྱི་རྡོ་རྗེ་ལ་སོགས་པ་རྣམས་སོ། །བུད་མེད་ཀྱི་མིང་ནི་རྡོ་རྗེ་དམ་ཚིག་སྒྲོལ་མ། རྡོ་རྗེ་སྒྱུ་འཕྲུལ་མ། རྡོ་རྗེ་རྒོད་མ། རྡོ་རྗེ་གར་མ་ལ་སོགས་པ་རྣམས་སོ། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཨོཾ་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་ནཱ་མ་ཨ་བྷི་ཥིཉྩ། ཞེས་བརྗོད་ནས། བརྟན་པར་བྱ་བའི་ཕྱིར། ཨོཾ་བཛྲ་སཏྭ་ཏྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སྟེ། རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་མི་ཤིགས་མི་གཡོ་བས། །རྡོ་རྗེ་མིང་དུ་རབ་ཏུ་གྲགས། །ཞེས་བརྗོད་ནས་བུམ་པའི་ཆུས་གཏོར་བས་ལུས་ཐམས་ཅད་གང་ཞིང༌། དྲི་མ་ཐམས་ཅད་དག་པར་བྱས་ནས། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་ནོ། །དེ་ནས་མཆོད་པ་རྣམས་ཀྱིས་མཆོད་ནས། རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་མིང་གི་དབང་ཐོབ་པས། གཏི་མུག་སྦྱངས་ནས་གཟུགས་ཀྱི་ཕུང་པོ་གནས་བསྒྱུར་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་ཞེས་རྟོགས་པ་བསྐྱེད་པར་བྱའོ། སྒྲ་གཅན་འཛིན་བཤེས་གཉེན་གྱིས། མིང་གི་དབང་མི་བསྐྱོད་པ་དང་འབྲེལ་བར་གསུང་བ་ནི་ཡེ་ཤེས་ལ་དགོངས་མོད། དབང་གི་གནས་སྐབས་སུ་སྦྱང་གཞི་སྦྱོང་བ་གཙོ་ཆེ་བའི་ཕྱིར། རྣམ་པར་སྣང་མཛད་ཉིད་རིགས་ཏེ། ཚུལ་གཞན་ལས་ཀྱང་འབྱུང་ཞིང༌། སློབ་དཔོན་གྱིས་ཀྱང་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་མིང་གི་དབང་བསྐུར་བར་གསུངས་སོ། །དེ་ནས་རྡོ་རྗེ་ཕྲེང་བ་ལས། སངས་རྒྱས་ལྔ་ནི་དག་པ་འདི། །དབང་བར་ལྔ་ནི་ཐོབ་པའི་རྒྱུ། །མ་རིག་པ་ནི་བསལ་ནས་ནི། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་བརྗོད་ནས། དེའི་དོན་དབང་འདི་རྣམས་སྦྱོང་གཞི་ཆོས་ཅན། ཕུང་པོ་ལྔ་དང༌། ཉོན་མོངས་པ་ལྔ་སྦྱོང་ཞིང༌། ཐོབ་པར་བྱ་བ་རིགས་ལྔ་དང༌། ཡེ་ཤེས་ལྔ་མངོན་དུ་བྱེད་པས། རིག་པའི་རྒྱལ་པོ་དེ་བཞིན་གཤེགས་པ་རིགས་ལྔའི་དབང་ཡིན་པའི་ཕྱིར། རིག་པའི་དབང་ལྔ་ཞེས་བྱ་སྟེ། བདག་གི་རྒྱུད་དེ་བཞིན་གཤེགས་པར་བྱིན་གྱིས་བརླབ་པའི་ཕྱིར། སྣང་བ་ཐམས་ཅད་ཀྱང་དེའི་རང་བཞིན་དུ་བལྟ་བར་བྱ་སྟེ། དངོས་ཀུན་གང་དང་གང་སྣང་བ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཆོས་རྣམས་རང་བཞིན་རྣམ་དག་པ། །སངས་རྒྱས་ཡེ་ཤེས་བལྟ་བར་གྱིས། །ཞེས་ཐུན་མོང་གི་རྟོགས་པ་བསྐྱེད་པར་བྱའོ། །དེ་ནས་ཆོས་ཉིད་དེ་བཞིན་མངོན་དུ་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མེ་ལོང་གི་དབང་བསྐུར་བའང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྐུ་ཕབ་ལ་ཞེས་གསུངས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གཞན་དུ་བལྟ་བར་མི་བྱ་སྟེ། བཅོམ་ལྡན་འདས་མ་རེག་རྡོ་རྗེ་ཉིད་དོ། །ཏིང་ངེ་འཛིན་གྱི་དབང་དང་ལྡན་པའི་ཨ་ལས། སློབ་མ་རེག་རྡོ་རྗེར་བསྐྱེད་པར་བྱའོ། །རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཁ་དོག་དཀར་མོ། དེ་ནས་མངོན་པར་འདུ་བྱེས་པའི་མེ་ལོང་སློབ་དཔོན་གྱིས་བཟུང་ལ། བརྗོད་དང་གཟུང་འཛིན་རྣམ་སྤངས་ཤིང༌། །དག་ཅིང་གསལ་ལ་དྲི་མ་མེད། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །རང་ལྷའི་གཟུགས་ནི་ཤེས་པར་གྱིས། །ཨོཾ་པྲ་ཏི་བིམྦ་ཨཱ་དརྴ་བྷཱ་ཝ་ཨ་བྷི་ཥིཉྩ་ཨ། ཞེས་བརྗོད་ནས། སློབ་མ་ལ་བསྟན་ལ། དེས་ཀྱང་བལྟས་ནས། ཆོས་ཉིད་དྲི་མ་མེད་པ་མེ་ལོང་ལྟ་བུ་ལ། ཆོས་ཅན་གཟུགས་བརྙན་དང་འདྲ་བར་ཤེས་ཤིང༌། རང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བསམ་དུ་གཞུག་གོ །དེ་ནས་བུམ་པའི་ཆུས་གཏོར་བས་ལུས་ཐམས་ཅད་གང་ཞིང༌། མཚན་མར་འཛིན་པའི་དྲི་མ་ཐམས་ཅད་སྦྱངས། རྡོ་རྗེ་སེམས་དཔས་དབུར་བརྒྱན་ནོ། །སླར་ཡང་མཆོད་པ་རྣམས་ཀྱིས་མཆོད་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་མེ་ལོང་གི་དབང་བསྐུར་བས། མཚན་མར་འཛིན་པའི་དྲི་མ་སྦྱངས་ནས། དབྱིངས་རང་བཞིན་གྱིས་དག་པ་མངོན་དུ་བྱས་ཞེས་རྟོགས་པ་བསྐྱེད་པར་བྱའོ། །དེ་ནས་དབྱིངས་དང་ཡེ་ཤེས་རོ་གཅིག་པ་ཐོབ་པའི་བྱ་བའི་ཕྱིར། རྡོ་རྗེའི་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། ཏིང་ངེ་འཛིན་གྱི་དབང་དང་ལྡན་པའི་ཧཱུྃ་ལས། སློབ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་བསྐྱེད་ཅིང༌། མངོན་པར་འདུ་བྱས་པའི་རྡོ་རྗེ་རྩེ་ལྔ་པ་སློབ་མའི་ལག་པ་གཡས་པར་སྦྱིན་ཞིང༌། འདི་དེ་སངས་རྒྱས་ཐམས་ཅད་དེ། རྡོ་རྗེ་སེམས་དཔའི་ཕྱག་ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡཾ་ཨ་ནུ་ཏིཥྛ་ཨེ་ཥ་སྟྭཾ་ར་ཡཱ་མི་ཧིཿཧི་ཧི་ཧི་ཧི་ཧཱུྃ། ཞེས་བརྗོད་དོ། །དེས་ཀྱང་བླངས་ནས་ཧཱུྃ་ཞེས་བརྗོད་ཅིང༌། ལན་གསུམ་གསོར་ནས། སྙིང་གར་བཟུང་ནས་སྙིང་གི་ནང་དུ་ཡང་རང་དང་འདྲ་བའི་རྡོ་རྗེ་སེམས་དཔའ་ཐུགས་ཀར་རྡོ་རྗེ་དཀར་པོ་རྩེ་མོ་ལྔ་པས་མཚན་པ་བཞུགས་པ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེར་བསྒོམ་དུ་བཅུག་ནས་རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་གསང་བ་འཛིན་པ། ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་འཛིན་པར་གྱུར་ཅེས་རྟོགས་པ་བསྐྱེད་པར་བྱའོ། །རྡོ་རྗེ་སློབ་དཔོན་གྱི་དབང་གི་རྗེས་ལ། རྡོ་རྗེའི་བརྟུལ་ཞུགས་བྱ་བར་གསུངས་པ་ནི། རྡོ་རྗེ་སློབ་དཔོན་གྱི་དབང་བརྟན་པར་བྱ་བ་ལ་དགོངས་མོད། ཐུན་མོང་གི་དབང་ཐོག་མར་འབྱུང་བའི་ཕྱིར་སྔོན་དུ་བྱ་བར་རིགས་སོ། །ཐུན་མོང་བ་སློབ་མའི་དབང་བསྐུར་བ་རྣམས་སོ། །དེ་ནས་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །རྡོ་རྗེ་སེམས་དཔའ་བདག་ལ་སྩོལ། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་གྱི་ནི་ལས་རྣམས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་དང་གསང་བ་བླ་མེད་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སློབ་དཔོན་བདག་འགྱུར་གསུངས། །ཞེས་ལན་གསུམ་གསོལ་བ་གདབ་བོ། །དེ་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཁྲུ་གཉིས་དོར་བར། ཁྲུས་ཀྱི་དཀྱིལ་འཁོར་དང་མཚུངས་པའི་དབང་སྟེགས་ཀྱི་དཀྱིལ་འཁོར་གྱི་སྟེང་དུ་སེང་གེས་བཏེག་པའི་ཁྲི། པདྨ་འདབ་མ་བརྒྱད་པས་མཚན་པ་ལ་སློབ་མ་བཞག་ཅིང༌། གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་དང༌། རྒྱལ་མཚན་དང༌། བ་དན་དང༌། མཆོད་པའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ནས། རྡོ་རྗེ་སློབ་དཔོན་དབང་གི་ལྷ་དང་བཅས་པ་ཐམས་ཅད་ཀྱིས། སློབ་མ་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བའི་ཕྱིར། གོང་དུ་བསྟན་པ་ལྟར་ཏིང་ངེ་འཛིན་གྱི་དབང་གིས། སློབ་མ་མི་བསྐྱོད་རྡོ་རྗེར་གྱུར་པར་ཕྱུང་ནས། ཁྲིའི་སྟེང་དུ་འཁོད་པ་ལ་དམ་ཚིག་གསུམ་སྦྱིན་པར་བྱ་སྟེ། ཧཱུྃ་ལས་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དམ་ཚིག་ཏུ་བྱིན་གྱིས་བརླབས་པའི་རྡོ་རྗེ་བཟུང་ནས། རྡོ་རྗེའི་བརྟུལ་ཞུགས་ཀྱི་ཚིགས་སུ་བཅད་པ་དང་སྔགས་བརྗོད་དེ་བྱིན་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་དག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ་ཞེས་དེ་ཁོ་ན་ཉིད་བརྗོད་དོ། །སློབ་མས་བཛྲ་ཧཱུྃ་ཞེས་བརྗོད་ཅིང༌། ལན་གསུམ་གསོར་ཏེ་སྙིང་གར་བཟུང་ལ། རྡོ་རྗེ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དམ་ཚིག་སྟེ། འདིས་བྱིན་གྱིས་བརླབ་པའི་ཕྱིར། བདག་གི་སེམས་ཀྱང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ་ཞེས་དྲན་དུ་གཞུག་གོ །དེ་ནས་ཨཿལས་བྱུང་བ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དམ་ཚིག་ཏུ་བྱིན་གྱིས་བརླབས་པའི་དྲིལ་བུ་བཟུང་ནས། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཨཿཞེས་བརྗོད་ནས་བྱིན་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བ། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་དེ་ཁོ་ན་ཉིད་བརྗོད་དེ། སློབ་མས་བཛྲ་གྷཎྜེ་ཨཿཞེས་བརྗོད་ནས་དཀྲོལ། དྲིལ་བུ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དམ་ཚིག་སྟེ། འདིས་བྱིན་གྱིས་བརླབ་པའི་ཕྱིར། བདག་གི་ངག་ཀྱང་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ངོ་བོ་ཞེས་དྲན་དུ་གཞུག་གོ །དེ་ནས་སློབ་མའི་ལུས་སྐད་ཅིག་གིས་མི་བསྐྱོད་རྡོ་རྗེ་ཡབ་ཡུམ་དུ་བསྐྱེད་ལ། སྐུ་གསུང་ཐུགས་དང་སྐྱེ་མཆེད་བྱིན་གྱིས་བརླབས་ནས། ཡེ་ཤེས་པ་དང་རོ་གཅིག་པར་བྱས་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་དམ་ཚིག་ཏུ་བྱིན་གྱིས་བརླབས་ནས། ཡིད་ཀྱི་ལུས་ནི་བརྟན་བྱའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཅེས་སུ་བཤད། །ལུས་ཀུན་བརྟན་པར་བྱས་པས་ན། །དེ་ཕྱིར་ཕྱག་རྒྱ་ཞེས་སུ་བསྒྲགས། །ཧཱུྃ་ཞེས་བརྗོད་དོ། །སློབ་མས་ཀྱང་རྡོ་རྗེ་འཆང་ཆེན་པོ་ཡུམ་ཤེས་རབ་ལོ་བཅུ་དྲུག་མ་ལ་འཁྱུད་པའི་རྣམ་པ། འདི་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དམ་ཚིག་ཡིན་ལ། འདིས་བྱིན་གྱིས་བརླབ་པའི་ཕྱིར། བདག་གི་ལུས་ཀྱང་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོའོ། །ཞེས་དྲན་དུ་གཞུག་གོ །དེ་ནས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། སྙིང་པོ་བསྙེན་པ་སོགས་སྤྱད་པས། །གཟུགས་སོགས་འདོད་པའི་དམ་ཚིག་གིས། །གསང་སྔགས་མ་ཚང་མེད་པར་བཟླ། །རང་རིག་པ་ཡི་ངོ་བོ་ཉིད། །ཕྱོགས་བཅུ་དུས་གསུམ་བཞུགས་པ་སྟེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །དཀའ་ཐུབ་སྡོམ་པ་མི་བཟད་པས། །བསྟེན་ན་མི་སྣང་མངོན་ཤེས་དང༌། །མཁའ་ལ་རྒྱུ་དང་ལུས་ངག་ཡིད། །ལས་བྱུང་དངོས་གྲུབ་འགྲུབ་མི་འགྱུར། །དེ་བས་སངས་རྒྱས་སེམས་དཔའ་མཆོག །སྔགས་ཀྱི་སྤྱོད་མཆོག་སྤྱད་པ་རྣམས། །འདོད་པ་ཐམས་ཅད་བསྟེན་པ་ཡིས། །ཆོས་ཀྱི་ཡི་གེ་མཆོག་བརྙེས་སོ། །བདེ་དང་སྡུག་བསྔལ་དེ་དག་མིན། །འདོད་པའི་ཡོན་ཏན་ལྔ་རྣམས་བསྟེན། །ཡེ་ཤེས་དོན་གཉེར་འདོད་ཆགས་ཅན། །སྦྱོར་བས་བསྒྲུབས་ན་མྱུར་དུ་འགྲུབ། །སྐུ་གསུང་ཐུགས་ནི་ཡང་དག་འགྲུབ། །གང་གཞན་དམན་པར་བཤད་པ་ནི། །སྔགས་ཀྱི་བཟླས་པས་འགྲུབ་འགྱུར་བས། །སྐུ་གསུང་ཐུགས་ནི་བསྒོམས་པས་སོ། །ཞེས་ཕྱག་རྒྱའི་དམ་ཚིག་བརྗོད་ནས། ཡང་སྔ་མ་བཞིན་དུ་བྱིན་གྱིས་བརླབས་པའི་བུམ་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྣམས་ནས་དབང་བསྐུར། དེའི་ཚེ་རིག་མ་དང་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་དང་ལྷ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་དང༌། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང༌། བགེགས་བསྐྲད་པ་དང༌། མཆོད་པའི་ཆར་ཕབ་པར་བསམས་ལ། དངོས་སུ་སློབ་དཔོན་གྱིས། དབང་བསྐུར་རྡོ་རྗེ་ཆེན་པོ་ལ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་དང༌། སྔགས་བརྗོད་ཅིང་བུམ་པའི་ཆུས་གཏོར་རོ། །ལས་ཀྱི་རྡོ་རྗེ་དང་སློབ་དཔོན་རྣམས་ཀྱིས་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། །དབང་གི་ཆུ་རྒྱུན་དེས་ལུས་ཐམས་ཅད་གང་བས། དྲི་མ་ཐམས་ཅད་སྦྱངས་ནས། སྤྱི་བོར་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་བསམ་མོ། །དེ་ནས། ཟླ་བའི་འོད་ཅན་ཡེ་ཤེས་སྐུ་ལྔ་རྒྱལ་བའི་ཅོད་པཎ་འཛིན་པ་པད་ཟླའི་གདན་ལ་བཞུགས། །གདུག་པ་རྣམས་ནི་འདུལ་བའི་དོན་དུ་སྲིད་གསུམ་འདུལ་མཛད་པ་སྡིགས་པའི་དེ་ཉིད་རྡོ་རྗེ་ཅན། །སངས་རྒྱས་རྣམས་ནི་བསྐུལ་ཕྱིར་དེ་ཁོ་ན་ཉིད་སོ་སོ་སྒྲོགས་པའི་ཆོས་ཉིད་དྲིལ་བུ་འཁྲོལ། །དངོས་པོ་ཀུན་གྱི་ངོ་བོ་མ་ལུས་སྟོང་པའི་བཅོམ་ལྡན་གང་ཡིན་དེ་ནི་རྒྱལ་གྱུར་ཅིག །ཨོཾ་སུ་པྲ་ཏི་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ནས་སློབ་མའི་སྤྱི་བོར་མེ་ཏོག་ཕྲེང་བ་བཞག་གོ །བརྟན་པར་བྱ་བའི་ཕྱིར་སློབ་དཔོན་གྱིས་ཡི་གེ་བརྒྱ་པ་བརྗོད་པའི་རྗེས་སུ་སློབ་མས་ཀྱང་བཟླ་བར་བྱའོ། །དེ་ལྟར་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པས་དེ་ཁོ་ན་ཉིད་བསྟན་པའི་སྣོད་དུ་གྱུར་པས། དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། ཐོག་མར་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི། དཀྱིལ་འཁོར་གྱི་ཚད་ཁྲུ་བཅུ་གཉིས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་སོ། །ཚངས་པའི་གནས་ཞི་རྣམ་པར་དག་པ་ཟུར་བཞིའོ། །འཕགས་པའི་བདེན་པ་བཞི་རྣམ་པར་དག་པ་ངོས་བཞིའོ། །དྲན་པ་ཉེ་བར་གཞག་པ་ཞི་རྣམ་པར་དག་པ་ནི་ཤར་གྱི་སྒོའོ། །ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པ་ནི་ལྷོའི་སྒོའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་པར་དག་པ་ནི་ནུབ་ཀྱི་སྒོའོ། །དབང་པོ་ལྔ་དང་སྟོབས་ལྔ་རྣམ་པར་དག་པ་ནི་བྱང་གི་སྒོའོ། །བསམ་གཏན་བཞི་རྣམ་པར་དག་པ་ནི་སྒོ་བཞིའི་ཏོ་ར་ཎའོ། །རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་ནི་ཀ་བ་བརྒྱད་དོ། །རྡོ་རྗེ་ཐེག་པའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བས་ན་རྡོ་རྗེའི་ཐིག་དང་ལྡན་པའོ། །ཚོན་ལྔ་ནི་སངས་རྒྱས་ལྔའི་རང་བཞིན་ནོ། །ཡང་དག་པའི་ཡེ་ཤེས་ཀྱིས་ཀུན་ནས་བསྐོར་བའི་ཕྱིར། དབུས་ཀྱི་ཕོ་བྲང་རྡོ་རྗེའི་ཕྲེང་བ་ཟླུམ་པོས་བསྐོར་བའོ། །ཏིང་ངེ་འཛིན་བཞི་དག་པ་ནི་ཁ་ཁྱེར་རོ། །གཟུངས་རྣམ་པ་བཞི་རྣམ་པར་དག་པ་ནི་ལྷ་མོའི་ཚོགས་མཆོད་པས་ཕྱག་བྲེལ་བ་རྣམས་སོ། །དྲྭ་བ་དང་དྲྭ་བ་ཕྱེད་པས་བརྒྱན་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །རྒྱལ་མཚན་དང་བ་དན་དང་དྲིལ་བུས་མཚན་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ། །ཐབས་ཀྱི་བྱེ་བྲག་མ་འདྲེས་པར་སོ་སོར་སྣང་བ་ནི་བར་བར་གྱི་ཚོན་སྣ་གཅིག་པའོ། །སྤོས་དང་མེ་ཏོག་ལ་སོགས་པའི་མཆོད་པའི་བྱེ་བྲག་དང༌། གར་དང་དབྱངས་ལ་སོགས་པའི་བདེ་བ་ཆེན་པོའི་དཀྱིལ་འཁོར་བླ་ན་མེད་པའི་མཆོད་པ་ཉམས་དགའ་བའོ། །གསེར་གྱི་བུམ་པ་བརྒྱད་ཀྱིས་བརྒྱན་པ་ནི་ཚོགས་རྣམ་པ་གཉིས་རྫོགས་པའོ། །བདེ་བ་ཆེན་པོའི་རྣམ་པར་ཐར་པའི་གཞལ་ཡས་ཁང་ཡིན་པས་ན་གཞལ་ཡས་ཁང་ངོ༌། །དཀྱིལ་ནི་སྙིང་པོའི་དོན་ཏོ། །འཁོར་ནི་ཐོབ་པའི་དོན་ཏོ། །དེས་ན་དཀྱིལ་འཁོར་རོ། །དེ་ནས་ལྷའི་དེ་ཁོ་ན་ཉིད་ནི་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ལྔ་ནི། མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པ་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པ་དང༌། དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པ་སྟེ། གོ་རིམ་བཞིན་དུ་རྣམ་པར་དག་པའོ། །ས་དང་ཆུ་དང་མེ་དང་རླུང་གི་ཁམས་ནི། སྤྱན་མ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་སྟེ། གོ་རིམ་བཞིན་དུ་རྣམ་པར་དག་པ་ཡིན་ལ། དེ་ཉིད་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་བཞིའི་རང་བཞིན་ཡིན་ནོ། །གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་ནི། གཟུགས་རྡོ་རྗེ་དང༌། སྒྲ་རྡོ་རྗེ་དང༌། དྲི་རྡོ་རྗེ་དང༌། རོ་རྡོ་རྗེ་དང༌། རེག་བྱ་རྡོ་རྗེ་སྟེ། གོ་རིམ་བཞིན་དུ་རྣམ་པར་དག་པ་ཡིན་ནོ། །དེ་ཉིད་ཐབས་དང༌། སྟོབས་དང༌། སྨོན་ལམ་དང༌། ཡེ་ཤེས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་ནོ། །མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་དབང་པོ་དང༌། ཆོས་དང་ནམ་མཁའ་ནི། སའི་སྙིང་པོ་དང༌། ཕྱག་ན་རྡོ་རྗེ་དང༌། ནམ་མཁའི་སྙིང་པོ་དང༌། འཇིག་རྟེན་དབང་ཕྱུག་དང༌། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང༌། འཇམ་དཔལ་དང༌། བྱམས་པ་དང༌། ཀུན་ཏུ་བཟང་པོ་སྟེ་གོ་རིམ་བཞིན་དུ་རྣམ་པར་དག་པ་ཡིན་ཏེ། གཙོ་བོའི་ཡོན་ཏན་གྱི་ཆའི་ཡེ་ཤེས་བཞིའི་རང་བཞིན་ནོ། །སེར་སྣ་དང༌། མི་སྙན་པ་དང༌། དོན་དང་མི་མཐུན་པ་དང༌། དོན་མི་དཔྱོད་པ་ནི། གཤིན་རྗེ་གཤེད་དང༌། གཞན་གྱིས་མི་ཐུབ་པ་དང༌། རྟ་མགྲིན་དང༌། བདུད་རྩི་འཁྱིལ་པ་སྟེ། གོ་རིམ་བཞིན་དུ་རྣམ་པར་དག་པ་ཡིན་ཏེ། སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་མཐུན་པ་དང༌། དོན་སྤྱོད་པའི་རང་བཞིན་ཅན་ཡིན་ནོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་ནི། མི་གཡོ་མགོན་པོ་དང༌། འདོད་པའི་རྒྱལ་པོ་དང༌། དབྱུག་པ་སྔོན་པོ་ཅན་དང༌། སྟོབས་པོ་ཆེ་དང༌། གཙུག་ཏོར་འཁོར་ལོས་སྒྱུར་བ་དང༌། གནོད་མཛེས་ཏེ། གོ་རིམ་བཞིན་དུ་དག་པ་ཡིན་ནོ། །དེ་དག་ཀྱང་རང་རང་གི་གཙོ་བོའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་ངེས་པར་ཟད་པ་དང༌། མི་སྐྱེ་བའི་ཡེ་ཤེས་ཀྱི་ཡོན་ཏན་དུ་བསྟན་ཏོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པའི་ཆོས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་རོ་གཅིག་པ་ནི། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྟེ། ལྷ་ཐམས་ཅད་ཀྱི་ངོ་བོར་བསྟན་ཏོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དེ་ཁོ་ན་ཉིད་ནི། རྡོ་རྗེ་སློབ་དཔོན་གྱི་ལུས་ལ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གནས་པ་བཤད་དེ། ལུས་ནི་གཞལ་ཡས་ཁང་དུ་གྱུར། །སངས་རྒྱས་ཀུན་གྱིས་ཡང་དག་བརྟེན། །ཟུར་བཞི་པ་ནི་མདུན་རྒྱབ་དང༌། །གཡས་དང་གཡོན་གྱི་དབྱེ་བས་སོ། །སྟེང་དང་འོག་སྒོའི་དབྱེ་བ་ཡིས། །སྒོ་བཞི་ཞེས་ནི་བཤད་པ་ཡིན། །སྣ་ཡི་རྩེ་མོའི་དབྱིབས་ཀྱིས་ནི། །རྟ་བབས་བཞིར་ནི་བརྗོད་པར་བྱ། །དྲྭ་བ་རྒྱུ་མར་ཡང་དག་བཤད། །རྒྱུས་པར་གྱུར་པར་དྲྭ་བ་ཕྱེད། །ཁ་ནི་ཟླ་བ་ཕྱེད་པ་དང༌། །བུམ་པ་ལྟོ་བར་ཡང་དག་བཤད། །རྗེ་ངར་བརླ་དཔུང་ལག་ངར་ནི། །ཀ་བ་བརྒྱད་དུ་ཡང་དག་བཤད། །མིག་གི་རྣམ་ཤེས་མེ་ལོང་སོགས། །སྒྲ་ཡི་རྣམ་ཤེས་བ་དན་དང༌། །སྣ་ཡི་རྣམ་ཤེས་མེ་ཏོག་འཕྱར། །རིན་ཆེན་ཕ་གུ་ལྕེ་རྣམ་ཤེས། །ལུས་ཀྱི་རྣམ་ཤེས་དར་འཕན་དང༌། །ཡིད་ཀྱི་རྣམ་ཤེས་རི་དྭགས་སོ། །མིག་ནི་འཁོར་ལོ་མཚན་མ་དང༌། །རྣ་བ་ཀུན་ནས་རྡོ་རྗེ་རྣམས། །སྣ་ནི་བ་དན་དག་ཏུ་བཤད། །ལྕེ་ནི་དྲིལ་བུ་རུ་ནི་གསུངས། །རྔ་ཡབ་ལ་སོགས་རྣམ་དག་པ། །ལུས་ཀྱི་ཚོགས་ཞེས་བྱ་བར་བཤད། །ཡིད་ནི་དབུས་ཀྱི་པདྨར་གསུངས། །རྣམ་རྟོག་རླུང་ནི་ཡང་དག་བརྟེན། །ཡེ་ཤེས་ལྔ་ནི་རྣམ་དག་པ། །རེ་ཁ་ལྔར་ནི་ཡང་དག་བརྗོད། །ཕུང་པོ་ལྔ་ནི་ཡང་དག་ལྔ། །རྣམ་དག་ཁ་དོག་ལྔ་ནི་བྱེད། །ཅེས་བྱ་བ་དང༌། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དང་པོ་གཟུགས་ཀྱི་ཕུང་པོ་ནི། །སྐུ་ཡི་རྡོ་རྗེ་ཡང་དག་བཞུགས། །དེ་བཞིན་ནམ་མཁའི་རྡོ་རྗེ་ནི། །ཚོར་བ་ཡི་ནི་ཕུང་པོར་བཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་ནི། །འདུ་ཤེས་ཀྱི་ནི་ཕུང་པོར་བཞུགས། །ལས་རྣམ་ཀུན་གྱི་རྡོ་རྗེ་ནི། །འདུ་བྱེད་ཀྱི་ནི་ཕུང་པོར་བཞུགས། །བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ནི། །རྣམ་ཤེས་ཕུང་པོར་ཡང་དག་བཞུགས། །ཡང༌། འདི་ཡི་ཤ་སོགས་ས་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྤྱན་མ་བཞུགས། །ཁྲག་སོགས་ཆུ་ཡི་ཁམས་ལ་ནི། །བཅོམ་ལྡན་འདས་ཡུམ་མཱ་མ་བཞུགས། །དྲོ་བ་ལ་སོགས་མེ་ཁམས་ལ། །བཅོམ་ལྡན་འདས་ཡུམ་གོས་དཀར་བཞུགས། །བསྐྱོད་པ་ལ་སོགས་རླུང་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས། །དེ་མིག་དབང་པོ་གཉིས་ལ་ནི། །དེ་བཞིན་གཤེགས་པ་ས་སྙིང་པོ། །དེ་ཡི་རྣ་བའི་དབང་གཉིས་ལ། །བདེ་གཤེགས་ཕྱག་ན་རྡོ་རྗེའོ། །དེ་ཡི་སྣ་བུག་གཉིས་ལ་ནི། །དེ་བཞིན་གཤེགས་པ་ནམ་མཁའི་མཛོད། །དེ་ཡི་ལྕེ་དབང་ལ་བཞུགས་པ། །དེ་བཞིན་གཤེགས་པ་འཇིག་རྟེན་དབང༌། །དེ་ཡི་ཡིད་ཀྱི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇམ་དབྱངས་བཞུགས། །ཁམས་བཞིའི་རང་བཞིན་གོང་བུ་ནི། །ལུས་ཞེས་བྱ་བར་བཏགས་པ་ལ། །སྒྲིབ་པ་ཐམས་ཅད་རྣམ་སེལ་བ། །དེ་བཞིན་གཤེགས་པ་དེ་བཞུགས་སོ། །ལུས་ཀྱི་ཚིགས་ནི་ཐམས་ཅད་ལ། །དེ་བཞིན་གཤེགས་པ་ཀུན་ཏུ་བཟང༌། །ལུས་ཀྱི་རྩ་རྒྱུས་ཐམས་ཅད་ལ། །དེ་བཞིན་གཤེགས་པ་བྱམས་པའོ། །ལག་པ་གཡས་པའི་རྩ་བར་ནི། །དེ་བཞིན་གཤེགས་པ་གཤིན་རྗེ་གཤེད། །ལག་པ་གཡོན་པའི་རྩ་བར་ནི། །བདེ་གཤེགས་གཞན་གྱིས་མི་ཐུབ་པ། །ཁ་ཡི་པདྨར་བཞུགས་པ་ནི། །དེ་བཞིན་གཤེགས་པ་རྟ་མགྲིན་ནོ། །གསང་བའི་གནས་སུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་མི་གཡོ་མགོན། །དཔུང་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འདོད་པའི་རྒྱལ། །པུས་མོ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་དབྱིག་པ་སྔོ། །པུས་མོ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་སྟོབས་པོ་ཆེ། །གོང་གི་སྤྱི་གཙུག་སྟེང་བཞུགས་པ། །དེ་བཞིན་གཤེགས་པ་འཁོར་ལོས་སྒྱུར། །རྐང་པའི་འོག་ཏུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་གནོད་མཛེས་ཏེ། །ལུས་ནི་འདི་ཉིད་ཀུན་ལ་འདིར། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས། །ཞེས་བྱ་བ་དང༌། གཟུགས་ནི་གཟུགས་ཀྱི་རྡོ་རྗེ་དང༌། །སྒྲ་ནི་སྒྲ་ཡི་རྡོ་རྗེ་སྟེ། །དྲི་ནི་དྲི་ཡི་རྡོ་རྗེ་སྟེ། །རོ་ནི་རོ་ཡི་རྡོ་རྗེར་བཤད། །རེག་བྱ་རེག་བྱའི་རྡོ་རྗེ་སྟེ། །ཆོས་ནི་ཆོས་དབྱིངས་དབང་ཕྱུག་མ། །ཞེས་བརྗོད་པ་ནི་རྡོ་རྗེ་སློབ་དཔོན་གྱི་དེ་ཁོ་ན་ཉིད་དོ། །གཞལ་ཡས་ཁང་གི་དེ་ཁོ་ན་ཉིད་ཀྱིས་ལམ་གྱི་ཆོས་དང༌། ལྷའི་དེ་ཁོ་ན་ཉིད་ཀྱིས་འབྲས་བུའི་ཆོས་མཚོན་ཞིང༌། ཐམས་ཅད་ཀྱང་རྡོ་རྗེ་སློབ་དཔོན་ལ་ཚང་ལ། ཇི་ལྟར་རྡོ་རྗེ་སློབ་དཔོན་ལ་ཚང་བ་དེ་བཞིན་དུ། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ཐོབ་པའི་སློབ་མ་ཁྱེད་རྣམས་ལའང་ཚང་ངོ༌། །ཞེས་རྒྱས་པར་བཤད་པར་བྱ་སྟེ། དེ་ཁོ་ན་ཉིད་དོ། །དེ་ནས་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། སྔགས་དང་སློབ་དཔོན་བྱ་བ་དང༌། །ཐུར་མ་མེ་ལོང་དྲིལ་བུ་དང༌། །མདའ་གཞུ་མེ་ལོང་རལ་གྲི་སྟེ། །སེམས་ཅན་དོན་བྱེད་རྗེས་གནང་དྲུག །གཉིས་ཀའི་དོན་དང་ཆོས་འཆད་པའི། །རྗེས་སུ་གནང་བ་རྣམ་པ་ལྔ། །དེ་ལ་ཐོག་མར་སྔགས་ཀྱི་རྗེས་སུ་གནང་བ་ནི། རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀར་གནས་པའི་སྔགས་ལས། སྔགས་ཀྱི་ཕྲེང་བ་གཉིས་པ་འཐོན་ནས། སློབ་མའི་སྙིང་གི་ནང་དུ་བཀོད་པ་གཉི་གར་གྱིས་བསམ་ཞིང༌། གཙོ་བོའི་སྙིང་པོ་ལན་གསུམ་རྗེས་སུ་བཟླས་པའི་མཐར། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་བརྗོད་དུ་གཞུག བླ་མས་ཀྱང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་བརྗོད་ནས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྙིང་པོ་ཡི་ནི་ཡེ་ཤེས་མཆོག །སངས་རྒྱས་ཐམས་ཅད་བསྡུས་པ་ནི། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཞེས་བརྗོད་དོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་བྱ་བའི་རྗེས་སུ་གནང་བ་ནི། ཕྲེང་བ་ལ་སོགས་དབང་རྣམས་ཀྱི། །དབང་བསྐུར་ང་ཡིས་བྱིན་པ་ཡིས། །སྡིག་པ་ཐམས་ཅད་རྣམ་སྤངས་ཏེ། །སངས་རྒྱས་ཀུན་གྱི་མདུན་དུ་གནས། །ད་ནི་དཀྱིལ་འཁོར་སློབ་དཔོན་ཏེ། །སྔགས་དང་རྒྱུད་རྣམས་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་བསྔགས། །ཁྱོད་ནི་བདུད་ལས་རྣམ་རྒྱལ་ཏེ། །སངས་རྒྱས་ཐམས་ཅད་ཐོབ་པར་འགྱུར། །སེང་གེའི་སྤྱོད་པ་ལེགས་སྤྱད་པས། །ཁྱོད་ཀྱིས་སེམས་ཅན་དོན་རྣམས་བྱོས། །ཆོས་རྣམས་ཀུན་ལ་སེར་སྣ་དང༌། །སེམས་ཅན་རྣམས་ལ་མི་ཕན་གང༌། །ཉམ་ང་ཤིན་ཏུ་ཆེ་ན་ཡང༌། །བུ་ཁྱོད་ཀྱིས་ནི་དེ་མི་བྱ། །འདི་ལ་ཐེ་ཚོམ་མི་བྱ་སྟེ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །མཉམ་མེད་ཁྱོད་ཀྱིས་བསྒྲག་པར་བྱ། །དཀྱིལ་འཁོར་ལེགས་པར་བྲི་བྱ་སྟེ། །སློབ་མ་ཡོངས་སུ་བསྡུ་བར་གྱིས། །དོགས་པ་མེད་པའི་སེམས་ཀྱིས་སུ། །སློབ་མ་རྣམས་ལ་དབང་ཡང་བསྐུར། །བརྟུལ་ཞུགས་བརྟན་པས་འཇིག་རྟེན་དང༌། །འཇིག་རྟེན་འདས་པའི་དངོས་གྲུབ་སྒྲུབས། །དེ་ཉིད་རིག་པའི་སེམས་ཀྱིས་ནི། །དངོས་གྲུབ་དེ་རྣམས་ཐམས་ཅད་འབྱུང༌། །ཆོས་ཀྱི་དབྱིངས་ཀྱི་བྱིན་བརླབས་དང༌། །དམ་ཚིག་རྣམས་ཀྱང་བསྐྱང་བ་དང༌། །ཁྱོད་རྟག་བླ་མ་ལ་གུས་པ། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བརྗོད། །དེས་ན་བྱས་པ་གཟོ་བ་ཡི། །སངས་རྒྱས་རྣམས་ཀྱང་ཁྱོད་ལ་བསྲུང༌། །ཞེས་བརྗོད་དོ། །དེ་ནས་སེམས་ཅན་གྱི་དོན་བྱ་བའི་རྗེས་སུ་གནང་བ་ལ། ཐོག་མར་མ་རིག་པའི་ལིང་ཐོག་སེལ་བའི་ཕྱིར། ཐུར་མའི་རྗེས་སུ་གནང་བ་ནི། གསེར་རམ་དངུལ་ལས་བྱས་པའི་ཐུར་མ་ལ། དཀྱིལ་འཁོར་གྱི་རྡུལ་ཚོན་བསྒོས་པས་མིག་དབྱེ་བའི་ཚུལ་དུ་བྱ་ཞིང༌། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནི་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཔྲཾ། ཞེས་བརྗོད་དོ། །དེ་ནས་གང་ལ་དོན་བྱ་བའི་ཡུལ་སེམས་ཅན་དང༌། ཆོས་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་ཤེས་པར་བྱ་བའི་ཕྱིར། མེ་ལོང་གི་རྗེས་སུ་གནང་བ་ནི། ཨ་ཡིས་མངོན་པར་བསྔགས་པ་མེ་ལོང་སློབ་མ་ལ་སྦྱིན་ཞིང༌། བལྟར་བཅུག་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་ཀྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །ཞེས་བརྗོད་དོ། །དོན་ཡོན་གྲུབ་པའི་དབང་གི་རྗེས་ལ། ཐུར་མ་དང་མེ་ལོང་གི་རྗེས་གནང་བྱ་བར་བཤད་པ་ནི། ལས་ཀྱི་རིགས་སུ་འདུ་བར་དགོངས་ནས་ཕྱོགས་གཅིག་ཏུ་བསྡེབས་མོད། དཀྱིལ་འཁོར་ཆོ་ག་གཞན་དང་མཐུན་པར་འདི་ཉིད་དུ་བྱ་བར་རིགས་ཏེ། རྗེས་སུ་གནང་བའི་སྐབས་ཡིན་པའི་ཕྱིར་རོ། །དེ་ནས་ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བ་གཟུགས་བརྙན་དང་མཚུངས་པ་ཉིད་ཀྱིས། དོན་དམ་པ་རང་བཞིན་མེད་པ་ནམ་མཁའ་དང་འདྲ་བར་ཤེས་པར་བྱ་བའི་ཕྱིར། དྲིལ་བུའི་རྗེས་སུ་གནང་བ་ནི་ཨཿཡིས་མངོན་པར་བསྔགས་པའི་དྲིལ་བུ་བྱིན་ལ། འཁྲོལ་དུ་བཅུག་ལ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དག་དང་མཉམ་ལྡན་པས། །ཀུན་ཀྱང་མཉམ་པ་ཉིད་དུ་གསལ། །ཞེས་བརྗོད་དོ། །དེ་ནས་སེམས་ཅན་གྱི་དོན་བྱེད་པའི་མི་མཐུན་པའི་ཕྱོགས་བདག་ལ་ཆགས་པ། ཉན་ཐོས་ཀྱི་སེམས་དང༌། ཐར་པ་ལ་རྒྱབ་ཀྱིས་ཕྱོགས་པ་མུ་སྟེགས་ཀྱི་སེམས་དང༌། འགྲོ་བ་ལ་ཞེ་སྡང་བ་བདུད་ཀྱི་སེམས་སུན་དབྱུང་བའི་ཕྱིར། སློབ་མ་རྡོ་རྗེ་ཆགས་པའི་ང་རྒྱལ་འཛིན་པ་ལ། མདའ་དང་གཞུ་བྱིན་ནས། ཕྱོགས་བཅུར་འཕེན་པའི་ཚུལ་བྱེད་དུ་བཅུག་ལ། ཧོ་དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱོས་ཤིག་ཅེས་བརྗོད་དོ། །དེ་ནས་སེམས་ཅན་གྱི་དོན་ལ་མཐུ་དང་ལྡན་པར་བྱ་བའི་ཕྱིར། རང་གི་སེམས་རྣམ་པར་དག་པ་ལ་རྡོ་རྗེ་སེམས་དཔའ་འཇུག་པར་འགྱུར་རོ། །ཞེས་བསྟན་པའི་དོན་དུ། སླར་ཡང་མེ་ལོང་གི་རྗེས་སུ་གནང་བ་ནི། སྔ་མ་བཞིན་དུ་བྱིན་གྱིས་བརླབས་པའི་མེ་ལོང་བྱིན་ལ་བལྟར་བཅུག་ནས། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །གང་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་འདི་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བརྗོད་དོ། །དེ་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར། རལ་གྲིའི་རྗེས་སུ་གནང་བ་ནི། ཁཾ་གིས་མངོན་པར་བསྔགས་པའི་རལ་གྲི་བྱིན་ལ། འདེབས་པའི་ཚུལ་བྱེད་དུ་གཞུག་ཅིང༌། འདི་ཀུན་བཟང་སྤྱོད་བརྟུལ་ཞུགས་ཏེ། །བསམ་པ་སྣ་ཚོགས་རྣམ་དག་བྱེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །སེམས་ཅན་ཀུན་གྱི་དོན་ནི་བྱོས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཁཌྒ་དྷ་ར་ཏྭཾ། ཞེས་བརྗོད་ནས། སློབ་མས་དྷ་ར་ཡཱ་མི་ཧཱུྃ། ཞེས་བརྗོད་དུ་གཞུག་གོ །དེ་ནས་རང་གཞན་གཉིས་ཀའི་དོན་བསྒྲུབ་པའི་རྗེས་སུ་གནང་བ་ནི། ངོ་བོ་ཉིད་ཀྱིས་སེམས་ཅན་རྣམས། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟ་དེ་ལྟར་ཆགས་ལ་སོགས། །གཙང་བས་སེམས་ཅན་དོན་བྱའོ། །ཉིན་རེ་ཞིང་ནི་ཐུན་བཞི་རུ། །ཏིང་འཛིན་གསུམ་གྱི་སྦྱོར་ལྡན་པར། །གྱུར་ནས་ཐུན་མོང་ཅིག་ཤོས་ཀྱི། །དངོས་གྲུབ་ཐོབ་པའང་འགྲུབ་པར་བྱ། །མི་སྣང་བ་ནི་སྟོང་ཡིན་ཏེ། །མངོན་ཤེས་ལྡན་པ་སྟོང་གཉིས་ཡིན། །རིག་པ་འཛིན་པ་སྟོང་གསུམ་སྟེ། །རྡོ་རྗེ་ཅན་གྱིས་འགྲོ་ཀུན་བདག །ཞི་དང་རྒྱས་ལ་སོགས་གང་དང༌། །དེ་ལས་གཞན་པ་ཅི་འདོད་པ། །འཁོར་ལ་རྗེས་མཉམ་སྦྱོར་བ་ཡིས། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་པ་རྒྱུད་ཉན་པ་དང༌། འཆད་པ་དང༌། མཆོག་དང་ཐུན་མོང་བསྒྲུབ་པ་དང༌། ཞི་བ་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པ་སྟེ། དེ་དག་ཐམས་ཅད་བྱེད་པར་རྗེས་སུ་གནང་བ་ཡིན་ནོ། །དེ་ནས་ཆོས་བཤད་པའི་རྗེས་སུ་གནང་བ་ནི། འཁོར་ལོ་བྲིས་པའི་སྟེང་དུ་སློབ་མ་བཞག་ནས་ལག་ཏུ་འཁོར་ལོ་བྱིན་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར། །ཛ་ཡ་ཛ་ཡ་སརྦ་ཏ་ཐཱ་ག་ཏ། ཨ་དྷི་པ་ཏི་པྲ་བརྟ་ཡ། དྷརྨ་ཙཀྲཾ་ཞེས་བརྗོད་དོ། །དེ་ནས་རིན་པོ་ཆེ་བྱིན་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །སངས་རྒྱས་རིན་ཆེན་རབ་ཏུ་སྟོན། །ཨོཾ་བཛྲ་རཏྣ་སརྦ་དྷརྨཱ་བི་ཤུདྡྷ་ཛྙཱ་ན་ཨ་བྷི་ཥེ་ཀེ་པྲ་བྷ། ཨོཾ་ཨོཾ་ཨོཾ་ཞེས་བརྗོད་དོ། །དེ་ནས་པདྨ་བྱིན་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །འདོད་ཆགས་དག་པ་རབ་ཏུ་སྟོན། །ཨོཾ་བཛྲ་དྷརྨ་སརྦ་དྷརྨཱ་བི་ཤུདྡྷ་ཛྙཱ་ན་རཱ་ག་པདྨ་ད་ལ་སྭ་བྷཱ་ཝ་ཧྲཱིཿཨཱཿཞེས་བརྗོད་དོ། །དེ་ནས་རྡོ་རྗེ་བྱིན་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །རྡོ་རྗེ་མཆོད་པ་རབ་ཏུ་སྐོར། །ཨོཾ་བཛྲ་ཀརྨ་སརྦ་དྷརྨཱ་བི་ཤུདྡྷ་ཛྙཱ་ན་སརྦ་པཱུ་ཛ་སྭ་བྷཱ་ཝ་ཨཿཞེས་བརྗོད་ནས། ཁྱོད་ཀྱིས་རིགས་ལྔ་དང་འབྲེལ་བའི་ཆོས་གང་དང་གང་གིས་འདུལ་བར་འགྱུར་བ། དེ་དང་དེའི་ཆོས་ཀྱི་འཁོར་ལོ་སྐོར་བར་གྱིས་ཤིག་ཅེས་བརྗོད་དོ། །རྗེས་སུ་གནང་བའོ།། །།དེ་ནས་ལུང་བསྟན་པའི་ཕྱིར། ད་ལྟར་སངས་རྒྱས་རིགས་སུ་འཇུག །ཁྱོད་ཀྱིས་བདག་ལ་ལུང་བསྟན་གསོལ། །ཞེས་ལན་གསུམ་དུ་གསོལ་བ་འདེབས་སུ་བཅུག་ལ། སློབ་དཔོན་གྱིས་ཆོས་གོས་བགོས་ནས། ཤཱཀྱ་ཐུབ་པའི་ང་རྒྱལ་དང་ལྡན་པས། མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས་སློབ་མའི་སྤྱི་བོར་གཏུགས་ལ། ཨོཾ་ང་ཡིས་འདི་ལྟར་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་མཆོག་ནི་བསྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་ཉིད་ལས་བཏོན། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷི་ས་མ་ཡ་སྟྭཾ་བྷུརྦྷུ་ཝ་སྭཿ འདི་ཡིས་དབང་བསྐུར་གྱུར་པ་ཡིས། སྔགས་པ་འགྲོ་བ་ཀུན་གྱི་བདག་བླ་ན་མེད་པའི་བྱང་ཆུབ་ཏུ། བདེ་གཤེགས་ཀྱིས་ཀྱང་ལུང་བསྟན་མཛད། །ཅེས་བརྗོད་དོ། །དེ་ནས་དབུགས་དབྱུང་བའི་ཕྱིར། བླ་མའི་ཞལ་སྔ་ལས་ནི་སྐྱེས། །མགོན་པོ་ཡང་དག་བདག་དབུགས་ཕྱུང༌། །ཞེས་ལན་གསུམ་གསོལ་བ་འདེབས་སུ་བཅུག་ལ། སློབ་དཔོན་གྱིས་འཇིགས་པའི་ཕྱག་རྒྱ་བསྟན་ལ། མཆོག་གསང་དཀྱིལ་འཁོར་དམ་པ་འདི། །མཐོང་བའམ་ནི་ཞུགས་གྱུར་པ། །སྡིག་ཀུན་ལས་ནི་ངེས་གྲོལ་བར། །ཁྱེད་རྣམས་དེང་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཁྱོད་འཆི་བ་ཡོད་མིན་ཏེ། །མི་ཐུབ་པ་དང་མི་གསོད་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྟོན་པའི་མཆོག་ཏུ་འགྱུར་བ་ཡིན། །སྲིད་པ་རྟག་ཏུ་དངོས་གྲུབ་བོ། །དམ་ཚིག་སྡོམ་པ་འགྲུབ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཕྱག་ན་རྡོ་རྗེ་གང་ཡིན་པའོ། །གང་གིས་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་ནི་མི་སྤང་ཞིང༌། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །སློབ་དཔོན་ལ་ནི་གང་སྨོད་པ། །ཚུལ་ཆེན་བསྟན་པར་མི་བྱའོ། །བདག་ཉིད་ཡོངས་སུ་སྤངས་ནས་ནི། །དཀའ་ཐུབ་ཀྱིས་ནི་མ་གདུངས་ཤིང༌། །ཅི་བདེ་བར་ནི་བདེ་བར་ཟུང༌། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་མི་དོར་ཞིང༌། །སློབ་དཔོན་སྨད་པར་མི་བྱའོ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ནི་སངས་རྒྱས་ཀུན་སྨོད་པས། །རྟག་ཏུ་སྡུག་བསྔལ་འཐོབ་འགྱུར་ཏེ། །རིམས་དང་དགྲ་དང་དུག་དང་ནད། །མཁའ་འགྲོ་རྣམས་ཀྱིས་གཙེས་པ་དང༌། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ལྟུང༌། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྦྱོངས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་པས་ཡོན། །རྗེས་སུ་མཐུན་པས་སྦྱིན་པར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་བསྲུང༌། །རྟག་ཏུ་དེ་བཞིན་གཤེགས་པར་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །གང་ཕྱིར་འདིར་ནི་བདེར་གནས་པས། །དེང་ཁྱེད་སྐྱེ་བ་འབྲས་བུར་བཅས། །ལྷ་དང་དམ་ཚིག་མཉམ་པ་རུ། །དེང་ཁྱོད་འགྱུར་བར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱི་དེང་ཁྱོད་དབང་བསྐུར་བས། །ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་པོའི་བདག་པོས་བསྟན་པ་ཡིན། །དེ་ནི་བདུད་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེ་ཉིད་ཐོབ་པར་ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་བཟད་བདེ་སྐྱེད་བསྟེན་པར་གྱིས། །དེས་ནི་འགྲོ་ལ་མྱུར་བ་དེ་རྡོ་རྗེ་སེམས་དཔའ་དང༌། །རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ་རྟོགས་པར་གྱིས། །ཞེས་བརྗོད་པ་ནི། ལམ་དང་འབྲས་བུའི་དུས་ཀྱི་དབུགས་དབྱུང་བ་སྟེ། དེ་ཉིད་གཟེངས་བསྟོད་པར་ཡང་འགྱུར་རོ། །ལུང་བསྟན་པ་དང་དབུགས་དབྱུང་བ་རྡོ་རྗེ་ཕྲེང་བ་ནས་འབྱུང་བ་ལྟར། རྡོ་རྗེ་སློབ་དཔོན་གྱི་དབང་གི་ཐོག་མར་བྱ་བའམ། རྡོ་རྗེ་སློབ་དཔོན་གྱི་གཞུང་ལྟར་དབང་བཞི་ཡོངས་སུ་རྫོགས་པའི་རྗེས་ལ་བྱས་ཀྱང་འགལ་བ་མེད་མོད། དཀྱིལ་འཁོར་ཆོ་ག་གཞན་དང་མཐུན་པར་འདི་ཉིད་དུ་བྱས་ན་མཛེས་པར་རྟོགས་སོ། །དེ་ནས་མཇུག་གི་ཆོ་ག་ནི། སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་དམ་ཚིག་བསྡུས་ཏེ་ཁས་བླངས་ནས་ཅི་འབྱོར་བའི་ཡོན་ཕུལ་ནས། དེང་ནས་བརྩམས་ཏེ་བདག་བྲན་ཏུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་གཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ལན་གསུམ་བརྗོད་དུ་བཅུག་ནས། སློབ་དཔོན་གྱིས། ཁྱོད་ཀྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར། བུམ་པའི་དབང་བསྐུར་བ་ཐོབ་པས་ལུས་ཀྱི་དྲི་མ་དག་པར་བྱས་ནས། བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་ཞིང༌། སྤྲུལ་པའི་སྐུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་བྱས་སོ། །ཞེས་བརྡ་སྤྲད་པར་བྱའོ། །བུམ་པའི་དབང་ངོ༌།། །།དེ་ནས་གསང་བའི་དབང་གི་དོན་དུ། སློབ་མ་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་འཛིན་པས། བླ་མ་ལོངས་སྤྱོད་རྫོགས་པའི་སྐུར་དམིགས་ལ། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ལ། རྡོ་རྗེ་སེམས་ཁྱོད་སངས་རྒྱས་རྣམས་ཀྱི་བདེ་བ་བསྒྲུབ་པ་སྟེ། །རྣམ་དག་བྱང་ཆུབ་སེམས་དཔའ་རྒྱལ་ཆེན་སྲས་སུ་གྱུར་པ་རྣམས། །ཡུན་རིང་སྟོང་པ་ཉིད་བསྒོམས་པས་ནི་རབ་ཏུ་གདུངས་པ་ལ། །དགའ་བ་ཡིད་འོང་བདེ་བ་ཆེན་པོ་ཉིད་ཀྱིས་མཉེས་པར་མཛོད། །ཀྱེ་ཧོ་འདོད་ཆགས་དེ་ནི་དྲི་མེད་ཀུན་ཏུ་བཟང་པོའི་སྤྱོད་པ་སྟེ། །དག་པའི་འདོད་ཆགས་རྡོ་རྗེ་དམ་ཚིག་ལ་ནི་ཕྱེ་མཛད་ནས། །དགའ་བ་རྣམ་པ་དྲུག་པོ་སྤྱོད་པས་ཤིན་ཏུ་གདུངས་པ་ལ། །རབ་ཏུ་དགྱེས་དབང་འདོད་པའི་བདེ་བ་ཉིད་ཀྱིས་འཇོམས་པར་མཛོད། །པདྨའི་དབུས་ནས་རིན་ཆེན་འབར་བ་རབ་ཕྱུང་སྟེ། །མ་ལུས་རྒྱལ་བ་རྣམས་ཀྱི་སྐུ་ནི་སྐམས་པ་ལ། །རྣམ་དག་རྡོ་རྗེ་ལས་ནི་བྱུང་བའི་ཡེ་ཤེས་ཆུ། །དྲི་མེད་རིན་ཆེན་ཆར་གྱིས་སྤྱི་བོར་དབང་བསྐུར་གསོལ། །མཉམ་དང་མི་མཉམ་འདོད་ཆགས་ཚུལ་དག་པས། །པདྨའི་གནས་སུ་རྡོ་རྗེ་མཛོད་གཏོང་པའི། །སྣ་ཚོགས་སེམས་དཔའ་སེམས་ཅན་བྱིན་རློབ་འགྱུར། །སྦྱོར་བ་གཞན་མིན་མ་ཐོགས་བཤད་པར་གསོལ། །རྡོ་རྗེ་སེམས་ཁྱོད་དབང་མཆོག་བདེ་བ་བྱེད་པ་ཡི། །རྡོ་རྗེ་པདྨ་ཕྱེ་བའི་ཚུལ་གྱིས་སྦྱོར་མཛད་དོ། །རྒྱལ་བ་ཀུན་གྱི་གཟུགས་ཀྱི་སྐུ་ནི་རབ་སྟོན་ནས། །ཐམས་ཅད་བདེ་འགྲུབ་ཉིད་ཀྱིས་བདག་ལ་དགྱེས་པར་མཛོད། །ཅེས་ལན་གསུམ་དུ་གསོལ་བཏབ་ནས། སློབ་མའི་གདོང་མངོན་པར་གཡོགས་ཏེ། ཡི་གེ་གསུམ་བརྗོད་ཅིང་བདུད་རྩིས་བསང་གཏོར་བྱའོ། །དེ་ནས་སློབ་དཔོན་གྱིས་བདག་ཉིད་ཞེ་སྡང་རྡོ་རྗེའམ། རིན་ཆེན་རྡོ་རྗེར་གསལ་བར་དམིགས་པ་དང༌། རིག་མ་རེག་རྡོ་རྗེར་བསྐྱེད་པའི་མཁའ་གསང་བྱིན་གྱིས་བརླབས་ནས། སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་བ་ཆེན་པོའི་སྒྲས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས་ནས་རྗེས་སུ་ཆགས་པའི་མེས་རབ་ཏུ་བཞུ་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་རྩེར་ཕབ་སྟེ། བདེ་བ་ཆེན་པོས་ལུས་ཀྱི་ལྷ་རྣམས་མཉེས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ནས་ཕཊ་ཀྱི་སྒྲས་ཡུམ་གྱི་མཁར་མངོན་པར་ཕབ་པ། རྒན་པོ་དང་མིང་མེད་ཀྱིས་བླངས་ལ། སློབ་མའི་ཁར་སྦྱིན་ཞིང༌། ཀུན་རྫོབ་བྱང་ཆུབ་སེམས་གང་ཡིན། །གསང་བ་དེ་ཡི་དབང་བསྐུར་བྱ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི། །དམ་ཚིག་ཆེན་པོ་རྨད་བྱུང་བ། །ཁམས་ལྔ་ལས་བྱུང་བཅུད་ཀྱིས་ལེན། །བདེ་བ་ཆེན་པོ་མྱང་བར་གྱིས། །འདས་པའི་རྡོ་རྗེ་འཆང་བ་ཡིས། །རྒྱལ་སྲས་ཇི་ལྟར་དབང་བསྐུར་ལྟར། །བྱང་ཆུབ་སེམས་ཀྱི་ཆུ་ཡིས་ནི། །བུ་ཁྱོད་དེ་བཞིན་དབང་བསྐུར་བྱ། །ཞེས་བརྗོད་ནས། སློབ་མས་མྱངས་ཏེ་མིད་ནས། ལུས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་གང་བས། རང་བཞིན་བརྒྱད་ཅུའི་རྣམ་པར་རྟོག་པ་ཐམས་ཅད་འགགས་ནས། གསུང་རྣམ་པར་དག་པ་འོད་དཔག་ཏུ་མེད་པའི་ངོ་བོར་གྱུར་པར་བསྒོམ་དུ་བཅུག་ནས། ཨ་ཧོ་མ་ཧཱ་སུ་ཁ་ཞེས་བརྗོད་དུ་གཞུག་གོ །དེ་ནས་གདོང་གཡོགས་པ་ཕྱེ་ལ་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ་པས། ངག་གི་དྲི་མ་དག་པར་བྱས་ནས། བདག་བྱིན་གྱིས་བརླབ་པའི་རིམ་པ་བསྒོམ་པ་ལ་དབང་ཞིང༌། ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་བྱས་སོ། །ཞེས་བརྡར་སྤྲད་ནས། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པ། ཀུན་རྫོབ་ཀྱི་བདེན་པ་ལ་སློབ་དུ་གཞུག་གོ །གསང་བའི་དབང་ངོ༌།། །།དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ། སློབ་མ་འོད་དཔག་ཏུ་མེད་པའི་ང་རྒྱལ་འཛིན་པས། བླ་མ་ཆོས་ཀྱི་སྐུར་དམིགས་པ་ལ་ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ལ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་མེད་ཀྱང༌། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །སྐུ་ལ་སྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང༌། །ཁྱོད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་བྱ་བ་སྟོན་པར་མཛད། །ཆུ་ཟླ་བཞིན་དུ་གཟུང་དུ་མེད། །ཆོས་རྣམས་ཀུན་ལ་གནས་པ་མེད། །ང་རྒྱལ་མེད་ཅིང་རྨོངས་མི་མངའ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཐམས་ཅད་དུ། །ཁྱོད་ནི་རྟག་ཏུ་མཉམ་འཇོག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེ་དགུ་རྣམ་འཕྲུལ་ཞིང༌། །སྣ་ཚོགས་མིན་ལ་སྙོམས་འཇུག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང༌། །ནམ་མཁའ་དང་ནི་མཉམ་འགྱུར་བ། །འདོད་པ་རྣམས་ཀྱིས་མ་གོས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཕུང་པོ་རྣམས་དང་ཁམས་རྣམས་དང༌། །སྐྱེ་མཆེད་རྣམས་ལ་མི་བརྟེན་ཅིང༌། །ཕྱིན་ཅི་ལོག་ལས་རྣམ་གྲོལ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་རྟོག་མེད་ཅིང་ཀུན་རྟོག་མེད། །ཐུགས་ནི་རབ་ཏུ་མི་གནས་པ། །བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཇི་ལྟར་ནམ་མཁའ་གནས་མེད་ཅིང༌། །སྤྲོས་མེད་གོས་པ་མེད་པ་ལྟར། །མཁའ་དང་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བས་བསྟོད་ནས། ཐམས་ཅད་སྟོང་པའི་བདག་ཉིད་ཅན། །མངོན་པར་བྱང་ཆུབ་བལྟ་བར་འཚལ། །ལས་དང་སྐྱེ་ལས་རྣམ་གྲོལ་ཞིང༌། །སྣང་བ་གསུམ་པོ་སྤང་བ་ཡི། །བྱང་ཆུབ་མངོན་པར་མཐོང་བ་ནི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །མགོན་པོ་ཆེན་པོ་བདག་འཚལ་ལོ། །ཐོག་མཐའ་མེད་ཅིང་ཞི་བ་མེད། །ཉོན་མོངས་ཐམས་ཅད་རྣམ་སྦྱང་ཞིང༌། །ལུས་དང་ངག་དང་སེམས་སྦྱོར་བ། །རྡོ་རྗེ་ཆེན་པོ་བདག་འཚལ་ལོ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་ནས། སྔ་མ་བཞིན་དུ་སློབ་མའི་གདོང་གཡོགས་ཏེ་བསང་གཏོར་བྱས་ལ། སྐད་ཅིག་གིས་མི་བསྐྱོད་རྡོ་རྗེ་འམ། རིན་ཆེན་རྡོ་རྗེར་བསྒོམ་དུ་གཞུག་གོ །དམ་ཚིག་སྡོམ་པའི་སྐལ་ལྡན་པ། །ན་ཚོད་བཅུ་གཉིས་ལོན་པའམ། །ཡང་ན་ལོ་ནི་བཅུ་དྲུག་སྟེ། །ཉི་ཤུ་ལོན་ཡང་མཛེས་མ་ནི། །ཞེས་བྱ་བའི་མཚན་ཉིད་དང་ལྡན་པའི་རིག་མ་རེག་རྡོ་རྗེར་བསྐྱེད་ནས། ཁྱོད་ཀྱིས་དགའ་མ་འདི་ཟུང་ཤིག །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་དགོངས། །འཁོར་ལོའི་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱོང་བར་གྱིས། །སྲིད་པ་གསུམ་ནི་རིགས་འདི་ལས། །གཞན་པའི་ཐབས་ཀྱིས་སངས་རྒྱས་མིན། །དེས་ན་འདི་ཡང་ནམ་དུ་ཡང༌། །ཁྱོད་ཀྱིས་འབྲལ་བར་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ནས་སྦྱིན་པར་བྱའོ། །དེས་ཀྱང་གསང་བའི་དཀྱིལ་འཁོར་བསྟན་ནས། བཤང་གཅི་ལ་སོགས་ཟ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ཤ །རྟག་པར་བུད་མེད་མཆོག་གུས་པས། །བྷ་གའི་པདྨོར་འོ་བྱེད་པ། །ཇི་ལྟར་སྤྲོ་བར་བྱེད་དམ་ཅི། །ཇི་ལྟར་དགའ་བ་སྨྲོས་ཤིག་བུ། །ཞེས་དྲིས་པའི་ལན་དུ། བཤང་གཅི་བདུད་རྩི་བཟའ་བྱ་བ། །བུད་མེད་རྟག་གུས་ཅིས་མི་བགྱིད། །གསང་བའི་པདྨོར་འོ་བྱེད་པ། །ལྷ་མོ་བདག་ནི་ཅིས་མི་སྤྲོ། །ཞེས་ལན་འདེབས་སུ་བཅུག་པས། དེ་མཉེས་ནས་འདི་སྐད་དུ། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །གང་ཞིག་ཆོ་ག་བཞིན་བསྟེན་པ། །དེ་ཡི་མདུན་ན་ང་གནས་ཏེ། །སངས་རྒྱས་བརྙན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །ཏྭཾ་བྷཉྫ་མོ་ཀྵ་ཧོཿཞེས་བརྗོད་ནས་སློབ་མའི་པང་དུ་བྱོན་པ་དང༌། གཉིས་ཀའི་ལུས་ལ་སངས་རྒྱས་ལྔའི་ངོ་བོ་ཡི་གེ་འབྲུ་ལྔ་བཀོད་དེ། མཁའ་དང་གསང་བ་བྱིན་གྱིས་བརླབས་ནས། མན་ངག་ལས་འབྱུང་བའི་ཐབས་ཀྱི་ཡན་ལག་ཚང་བ་དང་ལྡན་པས་སྙོམས་པར་ཞུགས་པས། སྐད་ཅིག་མ་དང་པོ་ལ་སེམས་སྣང་བ་དགའ་བའི་ཡེ་ཤེས། གཉིས་པ་ལ་སྣང་བ་མཆེད་པ་མཆོག་དགའི་ཡེ་ཤེས། གསུམ་པ་ལ་སྣང་བ་ཉེ་བར་ཐོབ་པ་དགའ་བའི་ཡེ་ཤེས། བཞི་པ་འོད་གསལ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བྱས་ནས། རེ་ཞིག་མཉམ་པར་གཞག་གོ །དེ་ནས་རྗེས་སུ་ཆགས་པའི་བདེ་བ་ཆེན་པོས་ཕྱི་དང་ནང་གི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དུ་གཞུག་གོ །དེ་ནས་སློབ་མ་ཐུགས་རྣམ་པར་དག་པ་མི་བསྐྱོད་པའི་ངོ་བོར་གྱུར་པར་བསྒོམ་དུ་བཅུག་ལ། རིག་མས་སྤྱི་བོར་ལག་པ་བཞག་ནས། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མ་ཡིན་ནོ། །དེ་རིང་ཕན་ཆད་བུ་ཁྱེད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་ལམ་ཇི་བཞིན་སེམས་ཅན་གྱི། །བླ་ན་མེད་པའི་དོན་བྱོས་ཤིག །བསྐྱེད་པའི་རིམ་པ་བསྒོམ་པ་ཡི། །འདི་ནི་མན་ངག་ལས་ནི་ཤེས། །རིག་པ་འདི་ནི་དོར་བྱས་ན། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག །རིག་མའི་བརྟུལ་ཞུགས་བུ་ཡིས་སྤྱོད། །དེ་ལྟར་འདི་ནི་རྣལ་འབྱོར་མཆོག །རྡོ་རྗེ་རྣལ་འབྱོར་རྣལ་འབྱོར་མཆོག །རིམ་པ་ཇི་བཞིན་ཡོངས་ཤེས་བྱ། །རྡོ་རྗེ་སེམས་དཔའི་གོ་འཕང་བརྟན། །ཞེས་གསུངས་པ་དང༌། སློབ་མས་ཀྱང༌། བཀའ་བཞིན་དུ་བགྱིའོ་ཞེས་བརྗོད་པར་བྱའོ། །དེ་ནས་གདོང་གཡོགས་པ་ཕྱེ་ལ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས་ཡིད་ཀྱི་དྲི་མ་དག་པར་བྱས་ནས། བདེ་བ་ཆེན་པོའི་ལམ་བསྒོམ་པ་ལ་དབང་ཞིང༌། ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་བྱས་སོ་ཞེས་བརྡ་སྤྲད་ནས། ཕྱིའི་མངོན་པར་བྱང་ཆུབ་པ་དང༌། ནང་གི་མངོན་པར་བྱང་ཆུབ་པ་དང༌། རྣལ་འབྱོར་གཉིས་ལས་བྱུང་བ་དོན་དམ་པའི་བདེན་པ་ལ་སློབ་ཏུ་གཞུག་གོ །དབང་གི་ཚུལ་གཉིས་པོ་འདི་སློབ་མ་རྣལ་འབྱོར་ཡོངས་སུ་འབྱོངས་པ་ལ། ཇི་སྐད་བཤད་པའི་ཚུལ་གྱིས་དངོས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྦྱིན་པར་བྱའོ། །རྣལ་འབྱོར་མ་འབྱོངས་པ་དང༌། རྒན་པོ་དང༌། བྱིས་པ་དང༌། མ་ནིང་ལ་སོགས་པ་རྣམས་ལ་ཏིང་ངེ་འཛིན་གྱིས་སྦྱིན་པར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌།། །།དེ་ནས་དབང་བཞི་པའི་དོན་དུ་སློབ་མ་མི་བསྐྱོད་པའི་ང་རྒྱལ་འཛིན་པས། བླ་མ་སྐུ་གསུམ་དབྱེར་མི་ཕྱེད་པའི་རང་བཞིན་དུ་དམིགས་པ་ལ། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱང་བ། །དེ་རིང་ཚིག་གི་རིན་ཆེན་གྱིས། །གཙོ་བོ་བདག་ལ་བཀའ་དྲིན་སྐྱོབས། །ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །བདག་ལ་ངེས་པར་དབང་སྐུར་ཅིག །ཅེས་ལན་གསུམ་དུ་གསོལ་བ་བཏབ་པས་སྔར་བཞིན་དུ་སློབ་མའི་གདོང་གཡོགས་ཏེ། བསམ་གཏན་གྱི་འདུག་སྟངས་ཀྱིས་གནས་སུ་བཅུག་ལ། གསུམ་པའི་དུས་སུ་མྱོང་བའི་བཞི་པའི་ཡེ་ཤེས་འོད་གསལ་གྱི་རྗེས་ལ་འབྱུང་བའི་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱིས་ཟུང་འཇུག་གི་རང་བཞིན་མཚོན་པའི་ཕྱིར། སློབ་དཔོན་གིས་ཚིག་གིས་ངོ་སྤྲད་པར་བྱ་སྟེ། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པས་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བརྗོད་ནས་དོན་བཤད་དེ། འཛིན་པ་མེད་པའི་ངང་ལ་མཉམ་པར་འཇོག་ཏུ་བཅུག་ནས། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཚུལ་བཞིན་དུ་སྐྱེས་པའི་མཐར། སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ། རྡོ་རྗེ་སེམས་དཔའི་རང་བཞིན་དུ་གྱུར་པ་སྒོམ་དུ་གཞུག་གོ །དེ་ནས་གདོང་གཡོགས་པ་ཕྱེ་ལ། དོན་དམ་པའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ་པས། དྲི་མ་བག་ཆགས་དང་བཅས་པ་དག་པར་བྱས་ནས། ཟུང་དུ་འཇུག་པའི་ལམ་བསྒོམ་པ་ལ་དབང་ཞིང༌། ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་བྱས་སོ་ཞེས་བརྡ་སྤྲད་ནས། ཟུང་དུ་འཇུག་པའི་རིམ་པ་ལ་སློབ་ཏུ་གཞུག་གོ །དབང་བཞི་པའོ། །དངོས་གཞིའི་ཆོ་གའོ།། །།དམ་ཚིག་བསྡུས་ཏེ་ཁས་བླང་དང༌། །ཡོན་འབུལ་བ་གཉིས་སློབ་མའི་ལས། །དཀྱིལ་འཁོར་མཆོད་དང་དངོས་གྲུབ་བླང༌། །བཟོད་པར་གསོལ་དང་ལྷག་ཆད་བསྐང༌། །སྨོན་ལམ་གདབ་དང་གཤེགས་སུ་གསོལ། །དཀྱིལ་འཁོར་བསྡུ་ཞིང་ཕུར་བུ་དབྱུང༌། །བདག་ཉིད་ཡོངས་སུ་བསྲུང་བ་སྟེ། །རྗེས་ཀྱི་བྱ་བ་རྣམ་པ་བཅུ། །དེ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཚིག་དང༌། རྡོ་རྗེ་སློབ་དཔོན་གྱིས་གང་ཇི་སྐད་གསུངས་པ་ཐམས་ཅད་བསྒྲུབ་པའི་བསམ་པས། སྔ་མ་བཞིན་དུ་ལན་གསུམ་དུ་དམ་བཅའོ། །དེ་ནས་རྡོ་རྗེ་ཕྲེང་བ་ལས། བདག་ལ་དངོས་གྲུབ་མཆོག་སྩལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུའང་སྩལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པ་སྩལ། །ཞེས་ཚིག་གི་གཏང་རག་ཕུལ་ནས། དངོས་སུ་ཅི་འབྱོར་པའི་ཡོན་དང༌། ཡིད་ཀྱིས་ཀྱང་ལུས་དང་ལོངས་སྤྱོད་དང༌། དགེ་བའི་རྩ་བ་ཐམས་ཅད་གོང་དུ་བརྗོད་པའི་ཚིག་ལན་གསུམ་བརྗོད་པས་དབུལ་བར་བྱའོ། །དེ་ནས་བླ་མས་དཀྱིལ་འཁོར་གྱི་འཁོར་ལོ་ལ། ཕྱི་དང་གསང་བ་དང༌། ཡིད་ལས་བྱུང་བའི་མཆོད་པ་རྣམས་ཀྱིས་མཆོད་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཉེ་བར་གནང་བར་གསོལ་བ་བཏབ་ལ། ཆད་པའམ་ནི་ལྷག་པའི་ཚིག །བདག་གིས་བརྗོད་དང་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་མཛད་པ། །མགོན་པོ་ཁྱོད་ཀྱིས་བཟོད་པར་གསོལ། །མ་རྙེད་པ་དང་མ་ཤེས་པ། །མ་ནུས་པ་ཡང་བཟོད་པར་མཛོད། །མ་ཚང་བའམ་འགལ་བགྱིས་པ། །དེ་ཀུན་བཟོད་པ་མཛད་པར་རིགས། །ཞེས་ལན་གསུམ་བརྗོད་པས། ནོངས་པ་སྤྱད་པ་བཟོད་པར་གསོལ་ནས་ལྷག་ཆད་ཀྱི་ཉེས་པ་བསྐང་བའི་ཕྱིར། ཞི་བའི་སྦྱིན་སྲེག་བྱ་བའམ། མ་འགྲུབ་ན་ཡི་གེ་བརྒྱ་པ་ཡང་ནས་ཡང་དུ་བརྗོད་པར་བྱའོ། །དེ་ནས་ལས་བསགས་པ་འབྲས་བུ་དང་ལྡན་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་བདེར་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་བའི། །དེས་ནི་སངས་རྒྱས་ཉིད་ཐོབ་ཤོག །ཅེས་བྱ་བ་ལ་སོགས་པ་ཤིན་ཏུ་རྒྱ་ཆེ་བའི་སྨོན་ལམ་གདབ་པར་བྱའོ། །དེ་ནས་སྤྱན་དྲངས་པའི་ཡེ་ཤེས་པ་ལ་དམིགས་ཏེ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པའི་མཐར། ཨོཾ་བཛྲ་མུཿཞེས་བརྗོད་ནས། ཡེ་ཤེས་པ་གཤེགས་སུ་གསོལ་ལ། དམ་ཚིག་པ་བདག་ལ་བསྡུས་ནས། ཨ་ཀཱ་རོའི་མཐར། ཨོཾ་གི་ལི་གི་ལི་ཧཱུྃ་ཛཿསྭཱ་ཧཱ། ཞེས་བརྗོད་ཅིང་གཡས་པའི་སྲིན་ལག་གིས་དབང་ལྡན་གྱི་རྩིག་པ་བཤིག་ལ། རྡུལ་ཚོན་མ་ལུས་པར་བསྡུས་ལ་རིན་པོ་ཆེའི་སྣོད་དུ་བཞུགས་ནས། རོལ་མོའི་སྒྲ་དང་བཅས་པས་རྒྱ་མཚོར་འབབ་པའི་ཆུ་བོ་ཆེན་པོར་དོར་བར་བྱའོ། །དེ་ནས་ཕྱོགས་བཅུར་བཏབ་པའི་རྡོ་རྗེ་ཕུར་བུ་རྣམས་མཆོད་ནས། གཡོན་བརྐྱང་པ་ཡི་སྟབས་ཀྱིས་གནས། །སྐམ་པའི་ཕྱག་རྒྱས་ཕྱོགས་བཅུ་རུ། །གནས་པ་ཡི་ནི་ཕུར་བུ་དག །གསང་སྔགས་བརྗོད་ཅིང་དབྱུང་བར་བྱ། །ཨོཾ་བཛྲ་ཀཱི་ལ། ཨུཏྐཱི་ལ་ཡ་སརྦ་བིགྷྣཱན་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་ཧཱུྃ་ཧཱུྃ་ཕཊ་ཕཊ་ཧོ། །ཞེས་གསུངས་པ་ལྟར་ཕྱུང་ནས། རིན་པོ་ཆེའི་སྣོད་དུ་བཞག་པ་ལ་དྲིའི་ཆུས་གཏོར་ཞིང༌། ཨོཾ་ཨཱཿཧཱུྃ་སཏྭ་ཨརྠཾ། ཨ་མུ་ཀ་སྱ་ཤཱནྟིཾ་ཀུ་རུ་སྭསྟི་སྭཱ་ཧཱ། ཞེས་བརྗོད་ནས། ཕུར་བུའི་ཡེ་ཤེས་པ་རྣམས་གཤེགས་སུ་གསོལ་ལ། དཀྱིལ་འཁོར་གྱི་གནས་ཐམས་ཅད་བ་བྱུང་གིས་ལེགས་པར་བྱུགས་ནས། རྗེས་མི་མངོན་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། གནོད་མཛེས་ཀྱི་སྔགས་བརྗོད་ཅིང་ཡི་གེ་གསུམ་གྱིས་གནས་གསུམ་མངོན་པར་བསྲུངས་ནས་དགའ་སྟོན་ཆེན་པོ་ལ་ལོངས་སྤྱོད་ཅིང་ཇི་ལྟར་བདེ་བར་གནས་པར་བྱའོ། །དེ་དག་གིས་ནི་དབང་གི་བྱ་བ་ཡོངས་སུ་རྫོགས་ཏེ། ཐོག་མར་སྨིན་པར་བྱེད་པ་རྒྱུའི་དབང་ངོ༌། །དེ་ནས་བླ་མས་དམ་ཚིག་དང་སྡོམ་པ་རྒྱས་པར་སྦྱིན་ཞིང༌། སློབ་མས་དེ་ལ་བསླབས་པས་དབང་གི་དམ་ཚིག་དང་ཡེ་ཤེས་མི་ཉམས་པར་བྱས་ཤིང༌། རིམ་པ་གཉིས་འཁོར་དང་བཅས་པ་བསྟན་པ་ལ་བསླབས་པས། དབང་གི་དོན་གོམས་ཤིང་རྟོགས་པ་གོང་ནས་གོང་དུ་འཕེལ་བར་བྱེད་པ་ནི་གྲོལ་བར་བྱེད་པའི་ལམ་ཡིན་ལ། དེ་ཉིད་དབང་གི་དོན་ཉམས་སུ་ལེན་པའི་ཕྱིར་ལམ་གྱི་དབང་ཡིན་ནོ། །གོམས་པ་མཐར་སོན་པའི་ཚེ། དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ་གཤེགས་ནས། དབང་བསྐུར་བ་མཛད་པའི་ཚེ་ཕྱི་དང་ནང་གི་མངོན་པར་བྱང་ཆུབ་པའི་རིམ་པ་ཡོངས་སུ་རྫོགས་ནས། རྣམ་པར་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རྡོ་རྗེ་འཛིན་པ་ཆེན་པོའི་གོ་འཕང་མངོན་དུ་བྱེད་པ་འདི་ནི་འབྲས་བུའི་དབང་ཡིན་ཏེ། དབང་གསུམ་གྱིས་རྒྱུ་དང་ལམ་དང་འབྲས་བུའི་ཆོས་མ་ལུས་པ་ཡོངས་སུ་བསྡུས་པ་ཡིན་ནོ།། །།ཟབ་ཅིང་རྒྱ་ཆེ་རྣམ་པར་བཀོད་ལེགས་འདུས་པའི་རྒྱ་མཚོར་རྒྱུད་སྡེའི་ཀླུང༌། །བྱེ་བ་ཕྲག་བརྒྱ་ཀུན་ནས་འདུས་པ་ཤིན་ཏུ་གཞལ་བར་དཀའ་བའི་ཀློང༌། །ཀླུ་སྒྲུབ་ཀླུ་ཡི་དབང་པོས་དབང་མཛད་དེས་བཀོད་བསྟན་བཅོས་རིན་ཆེན་གླིང༌། །མན་ངག་ནོར་བུས་ཆེར་བཀྲ་ལས་འོངས་དབང་རབ་གསལ་བ་བདག་གིས་གླེང༌། །འདི་འདྲའི་ཚུལ་ལ་ཚུལ་བཞིན་རབ་འདུན་རྣམ་དཔྱོད་བློ་ཡི་དབྱིག་ལྡན་པ། །རིན་ཆེན་རྒྱལ་མཚན་དཔལ་ཞེས་བྱ་བས་ཡང་ནས་ཡང་དུ་རབ་བསྐུལ་བས། །བདག་གིས་སྦྱར་མོད་ཚུ་རོལ་མཐོང་བ་བྱིས་པའི་བློ་ཡི་ངང་ཚུལ་བས། །འདི་ལ་འགལ་གང་དེ་ལ་དེ་ལྟར་གཟིགས་པ་རྣམས་ཀྱིས་བཟོད་པར་དགོངས། །དགེ་བ་གང་ཞིག་ཉེ་བར་བསྐྲུན་པས་མ་ལུས་འགྲོ་བའང་དབང་འདི་ཡིས། །གང་དག་ཇི་བཞིན་སྨིན་བར་བྱས་ནས་ཀུན་ནས་དགེ་བའི་རིམ་གཉིས་ཀྱི། །རྣལ་འབྱོར་མཆོག་གིས་ཚོགས་གཉིས་དཔལ་རབ་རབ་ཏུ་རྫོགས་ནས་སྲིད་ཞིའི་དཔལ། །སྐུ་གཉིས་ཟུང་འཇུག་རྣམ་ཀུན་མཆོག་ལྡན་རྡོ་རྗེ་འཆང་དབང་ཉིད་གྱུར་ཅིག། །།དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚུལ། སློབ་དཔོན་བདག་ཉིད་ཆེན་པོ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་ཅན། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་འོངས་པ། གྲུབ་པ་བརྙེས་པའི་སློབ་དཔོན་ཀླུའི་བྱང་ཆུབ་དང༌། སློབ་དཔོན་གྲག་ཅན་འཛིན་དཔལ་བཤེས་གཉེན་གྱིས་གསལ་བར་མཛད་པའི་ཆོ་ག་དང་མཐུན་པར། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་ཞལ་སྔ་ནས། ཆོས་ཀྱི་རྗེ་མཁྱེན་རབ་ཀྱི་དབང་ཕྱུག ས་སྐྱ་པཎྜི་ཏ་ཆེན་པོ་ཉིད་ཀྱིས་ནོས་པ་ལས་ཐོབ་ཅིང༌། ཐོབ་པ་བཞིན་དུ་གསལ་བར་བྱས་ལ། དཀྱིལ་འཁོར་གྱི་ཆོ་ག་དབང་རབ་ཏུ་གསལ་བ་ཞེས་བྱ་བ་འདི་ནི། འགྲོ་བའི་བླ་མ་དེ་ཉིད་ཀྱི་ཞབས་ཀྱི་པདྨ་ལ་གུས་པས་གཏུགས་པ། བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས། ཆུ་ཕོ་ཁྱིའི་ལོ། སྨལ་པོའི་ཟླ་བ་ལ། རྒྱལ་པོའི་ཕོ་བྲང་ཁའི་ཕིང་ཧུར་ཞེས་བྱ་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།། །།གསང་བ་འདུས་པ་འཕགས་སྐོར་གྱི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང༌། ཕྱག་ན་རྡོ་རྗེ། ཨིནྡྲ་བྷཱུ་ཏི། རྒྱ་མཚོ་ཀླུའི་དབང་པོ། ཀླུ་ལས་བྱུང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ། རྒྱལ་པོ་བི་སུ་ཀལྤ། བྲམ་ཟེ་ཆེན་པོ་ས་ར་ཧ། སློབ་དཔོན་ཀླུ་སྒྲུབ། ཨཱརྻ་དེ་ཝ། ཀླུའི་བྱང་ཆུབ། ཟླ་བ་གྲགས་པ། རོལ་པའི་རྡོ་རྗེ། སྐལ་ལྡན་གྲགས་པ། འོད་ཟེར་འབྱུང་གནས་གྲགས་པ། པྲ་བྷ་ཀ་ར་དེ་ཝ། དྷརྨཱ་ཀ་ར་ཤཱནྟི། བིཀྵ་ཏ་དེ་ཝ། ཁ་ཆེ་པཎ་ཆེན། བླ་མ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏའི་བར་དུའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply