གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་སྒྲུབ་ཐབས།

༼ཕ༽

༄༅། །གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་སྒྲུབ་ཐབས་བཞུགས།།

༄༅། །དཔལ་གསང་བ་འདུས་པ་ལྷ་བཅུ་དགུའི་སྒྲུབ་ཐབས་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྣམ་དག་ཡེ་ཤེས་རྒྱ་མཚོ་ཡོན་ཏན་གཏེར་གྱུར་བཅོམ་ལྡན་འདས། །གསེར་གྱི་མདོག་མཚུངས་གཡས་ཞལ་མཁའ་དང་གཡོན་པ་ཟླ་མདངས་ཕྱག་དྲུག་གི །དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་ཅིང་གཡས་གཉིས་རལ་གྲི་གསུམ་པས་མདའ། །གཡོན་པ་གཉིས་ཀྱིས་ཨུཏྤལ་གཞུ་བསྣམས་འཇམ་པའི་རྡོ་རྗེའི་ཞབས་ལ་འདུད། །མགོན་པོ་དེ་ལ་མཆོག་ཏུ་དད་པས་དེ་ཡི་སྒྲུབ་ཐབས་དེ་ཉིད་ཀྱིས། །རྗེས་སུ་བཟུང་བས་ཡེ་ཤེས་སྤྱན་ལྡན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ནི། །ལེགས་པར་མཛད་པའི་རྗེས་སུ་འབྲངས་ནས་ཚིག་ཉུང་དོན་ནི་རབ་གསལ་བ། །སྒྲུབ་ཐབས་རིན་ཆེན་ཕྲེང་བ་འདིས་ནི་མགྲིན་པ་བརྒྱན་ཕྱིར་སྤེལ་བར་བྱ། །དཀྱིལ་འཁོར་ཆེན་པོར་ཡོངས་སུ་སྨིན་ཅིང༌། བླ་མ་ལས་གནང་བ་ཐོབ་པའི་སྔགས་པས། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་བསྒོམ་པའི་རིམ་པ་ནི། ནུབ་མོ་འོད་གསལ་གྱི་ངང་ལ་ཉལ། ནང་པར་ཐོ་རངས་ཀྱི་ཚེ། བདག་ཉིད་སྐད་ཅིག་གིས་ཐིག་ལེའི་རྣམ་པར་གནས་པ་ལས། ཐིག་ལེ་བཞི་མཚམས་བཞིར་འཕྲོས་ནས། ལྷ་མོ་བཞིར་གྱུར་ཏེ། སེམས་ཅན་གྱི་ཁམས་ན་གནས་པ་ལ་སོགས་པའི་གླུས་བསྐུལ་ཏེ། སླར་ཡང་ཐིག་ལེ་ཉིད་ལ་ཐིམ་ནས། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་འཇམ་པའི་རྡོ་རྗེར་དམིགས་པའི་ཐུགས་ཀར་ཨ་ལས་ཟླ་བའི་སྟེང་དུ་མྃ་གྱི་ཡི་གེ་བསམས་ལ། དེའི་སྣང་བས་དྲི་མ་གསུམ་དག་པར་བྱས་ཏེ། ལྷའི་ཚོགས་ཡང་དག་པར་བཀུག་ནས་དེ་དག་གིས་ཡེ་ཤེས་ཀྱི་ཆུས་བདག་བཀྲུས་པར་བསམ་ཞིང་དངོས་སུ་ཁྲུས་བྱའོ། །དེ་ནས་ལྷ་རྣམས་གཤེགས་སུ་གསོལ་ལོ། །སྔོན་དུ་བྱ་བའི་རིམ་པའོ།།  །།དེ་ནས་སྔ་དྲོའི་ཐུན་ལ་འཇུག་པའི་ཕྱིར། དངོས་གཞི་བསྐྱེད་པའི་རིམ་པ་བསྒོམ་པ་བརྗོད་པར་བྱའོ། །དེའང་བསམ་གཏན་གྱི་འདུག་སྟངས་ཀྱིས་གནས་ལ་སྐྱབས་སུ་འགྲོ་བ་དང༌། སྙིང་རྗེ་ཆེན་པོ་ལས་བྱུང་བའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། རང་ཉིད་འཇམ་པའི་རྡོ་རྗེར་དམིགས་པའི་ཐུགས་ཀར་ཟླ་བ་ལ་གནས་པའི་མྃ་ལས་འོད་ཟེར་གྱི་ཚོགས་ལྕགས་ཀྱུའི་རྣམ་པ་སྤྲོས་པས་ལྷ་དང་བླ་མ་སྤྱན་དྲངས་ལ་མངོན་སུམ་ལྟར་དམིགས་ཏེ། བརྗོད་པར་འགྱུར་བའི་དོན་རྣམས་དྲན་བཞིན་པས། འདི་སྐད་ཅེས། དཔལ་ལྡན་མི་ཤེས་ཀུན་སྤངས་དྲི་མེད་གཟི་བརྗིད་ལྡན། །དཔག་མེད་རིགས་ཀྱི་སྤྲུལ་པ་རྣམས་ཀྱིས་རབ་བརྒྱན་ཞིང༌། །ཤེས་རབ་ཡན་ལག་འདུས་པ་འབར་ཞིང་རབ་མཛེས་པ། །འཇམ་དཔལ་གང་དེ་མཆོད་ཅིང་དེ་ལ་ཕྱག་འཚལ་ལོ། །གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། །འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ། །དེ་དག་ཀུན་ལ་ཡང་དག་རྗེས་ཡི་རང༌། །བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱི། །ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲ་བསྒྲུབས། །སྙིང་རྗེ་དམ་པ་མཐའ་ཡས་པ་ཡི་ཐབས། །རང་གི་ཡིད་ལ་གནས་པར་གྱུར་པ་ཡི། །བདེ་གཤེགས་རྣམས་ལ་རྟག་ཏུ་སྐྱབས་སུ་མཆི། །རྟོག་པ་མ་ལུས་པ་ལས་ངེས་གྲོལ་ཞིང༌། །སེམས་དཔའ་དམ་པ་ཀུན་གྱི་ཕུན་ཚོགས་གཞན། །དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ཉིད། །དམ་པའི་ཆོས་ལ་རྟག་ཏུ་སྐྱབས་སུ་མཆི། །འཆིང་བ་རྣམས་ལས་ཡང་དག་གྲོལ་འགྱུར་ཞིང༌། །སྙིང་རྗེ་མཆོག་གིས་བསྐྲུན་པའི་དཔལ་དང་ལྡན། །རབ་ཏུ་དགའ་སོགས་ས་ལ་རབ་ཞུགས་པའི། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་སུ་མཆི། །བསམ་དང་རྣམ་པར་སྨིན་པར་དག་གྱུར་ཅིང༌། །སྒྲིབ་པ་ཀུན་གྱི་བག་ཆགས་ཡང་དག་འབྱིན། །ལྷག་པར་མོས་པས་རྣམ་པར་བརྒྱན་པ་ཡི། །སེམས་ནི་བྱང་ཆུབ་དམ་པ་བསྐྱེད་པར་བགྱི། །བདེ་གཤེགས་སྲས་བཅས་རྣམས་ཀྱི་ལམ་གཅིག་པུ། །སྦྱིན་སོགས་རྣམ་བཅུ་དཀར་པོའི་ཡོན་ཏན་ཚུལ། །རྫོགས་སངས་རྒྱས་བདག་མ་ལུས་ངོ་བོའི་བློས། །ཡང་དག་ཉིད་དུ་ད་ནི་གནས་པར་བགྱི། །ཞེས་རེ་རེ་ལའང་ལན་གསུམ་གསུམ་དུ་བརྗོད་པའི་མཐར་ཚོགས་ཀྱི་ཞིང་གཤེགས་སུ་གསོལ་ལོ། །དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པ་དང༌། སྡུག་བསྔལ་དང་བྲལ་བ་དང༌། ཉམས་པ་མེད་པའི་བདེ་བ་དང་ལྡན་པར་འདོད་པ་དང༌། ཆགས་པ་དང་སྡང་བ་མེད་པའི་ཚད་མེད་པ་བཞི་དང༌། བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་འདོད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་རྣམ་པར་ཐར་པའི་སྒོ་གསུམ་དྲན་པར་བྱས་པའི་མཐར། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ་པ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དེ་ནས་སྟོང་པའི་ངང་ལས་ནམ་མཁའི་ཁམས་དེ་ཉིད་དུ་སྔོན་གྱི་སྨོན་ལམ་གྱི་མཐུས་རང་གི་སེམས་ཉིད་ཡི་གེ་ཧཱུྃ་དུ་རྣམ་པར་སྤྲུལ་ཏེ། དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གི་མཚན་པར་བལྟས་ལ། དེ་ལས་འཕྲོས་པའི་འོད་ཟེར་གྱི་ཕུང་པོ་ལས་བྱུང་བའི་རྡོ་རྗེའི་ས་གཞི་དང༌། རྭ་བ་དང༌། དྲྭ་བ་དང༌། གུར་དང༌། བླ་རེ་དང༌། དུས་མཐའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བར་བསམ་མོ། །དེའི་དབུས་སུ་པདྨ་དང་ཉི་མ་ལ་གནས་པའི་བྷྲཱུྃ་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རིན་པོ་ཆེའི་རང་བཞིན་ལས་གྲུབ་པའི་སྲུང་བའི་འཁོར་ལོ་རྩིབས་བཅུ་པ་ཡངས་ཤིང་རྒྱ་ཆེ་བར་བསམ་མོ། །དེའི་ནང་དུ་དབུས་དང་ཕྱོགས་བཅུར་པདྨ་དང་ཉི་མའི་དཀྱིལ་འཁོར་རེ་རེ་བསམས་ལ། སོ་སོའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་བལྟས་ནས། དེ་དག་ལས་སྣ་ཚོགས་པའི་འོད་ཟེར་འཕྲོས་པས། དོན་གཉིས་བྱས་ནས་སླར་འདུས་ཏེ། སོ་སོ་ལ་ཐིམ་ནས་ཡོངས་སུ་གྱུར་པ་ལས་འཆད་པར་འགྱུར་བའི་ཁྲོ་བོ་རྣམས་བསྐྱེད་པར་བྱའོ། །དེའང་དབུས་སུ་རང་ཉིད་འཇིགས་བྱེད་དང༌། ཨུ་མ་མཉམ་པར་མནན་པའི་རྡོ་རྗེ་ཧཱུྃ་མཛད། ཕྱག་གཡས་ཀྱི་གཉིས་པས་རྡོ་རྗེ། གསུམ་པས་རལ་གྲི། གཡོན་གྱི་གཉིས་པས་ཞགས་པ། གསུམ་པས་ལྕགས་ཀྱུ། ཤར་དུ་གཤིན་རྗེ་གཤེད་སྐུ་མདོག་སྔོན་པོ། གཡས་པས་ཐོ་བ་དང་རལ་གྲི། གཡོན་པས་རིན་པོ་ཆེ་དང་པདྨ་འཛིན་པ། རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། ལྷོར་ཤེས་རབ་མཐར་བྱེད་སྐུ་མདོག་དཀར་པོ། ཞལ་གཡས་སྔོ་གཡོན་དམར་བ། གཡས་པས་དབྱུག་ཏོ་དང་རལ་གྲི། གཡོན་པས་པདྨ་དང་རིན་པོ་ཆེ་འཛིན་པ། ནུབ་ཏུ་པདྨ་མཐར་བྱེད་སྐུ་མདོག་དམར་པོ། ཞལ་གཡས་སྔོ་གཡོན་དཀར་བ། གཡས་པས་པདྨ་དང་རལ་གྲི། གཡོན་པས་འཁོར་ལོ་དང་རིན་པོ་ཆེ་འཛིན་པ། འོད་དཔག་མེད་ཀྱི་དབུ་རྒྱན་ཅན། བྱང་དུ་བགེགས་མཐར་བྱེད་སྐུ་མདོག་ལྗང་གུ། ཞལ་གཡས་སྔོ་གཡོན་དཀར་བ། གཡས་པས་སྣ་ཚོགས་རྡོ་རྗེ་དང་རལ་གྲི གཡོན་པས་པདྨ་དང་རིན་པོ་ཆེ་འཛིན་པ། དོན་ཡོད་གྲུབ་པས་དབུར་བརྒྱན་པའོ། །བྱང་ཤར་དུ་མི་གཡོ་བ། གཡས་པས་རལ་གྲི་དང་རྡོ་རྗེ། གཡོན་པས་འཁོར་ལོ་དང་ཞགས་པ་འཛིན་པ། ཤར་ལྷོར་འདོད་པའི་རྒྱལ་པོ་གཡས་པས་ལྕགས་ཀྱུ་དང་རལ་གྲི། གཡོན་པས་རིན་པོ་ཆེ་དང་མདའ་འཛིན་པ། ལྷོ་ནུབ་ཏུ་དབྱུག་པ་སྔོན་པོ་ཅན་གཡས་དབྱུག་པ་སྔོན་པོ་དང་རལ་གྲི། གཡོན་པས་རིན་པོ་ཆེ་དང་པདྨ་འཛིན་པ། ནུབ་བྱང་དུ་སྟོབས་པོ་ཆེ་གཡས་པས་རྡོ་རྗེ་རྩེ་གསུམ་པ་དང་རལ་གྲི། གཡོན་པས་རིན་པོ་ཆེ་དང་པདྨ་འཛིན་པ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སྐུ་མདོག་སེར་པོ། ཞལ་གཡས་སྔོ་གཡོན་དཀར་བ། གཡས་པས་འཁོར་ལོ་དང་རལ་གྲི། གཡོན་པས་རིན་པོ་ཆེ་དང་པདྨ་འཛིན་པ། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པ། འོག་ཏུ་གནོད་མཛེས་གཡས་པས་རྡོ་རྗེ་དང་རལ་གྲི། གཡོན་པས་རིན་པོ་ཆེ་དང་པདྨ་འཛིན་པའོ། །ཧཱུྃ་མཛད་ལ་སོགས་པའི་ཁྲོ་བོ་བདུན་ནི་སྐུ་མདོག་སྔོན་པོ་གཡས་དཀར་གཡོན་དམར་བ་ཡིན་ལ། རིགས་ཀྱི་བདག་པོ་གོང་དུ་མ་བསྟན་པ་རྣམས་ནི། མི་བསྐྱོད་པས་དབུར་བརྒྱན་པ་ཡིན་ནོ། །ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པ། ཕྱག་དང་པོ་གཉིས་ཀྱིས་འཁྱུད་པའི་ཚུལ་དུ་མཛད་ཅིང༌། ལྷག་མ་བཞིས་སོ་སོའི་ཕྱག་མཚན་འཛིན་པ། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་ཞིང༌། སྟག་གི་པགས་པའི་ཤམ་ཐབས་ཅན། དབུ་སྐྲ་སེར་པོ་གྱེན་དུ་འབར་བ། འཛུམ་ཁྲོའི་རྣམ་པ་ཅན། གཡོན་བརྐྱང་པའི་གནས་པས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ་མོ། །དེ་ནས་བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ནས། ཁྲོ་བོ་རྣམས་ལ་ཕོག་པས། དེ་རྣམས་ཀྱི་རྒྱུད་བསྐུལ་ནས། བསྲུང་བའི་ཕྲིན་ལས་ལ་བརྩོན་པར་མཛད་ཅིང༌། སོ་སོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་ལོ་གཡས་ཕྱོགས་སུ་བསྐོར་ནས། དེའི་སྒྲ་དང་མེའི་འོད་ཀྱིས་བགེགས་དང་ལོག་པར་འདྲེན་པ་རྣམས་བསྐྲད་པར་བསམ་ཞིང༌། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲིཧྣ་གྲིཧྣ་ཧཱུྃ། གྲིཧྣཱ་པ་ཡ་གྲིཧྣཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ། བྷ་ག་ཝཱན་བི་དྱཱ་རཱ་ཛ་ཧཱུྃ། ཞེས་ཅི་རིགས་པ་བརྗོད་པས་བདག་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ། བར་དུ་གཅོད་པ་ཐམས་ཅད་ལས་ངེས་པར་བསྲུང་བར་བསམ་མོ། །ལྷ་བསྐྱེད་པའི་སྔོན་དུ་འགྲོ་བ་ནི་འདི་ཙམ་ཞིག་ཡིན་ལ། གལ་ཏེ་ཕ་རོལ་གྱི་སྦོད་གཏོང་བཟློག་པར་འདོད་ན། རང་ཉིད་དབུས་སུ་གཙུག་ཏོར་འཁོར་ལོས་སྒྱུར་བར་བསམ་ཞིང༌། སྟེང་དུ་ཧཱུྃ་མཛད་བསྒོམ་པ་གཙོ་བོ་འཕོ་བའི་གནད་དང༌། བདག་ཉིད་ཀྱི་སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེའི་ནང་དུ་བདག་ཉིད་ཀྱི་རྣམ་ཤེས་ཧཱུྃ་དུ་བསམས་ལ་དེའི་མཐར། བསྒྲུབ་བྱའི་མིང་གི་ཡི་གེ་དང་པོ་བསམས་ཏེ། དེ་བསྲུང་བར་བསམ་པ་ནི་བསྲུང་བྱ་སྦ་བའི་གནད་དང༌། ཁྲོ་བོ་རྣམས་ཤིན་ཏུ་ཁྲོས་པའི་ཚུལ་ཅན། ཞལ་ཕྱི་རོལ་ན་གཟིགས་ནས། ཐུགས་ཀ་ནས་རང་རང་འདྲ་བའི་ཁྲོ་བོ་དུ་མ་འཕྲོས་ཏེ་ཕ་རོལ་གྱི་སྲུང་མ་དང༌། བདག་ལ་རྦད་པའི་གདོན་རྣམས་ཚར་གཅད་པར་བསམ་པ་ལྷའི་རྣམ་པའི་གནད་དང༌། འཁོར་ལོ་གཡོན་དུ་འཁོར་བས་དགྲ་བགེགས་ཕྱེ་མར་བརླག་པ་འཁོར་ལོའི་གནད་དང་ཨུཥྞཱི་ཥའི་སྔགས་བཟླ་བ་སྔགས་ཀྱི་གནད་དེ། གནད་ལྔ་དང་ལྡན་པའོ། །སྔགས་ནི་ཨོཾ་ཨུཥྞཱི་ཥ་བཛྲ་ཙཀྲ་ཝརྟི། སརྦ་ལོ་ཀ ལོ་ཀཏྟ་ར་ནི། ཡནྟྲ་མནྟྲ། ཏནྟྲ་བི་ཤ་ཙུརྞ། པྲ་ཡོ་གི་ཏ་ནི། མ་མ་ཀྲྀ་ཏེ་ཡེ་ན་ཀེ་ན་ཙི་ཏ། ཀྲིཏྟ་ནི་ཀཱ་རི་ཎི་པ་ཏ་ནི་སརྦནྟུ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཀམྦྷ་ཡ་ཀམྦྷ་ཡ། བིདྷྭནྶ་ཡ། བིནྡྷནྶ་ཡ། ཤ་ཏ་ས་ཧ་སྲ། བི་ཙུརྞ་ཡ། ཨུཥྞཱི་ཥ་བཛྲ་ཙཀྲ་ཝརྟི། བྷྲཱུྃ་བྷྲཱུྃ་བྷྲཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་ཅི་ནུས་པ་བཟླས་པའི་མཐར། བདག་ཉིད་བསྲུང་བའི་སྤེལ་ཚིག་དང༌། དགྲ་བགེགས་ལའང་དམོད་པའི་ཚིག་བརྗོད་པར་བྱའོ། །འདི་ནི་རང་ལ་བསྲུང་བའི་མཆོག་ཏུ་འགྱུར་ཞིང༌། གཞན་གྱི་སྦྱོར་བ་ཕྱིན་ཅི་ལོག་ཕྱིར་བཟློག་པའི་མཆོག་ཏུ་འགྱུར་རོ། །སྲུང་བའི་འཁོར་ལོ་བསྒོམ་པ་མན་ངག་གི་རིམ་པའོ།།  །།དེ་ནས་ལྷ་བསྐྱེད་པའི་སྔོན་དུ་རྟེན་གཞལ་ཡས་ཁང་བསྐྱེད་པའི་ཕྱིར། དབུས་ཀྱི་ཁྲོ་བོ་ཞུ་བ་སྃ་ལས་རྡོ་རྗེ་སྃ་གྱིས་མཚན་མ་ལས། འོད་ཟེར་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས། ཀུན་ཏུ་བཟང་པོ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་སྔོ་གཡོན་དམར་བ། ཕྱག་དང་པོ་གཉིས་ཀྱིས་རང་སྣང་གི་རིག་མ་ལ་འཁྱུད་པ། གཡས་ཀྱི་འོག་མ་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི གཡོན་པས་པདྨ་དང་རིན་པོ་ཆེ་འཛིན་པ། ཞི་ཞིང་སྒེག་པའི་ཉམས་ཅན། རིན་པོ་ཆེ་དང་དར་གྱིས་བརྒྱན་པ་བསྐྱེད་ལ། གནས་གསུམ་དུ་ཡི་གེ་གསུམ་བཀོད་དེ། འོད་ཟེར་གྱི་ཚོགས་མངོན་པར་སྤྲོས་པས་སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་གཅིག་ཏུ་གྱུར་པ་ལས། ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། གདེངས་ཁ་གྱེན་དུ་ཕྱོགས་པ་རྣམ་པར་ཐར་པའི་སྒོ་གསུམ་གྱི་རང་བཞིན་དུ་གྲུབ་པར་བསམ་མོ། །དེའི་ནང་དུ་པྃ་ལས་པདྨའི་ནང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། ལྟེ་བར་བྷྲཱུྃ་ལས་འཁོར་ལོ་དཀར་པོ། བྷྲཱུྃ་གྱིས་མཚན་པ་ལས་འོད་ཟེར་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས། རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་སྔོ་གཡོན་དམར་བ། ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་ཅིང༌། གཡས་ཀྱི་འོག་མ་གཉིས་ཀྱིས་འཁོར་ལོ་དང་རལ་གྲི། གཡོན་པ་རིན་པོ་ཆེ་དང་པདྨ་འཛིན་པ། རིན་པོ་ཆེ་དང་དར་གྱིས་བརྒྱན་པར་བསྐྱེད་ལ། ཡི་གེ་གསུམ་གིས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། རང་འོད་ཀྱི་རིག་མ་དང་སྙོམས་པར་ཞུགས་པས་བདེ་བ་ཆེན་པོ་རྗེས་སུ་ཆགས་པའི་མེས། རྣམ་པར་སྣང་མཛད་ཡབ་ཡུམ་འོད་དུ་ཞུ་བ་ལས་བྱུང་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྩིག་པ་ལྔ་དང་ལྡན་པ། རྩིག་པའི་སྟེང་གི་རིན་པོ་ཆེའི་ཕ་གུ་སེར་པོ་ལ། དྲྭ་བ་དང༌། དྲྭ་བ་ཕྱེད་པ་དང༌། ཟླ་བ་རླུང་གིས་བསྐྱོད་པ་དང༌། དྲིལ་བུ་གཡེང་ཁའི་ཕྲེང་བ་དང༌། རྔ་ཡབ་ནོར་བུའི་ཡུ་བ་ཅན་འཕྱང་བ། ཕ་གུའི་སྟེང་ན་ཀྲ་མ་ཤཱིརྵའི་མདའ་ཡབ་དང༌། རིན་པོ་ཆེའི་དྲྭ་བ་སེང་མའི་པུ་ཤུ་ཡོད་པ། འོག་འདོད་ཡོན་གྱི་སྣམ་བུའི་སྟེང་དུ་ལྷ་མོ་རྣམས་ཀྱིས་མཆོད་རྫས་དུ་མ་ཐོགས་ནས། ཀུན་ནས་དགའ་བའི་ཟུར་གྱི་མིག་གིས་ལྟ་ཞིང་སྒེག་པ་དང་བཅས་པའི་རྩེད་འཇོའི་ཚུལ་གྱིས་མཆོད་པར་བྱེད་པ། ནང་ཀ་བ་བརྒྱད་དང་ལྡན་པའི་ཤར་ལ་སོགས་པའི་ཕྱོགས་བཞིར་ཀ་བ་གཉིས་གཉིས་རིམ་པ་བཞིན། འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲིས་མཚན་པ་རྣམས་ཀྱིས་རིན་པོ་ཆེའི་གདུང་ཟླུམ་བཏེག་པའི་སྟེང་ན། གདུང་མིག་མངས་རིས་སུ་བྲེས་པས། དབུས་ཀྱི་ཕོ་བྲང་ལ་ལེ་ཚེ་དགུ་པར་གསལ་བའི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སྔོན་པོ། ལྷ་སྣམ་ནི་གསེར་གྱི་མདོག་ཏུ་སྣང་བ་ཉིད་དོ། །གདུང་གི་སྟེང་དུ་རིན་པོ་ཆེའི་རང་བཞིན་གྱིས་ཕྱུར་བུར་ཕུབ་པའི་རྩེ་མོ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཚན་པ། ཕྱི་རོལ་སྒོ་བཞིའི་ཐད་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་སྟེང་དུ་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང༌། གདུགས་དང༌། རི་དྭགས་ཀྱིས་བརྒྱན་པ། དཀྱིལ་འཁོར་གྱི་གྲྭ་བཞི་དང༌། སྒོ་ཁྱུད་ཡི་མཚམས་བརྒྱད་དུ། རྡོ་རྗེ་ཕྱེད་པ་དང་བཅས་པའི་ཟླ་བ་ཚེས་པས་མཚན་པ། གཞན་ཡང་རྒྱན་དང༌། ལྷབ་ལྷུབ་དུ་མས་བརྒྱན་པའི་གཞལ་ཡས་ཁང་པའི་ནང་དུ་ལྷའི་གནས་བཅུ་དགུར་པདྨ་རབ་ཏུ་རྒྱས་པའི་གདན་རྣམས་ལ། ཉི་མའི་དཀྱིལ་འཁོར་བརྒྱད་དང༌། ཟླ་བའི་དཀྱིལ་འཁོར་བཅུ་གཅིག་གི་གདན་རྣམས་བསམ་མོ། །དེ་ནས་བརྟེན་པ་ལྷ་བསྐྱེད་པའི་ཕྱིར། གདན་དབུས་མར་ཉི་མའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དབྱངས་ཡིག་ཨཱ་ལི་བཅུ་དྲུག་ཕྲག་གཉིས་ཀྱིས་མཚན་པ། དེའི་སྟེང་དུ་ཀ་ལས་ཟླ་བའི་དཀྱིལ་འཁོར་གསལ་བྱེད་ཀཱ་ལི་སུམ་ཅུ་རྩ་བཞི། ཡ་ར་ལ་ཝ་ཌ་ཌྷ་དང་བཅས་པ་ཕྲག་གཉིས་ཀྱིས་མཚན་པ། དེ་གཉིས་ཀྱི་བར་དུ་རང་གི་སེམས་ཉིད་ཧཱུྃ་དུ་གྱུར་པར་བསམས་པ་ལས། འོད་ཟེར་ཁ་དོག་ལྔ་འཕྲོས་པས་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཏེ་གཅིག་ཏུ་གྱུར་པ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པར་བསྐྱེད་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ནས། རྡོ་རྗེའི་ང་རྒྱལ་བྱའོ། །དེ་ནས་གསུམ་ཀ་ཡོངས་སུ་གྱུར་བ་ལས། བདག་ཉིད་རྡོ་རྗེ་འཛིན་པ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་སྔོ་བ་གཡོན་དམར་བ། ཕྱག་དང་པོ་གཉིས་ཀྱིས་འོད་ཀྱི་རིག་མ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་ཅིང༌། གཡས་ཀྱི་འོག་མ་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་པ་གཉིས་ཀྱིས་པདྨ་དང་རིན་པོ་ཆེ་འཛིན་པ། མཚན་དང་དཔེ་བྱད་འབར་ཞིང་རིན་པོ་ཆེས་བརྒྱན་པ། དར་གྱི་ན་བཟས་ཀླུབས་པའི་བདག་ཉིད་བསམ་ཞིང༌། འདོད་ཆགས་ལས་བྱུང་བའི་བདེ་བ་ཆེན་པོའི་ཐབས་ཁྱད་པར་དུ་འཕགས་པས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་གོ་འཕང་ལ་དགོད་པར་འདོད་པས་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བདེ་བ་ཆེན་པོའི་སྒྲ་ནམ་མཁའི་ཁམས་ཁྱབ་པར་གྲགས་པས། དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་སྤྱན་དྲངས་ནས། ཡབ་རྣམས་རང་ཉིད་རྡོ་རྗེ་འཛིན་པའི་སྐུ་ལ་ཐིམ་པས། གཟི་བརྗིད་ཕུན་སུམ་ཚོགས་ཤིང༌། བདེ་བ་ཆེན་པོས་ཡོངས་སུ་གང་བས་ཡུམ་དགའ་བར་བྱས། ཡུམ་རྣམས་རིག་མ་ལ་ཐིམ་པས། རིག་མ་གཟི་བརྗིད་དང་ལྡན་ཞིང་བདེ་བ་ཆེན་པོས་ཡོངས་སུ་གང་བས་ཡབ་མཉེས་པར་བྱས་ནས། སླར་ཡང་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་སྒྲས་ནམ་མཁའི་མཐས་གཏུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ནས། ཞལ་དུ་ཞུགས། སྙིང་གར་འདོད་ཆགས་ཆེན་པོའི་མེས་འོད་དུ་ཞུ། བྱང་ཆུབ་ཀྱི་སེམས་ཐིག་ལེའི་རྣམ་པས་ཡབ་ཀྱི་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས། དེ་ཡོངས་སུ་གྱུར་པ་ལས་ལྷ་བཅུ་དགུའི་དཀྱིལ་འཁོར་ཅིག་ཅར་བསྐྱེད་དོ། །སླར་ཡང་རྡོ་རྗེ་འཛིན་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་གྱི་ཚོགས་འཕྲོས་པས། འཇིག་རྟེན་གྱི་ཁམས་མ་ལུས་པ་ལ་ཕོག སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གཞལ་ཡས་ཁང་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས། སེམས་ཅན་རྣམས་འོད་ཟེར་དེ་ཉིད་ཀྱིས་བཀུག ཞལ་དུ་ཞུགས། ཐུགས་ཀར་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད། བྷ་གའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་གཉིས་སུ་མེད་པར་ཐིམ་ནས། དེ་བཞིན་གཤེགས་པའི་ངོ་བོར་གྱུར་པར་བསམ་མོ། །ཡང་ས་བོན་ལས་འོད་ཟེར་འཕྲོས་པས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པའི་སངས་རྒྱས་ཐམས་ཅད་བཀུག་ནས། སྔར་བཞིན་ཞལ་དུ་ཞུགས། སྙིང་གར་འོད་དུ་ཞུ་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་བྷ་གའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་དབང་བསྐུར་བས་ལྷ་རྣམས་རེ་རེའང་ཕུང་པོ་ལྔ་དང༌། འབྱུང་བ་བཞི་དང༌། སྐྱེ་མཆེད་བཅུ་གཉིས་རྣམ་པར་དག་པ་ལྷ་ཉི་ཤུ་རྩ་གཅིག་གི་ངོ་བོ་བསམ་མོ། །དེ་ནས་བྷ་གའི་ལྷ་རྣམས་ལ་དམིགས་ལ། ཨོཾ་ཨཱཿབིགྷྣཱན་ཏ་ཀྲྀ་ཏ་ཧཱུྃ། ཞེས་པ་ལ་སོགས་པའི་སྔགས་རྣམས་བསམ། ཡང་ན་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། རྃ་ཁྃ་ཧྃ་བྃ་ཧཱུྃ་ཛཿ ཏཱྃ་པྃ་མྃ་ལྃ་ཁྃ་ཛྲཱིཾ་ཨཱྃ་བྷྲཱུྃ་ཧཱུྃ། ཞེས་པའི་ས་བོན་རྣམས་བརྗོད་ལ། བགེགས་མཐར་བྱེད་ནས་གཙོ་བོའི་བར་རིམ་པ་བཞིན་སྤྲོས། རེ་རེའང་དཔག་ཏུ་མེད་པར་གྱུར་ནས། སྣོད་ཡོངས་སུ་དག་པའི་གཞལ་ཡས་ཁང་རྣམས་སུ། ལྷ་བཅུ་དགུའི་དཀྱིལ་འཁོར་གྱི་འཁོར་ལོའི་ཚོགས་སུ་གྱུར་པར་བསམ་མོ། །དེ་ནས་ཡབ་ཡུམ་སྙོམས་པར་ཞུགས་ནས། བདེ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོའི་རང་བཞིན། ཨོཾ་ཨཱཿཧཱུྃ་གི་ཡི་གེ་ཧོ་གཉིས་ཀྱིས་མཐའ་བརྟེན་པ་སྤྱན་དྲངས་ཏེ། ཞལ་དུ་ཞུགས་པས་ཡོངས་སུ་སྦྱངས་པའི་གསེར་དང་དངུལ་ཆུ་ལྟར་འདྲེས་ནས་ཡབ་ཡུམ་གཉིས་ཀ་ཞུ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས་ཐིག་ལེ་དེ་ལས་ཐིག་ལེ་ཕྲ་མོ་བཞི་མཚམས་བཞིར་འཕྲོས་པ་ལས་ཚད་མེད་པ་བཞིའི་རང་བཞིན། ལྷ་མོ་བཞིར་གྱུར་ནས། ཐིག་ལེ་ལས་བསླང་བའི་ཕྱིར། གླུས་བསྐུལ་བ་ནི། སྤྱན་གྱིས་འདི་སྐད་དུ། སེམས་ཅན་ཁམས་ལ་གནས་པའི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བའི་ཡིད་འོང་དོན་ཆེན་འདོད་པ་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་བར་མཆིས་བཞེད་ན། །སེམས་ཅན་ཡབ་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །མཱ་མ་ཀཱིས། རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རབ་ཏུ་ཕན་བཞེད་སྟོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །གོས་དཀར་མོས། ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དོན་དང་དགོངས་པ་མཛད་པར་རབ་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །དགའ་བའི་སྤྱོད་པ་ཀུན་དུ་བཟང་པོས་བདག་ལ་དགྱེས་པར་མཛད་དུ་གསོལ། །སྒྲོལ་མས། ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་ཐུགས་བརྩེ་བ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛད་དུ་གསོལ། །ཞེས་པ་རྣམས་ཀྱི་གླུས་བསྐུལ་ནས། ལྷ་མོ་རྣམས་འོད་ཟེར་དུ་གྱུར་ཏེ། སླར་ཐིམ་ནས་ཡོངས་སུ་གྱུར་པ་ལས། མྃ་གྱི་ཡི་གེར་གྱུར། དེ་ཞུ་བ་ལས་རལ་གྲི་ཆང་ཟུང་ལ་མྃ་གྱིས་མཚན་པར་བལྟས་ལ། དེ་ལས་འཇམ་པའི་རྡོ་རྗེའི་སྐུ་དུ་མ་སྤྲོས་པས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ནས་གཅིག་ཏུ་གྱུར་པ་ལས། བདག་ཉིད་འཇམ་པའི་རྡོ་རྗེ་གསེར་བཙོ་མའི་ཁ་དོག་དང་མཚུངས་པ། ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་སྔོ་བ་གཡོན་དཀར་བ། ཕྱག་དང་པོ་གཉིས་ཀྱིས་ཡུམ་འཇམ་པའི་རྡོ་རྗེ་མ་ལ་འཁྱུད་པ། གཡས་ཀྱི་འོག་མ་གཉིས་ཀྱིས་རལ་གྲི་དང་མདའ། གཡོན་གྱི་འོག་མ་གཉིས་ཀྱིས་ཨུཏྤལ་དང་གཞུ་བསྣམས་པ། རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཞིང༌། དར་གྱི་ན་བཟས་ཀླུབས་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། ཡུམ་གྱི་སྐུ་མདོག་དང་ཕྱག་མཚན་ནི་ཡབ་དང་འདྲ་བའོ། །གཉིས་ཀའང་གཉིས་སུ་མེད་པའི་སྦྱོར་བས་གནས་པ། སྤྲུལ་པའི་འོད་ཟེར་དུ་མ་འཕྲོ་བར་བསམས་ལ། ཨོཾ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་྅ཧཾ། ཞེས་པའི་སྔགས་ཀྱི་བྱིན་གྱིས་བརླབ་བོ། །བསྙེན་པའོ། །དེ་ནས་ཡབ་ཡུམ་གཉིས་ཀའི་མིག་ལ་སོགས་པའི་གནས་སུ་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ། མིག་ཏུ་ཀྵིྃ་ལས་སའི་སྙིང་པོ་དཀར་པོ། ཞལ་གཡས་སྔོ་གཡོན་དམར་བ། ཕྱག་གཡས་པ་གསུམ་ན་འཁོར་ལོ་རྡོ་རྗེ་པདྨ། གཡོན་པ་གསུམ་ན་དྲིལ་བུ་རིན་པོ་ཆེ་རལ་གྲི་འཛིན་པ། རྣ་བར་ཛྲཱིཾ་ལས་ཕྱག་ན་རྡོ་རྗེ་སྔོན་པོ། ཞལ་གཡས་དཀར་གཡོན་དམར་བ། ཕྱག་གཡས་པ་གསུམ་ན་རྡོ་རྗེ་རིན་ཆེན་འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ་པདྨ་རལ་གྲི་འཛིན་པ། སྣར་ཁྃ་ལས་ནམ་མཁའི་སྙིང་པོ་སེར་པོ། ཞལ་གཡས་སྔོ་གཡོན་དཀར་བ། ཕྱག་གཡས་པ་གསུམ་ན་རིན་པོ་ཆེ་རྡོ་རྗེ་འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ་པདྨ་རལ་གྲི་འཛིན་པ། ལྕེ་ལ་ལྃ་ལས་འཇིག་རྟེན་དབང་ཕྱུག་དམར་པོ། ཞལ་གཡས་སྔོ་གཡོན་དཀར་བ། ཕྱག་གཡས་པ་གསུམ་ན་པདྨ་རྡོ་རྗེ་འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ་རིན་པོ་ཆེ་རལ་གྲི་འཛིན་པ། ལུས་ལ་ཀཾ་ལས་སྒྲིབ་པ་རྣམ་སེལ་ལྗང་གུ། ཞལ་གཡས་སྔོ་གཡོན་དཀར་བ། ཕྱག་གཡས་པ་གསུམ་ན་རལ་གྲི་སྣ་ཚོགས་རྡོ་རྗེ་འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ་པདྨ་ནོར་བུ་འཛིན་པ། ཡིད་སྃ་ལས་ཀུན་ཏུ་བཟང་པོ་སྔོན་པོ། ཞལ་གཡས་དཀར་གཡོན་དམར་བ། ཕྱག་གཡས་པ་གསུམ་ན་རྡོ་རྗེ་པདྨ་འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ་རིན་པོ་ཆེ་རལ་གྲི་འཛིན་པའོ། །སྙིང་གར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་ཐུགས་རྡོ་རྗེ་སྔོན་པོ། ཞལ་གཡས་དཀར་གཡོན་དམར། ཕྱག་གཡས་པ་གསུམ་ན་རྡོ་རྗེ་རལ་གྲི་མདའ། གཡོན་པ་གསུམ་ན་དྲིལ་བུ་ཨུཏྤ་ལ་གཞུ་འཛིན་པ། མགྲིན་པར་ཨཱཿལས་པདྨ་ཨཱཿས་མཚན་པ་ལས། གསུང་རྡོ་རྗེ་འོད་དཔག་མེད་དང་མཚུངས་པ། སྤྱི་བོར་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དང་མཚུངས་པ། ཐམས་ཅད་ཀྱི་རྒྱན་དང་ཆ་ལུགས་ནི་གཙོ་བོ་དང་མཚུངས་པ་རང་སྣང་གི་ཡུམ་དང་བཅས་པ། ཐམས་ཅད་ཀྱི་ཐུགས་ཀར་ཟླ་བ་ལ་རང་རང་གི་ཕྱག་མཚན་ལ་སོ་སོའི་ས་བོན་གྱིས་མཚན་པ་བསམ་མོ། །ཉེ་བར་སྒྲུབ་པའོ། །དེ་ནས་ཐུགས་རྡོ་རྗེའི་ཐུགས་ཀའི་ཧཱུྃ་ལས་ཐུགས་རྡོ་རྗེ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་གྱི་དོན་བྱས་སླར་འདུས་ནས་མདུན་གྱི་ནམ་མཁར་བཞུགས་པར་བསམ། སླར་ཡང་འོད་ཟེར་འཕྲོས་ནས་རང་བཞིན་གྱི་གནས་ནས་ཐུགས་རྡོ་རྗེ་དཔག་ཏུ་མེད་པ་སྤྱན་དྲངས་ནས། སྤྲུལ་པ་རྣམས་དང་ལྷན་ཅིག་བཞུགས་པར་བསམས་ལ། བདག་ཉིད་ཀྱི་སྙིང་ག་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ནས། ཐུགས་རྡོ་རྗེ་རྣམས་ཀྱི་ཐུགས་ཀར་ཐིམ་པར་བསམས་ལ། དཔལ་ལྡན་རྡོ་རྗེའི་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་ནི། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་པ་ལ་སོགས་པས་གསོལ་བ་བཏབ་པ་དང༌། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་ནི། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་པ་ལ་སོགས་པས་གསོལ་བ་བཏབ་པས། སྤྲུལ་པ་དང་ཡེ་ཤེས་པའི་ཐུགས་རྡོ་རྗེའི་ཚོགས་ཐམས་ཅད་བདག་ཉིད་ཀྱི་སྙིང་གའི་ཐུགས་རྡོ་རྗེ་ལ་ཐིམ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་དུ་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་མགྲིན་པའི་གསུང་རྡོ་རྗེའི་ཐུགས་ཀའི་ཨཱཿལས་སྤྲུལ་པའི་སྤྲོ་བསྡུ་དང༌། ཡེ་ཤེས་པ་སྤྱན་དྲང་བ་དང༌། མཆོད་པ་སྔར་བཞིན་བྱས་ལ། དཔལ་ལྡན་ཆོས་ཀྱི་གསུང་མངའ་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་ནི། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཞེས་སྤྲུལ་པ་ལ་གསོལ་བ་བཏབ་པ་དང༌། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །ཞེས་པ་ལ་སོགས་པ་ཡེ་ཤེས་པ་ལ་གསོལ་བ་བཏབ་པས། སྤྲུལ་པ་དང་ཡེ་ཤེས་པ་རྣམས་རང་གི་མགྲིན་པའི་གསུང་རྡོ་རྗེ་ལ་ཐིམ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རང་བཞིན་དུ་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ལ་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་སྤྱི་བོའི་སྐུ་རྡོ་རྗེའི་ཐུགས་ཀའི་ཨོཾ་ལས་སྤྲུལ་པའི་སྤྲོ་བསྡུ་དང༌། ཡེ་ཤེས་པ་སྤྱན་དྲང་བ་དང༌། མཆོད་པ་སྔར་བཞིན་དུ་བྱས་ལ། དཔལ་ལྡན་རྡོ་རྗེའི་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུ་ཡིས་མཛད་དུ་གསོལ། །ཞེས་སྤྲུལ་པ་ལ་གསོལ་བ་བཏབ་པ་དང༌། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །ལ་སོགས་པས་ཡེ་ཤེས་པ་ལ་གསོལ་བ་བཏབ་པས། སྤྲུལ་པ་དང་ཡེ་ཤེས་པ་རྣམས་རང་གི་སྤྱི་བོའི་སྐུ་རྡོ་རྗེ་ལ་ཐིམ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རང་བཞིན་དུ་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ལ་བྱིན་གྱིས་བརླབ་བོ། །སྒྲུབ་བའོ། །དེ་ནས་བདག་ཉིད་ཀྱི་སྙིང་གར་ཟླ་བའི་སྟེང་དུ་ཡེ་ཤེས་སེམས་དཔའ་རང་དང་འདྲ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཏིང་ངེ་འཛིན་སེམས་དཔའ་མྃ་གྱི་ཡི་གེར་བལྟས་ལ། དེ་ལས་འོད་ཟེར་གྱི་ཚོགས་སྤྲོས་པས། རང་བཞིན་གྱི་གནས་ནས། དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ལ། ས་བོན་ལས་སྤྲོས་པའི་སྤྲུལ་པའི་ལྷ་མོ་མེ་ཏོག་མ་ལ་སོགས་པ་དང༌། གཟུགས་རྡོ་རྗེ་མ་ལ་སོགས་པ་དཔག་ཏུ་མེད་པས་མཆོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ་ཞེས་གསོལ་བ་བཏབ་པས། རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཆུ་རྒྱུན་གྱིས་དབང་བསྐུར། དྲི་མ་ཐམས་ཅད་སྦྱངས། ཆུ་ལྷག་མ་ཡར་ལུད་པས། དབང་བསྐུར་བའི་ལྷ་དང་བཅས་པ་རོ་གཅིག་ཏུ་གྱུར་པ་ལས། ཡབ་ཡུམ་གཉིས་ཀ་ལ་རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །སྒྲུབ་པ་ཆེན་པོའོ། །དང་པོར་སྦྱོར་བའི་ཏིང་ངེ་འཛིན་ཏོ། །དེ་ནས་ཡབ་ཡུམ་གཉིས་ཀའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་སྭཱ། བརླ་གཉིས་ལ་ཧཱའི་ཡི་གེ་བསམ། ཡུམ་གྱི་བྷ་ག་ཨ་ལས་པདྨ་དམར་པོ། འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨས་མཚན་པ། ཡབ་ཀྱི་གསང་བའི་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་དང་ལྡན་པ། ལྟེ་བ་ལ་ཧཱུྃ་གིས་མཚན་པ། བུ་ག་ཕཊ་ཀྱིས་བཀག་པར་བསྒོམས་ལ། ཐབས་ཤེས་རབ་སྙོམས་པར་ཞུགས་པ་ལས་དགའ་བ་གསུམ་པོ་སྔོན་དུ་སོང་བའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་བདེ་བ་ཆེན་པོའི་སྒྲ་སྦྱོར་མཚམས་ནས་གྲག་པས། ནམ་མཁའི་མཐས་གཏུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ནས་ཞལ་དུ་ཞུགས། སྙིང་གར་འདོད་ཆགས་ཆེན་པོའི་མེས་འོད་དུ་ཞུ། རྡོ་རྗེའི་ལམ་ནས་འཕྲོས། ཡུམ་གྱི་མཁར་ཐིག་ལེ་བཅུ་དགུར་གྱུར། དེ་ལས་ས་བོན་དེ་ཡོངས་སུ་གྱུར་པ་ལས་ལྷ་བཅུ་དགུ་བསྐྱེད་དོ། །དེ་ནས་དབྱུང་བ་ནི་བྷ་གའི་དབུས་ཀྱི་གཙོ་བོ་ལ་དམིགས་ལ། ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུྃ། ཞེས་བརྗོད་པས། གཙོ་བོ་ཕྱིར་སྤྲོས་ཏེ་དཔག་ཏུ་མེད་པར་གྱུར་ནས། ནམ་མཁའི་མཐས་ཀླས་པའི་སེམས་ཅན་གྱི་དོན་བྱས། ཉོན་མོངས་པ་ཞེས་སྡང་སྦྱངས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། སླར་འདུས་ནས་རང་ལ་ཐིམ་ནས། བདག་ཉིད་མི་བསྐྱོད་པའི་རང་བཞིན་འཇམ་པའི་རྡོ་རྗེ་གཟི་བརྗིད་མཐའ་ཡས་པ་དང་ལྡན་པར་བསམ་མོ། །དེ་ནས་རྣམ་པར་སྣང་མཛད་ལ་དམིགས་ནས། ཨོཾ་ཨཱཿཛི་ན་ཛིཀ་ཧཱུྃ། ཞེས་བརྗོད་པས་དབྱུང༌། དཔག་ཏུ་མེད་པར་གྱུར། དེ་སྤྲོས་པས་སེམས་ཅན་ཐམས་ཅད་ཀྱི་གཏི་མུག་སྦྱངས། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཀོད། སླར་འདུས་ཏེ་གཅིག་ཏུ་གྱུར་ནས། ཤར་གྱི་པདྨ་དང་ཟླ་བའི་སྟེང་དུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། ཞལ་གཡས་སྔོན་གཡོན་དམར་བ། ཕྱག་གཡས་ཀྱི་འོག་མ་གཉིས་ཀྱིས་འཁོར་ལོ་དང་རལ་གྲི། གཡོན་གྱི་འོག་མ་གཉིས་ཀྱིས་རིན་པོ་ཆེ་དང་པདྨ་འཛིན་པར་བསམ་མོ། །དེ་ནས་རིན་ཆེན་འབྱུང་ལྡན་ལ་དམིགས་ལ། ཨོཾ་ཨཱཿརཏྣ་དྷྲྀཀ་ཧཱུྃ། ཞེས་བརྗོད་ནས་ཕྱུང་ལ། དཔག་ཏུ་མེད་པ་སྤྲོས། སེམས་ཅན་རྣམས་ཀྱི་སེར་སྣ་སྦྱངས། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བཀོད། སླར་འདུས་ཏེ་གཅིག་ཏུ་གྱུར་ནས། ལྷོ་ཕྱོགས་ཀྱི་པདྨ་དང་ཉི་མའི་སྟེང་དུ་རིན་ཆེན་འབྱུང་ལྡན་སེར་པོ། ཞལ་གཡས་སྔོ་གཡོན་དཀར་བ། ཕྱག་གཡས་ཀྱི་འོག་མ་གཉིས་ཀྱིས་རིན་པོ་ཆེ་དང་རལ་གྲི། གཡོན་གྱིས་པདྨ་དང་འཁོར་ལོ་འཛིན་པར་བསམ་མོ། །དེ་ནས་འོད་དཔག་ཏུ་མེད་པ་ལ་དམིགས་ནས། ཨོཾ་ཨཱཿཨཱ་རོ་ལིཀ་ཧཱུྃ། ཞེས་བརྗོད་ནས་ཕྱུང་ལ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་རྣམས་ཀྱི་འདོད་ཆགས་སྦྱངས། སོ་སོར་རྟོག་པའི་ཡེ་ཤེས་ལ་བཀོད། སླར་འདུས་ཏེ་གཅིག་ཏུ་གྱུར་ནས། ནུབ་ཕྱོགས་ཀྱི་པདྨ་དང་ཉི་མའི་སྟེང་དུ་འོད་དཔག་ཏུ་མེད་པ་དམར་པོ། །ཞལ་གཡས་སྔོ་གཡོན་དཀར་བ། ཕྱག་གཡས་ཀྱི་འོག་མ་གཉིས་ཀྱིས་པདྨ་དང་རལ་གྲི། གཡོན་གྱིས་འཁོར་ལོ་དང་རིན་པོ་ཆེ་འཛིན་པར་བསམ་མོ། །དེ་ནས་དོན་ཡོད་གྲུབ་པ་ལ་དམིགས་ནས། ཨོཾ་ཨཱཿཔྲཛྙཱ་དྷྲྀཀ་ཧཱུྃ། ཞེས་བརྗོད་ནས་ཕྱུང་ལ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་རྣམས་ཀྱི་ཕྲག་དོག་སྦྱངས། བྱ་བ་གྲུབ་པའི་ཡེ་ཤེས་ལ་བཀོད། སླར་འདུས་ཏེ་གཅིག་ཏུ་གྱུར་ནས། བྱང་ཕྱོགས་ཀྱི་པདྨ་དང་ཉི་མའི་སྟེང་དུ་དོན་ཡོད་གྲུབ་པ་ལྗང་གུ། ཞལ་གཡས་སྔོ་གཡོན་དཀར་བ། ཕྱག་གཡས་ཀྱི་འོག་མ་གཉིས་ཀྱིས་རལ་གྲི་དང་རྡོ་རྗེ་རྒྱ་གྲམ། གཡོན་གྱིས་པདྨ་དང་རིན་པོ་ཆེ་འཛིན་པ། ཐམས་ཅད་ཀྱང་ཕྱག་དང་པོ་གཉིས་ཀྱིས་འཁྱུད་པའི་ཚུལ། རྒྱན་དང་ཆ་ལུགས་ཐམས་ཅད་གཙོ་བོ་དང་མཚུངས་པ་ཉིད་དོ། །དེ་ནས་སངས་རྒྱས་སྤྱན་ལ་དམིགས་ལ། ཨོཾ་ཨཱཿམོ་ཧ་ར་ཏི་ཧཱུྃ། ཞེས་བརྗོད་ནས་ཕྱུང་ལ། དཔག་ཏུ་མེད་པ་སྤྲོས། སེམས་ཅན་རྣམས་ཀྱི་སའི་ཁམས་སྦྱངས། བྱམས་པ་ཚད་མེད་པ་དང༌། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད། སླར་འདུས་ཏེ་གཅིག་ཏུ་གྱུར་ནས། ཤར་ལྷོར་པདྨ་དང་ཉི་མའི་སྟེང་དུ་སངས་རྒྱས་སྤྱན་མ་དཀར་མོ། ཞལ་གཡས་སྔོ་གཡོན་དམར་བ། ཕྱག་གཡས་ཀྱི་འོག་མ་གཉིས་ཀྱིས་འཁོར་ལོ་དང་རལ་གྲི། གཡོན་གྱི་འོག་མ་གཉིས་ཀྱིས་རིན་པོ་ཆེ་དང་པདྨ་འཛིན་པར་བསམ་མོ། །དེ་ནས་མཱ་མ་ཀཱི་ལ་དམིགས་ལ། ཨོཾ་ཨཱཿདྭེ་ཥ་ར་ཏི་ཧཱུྃ། ཞེས་བརྗོད་ནས་ཕྱུང་ལ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་རྣམས་ཀྱི་ཆུའི་ཁམས་སྦྱངས། སྙིང་རྗེ་དང་སྟོབས་ལ་བཀོད། སླར་འདུས་ཏེ་གཅིག་ཏུ་གྱུར་ནས། ལྷོ་ནུབ་ཏུ་པདྨ་དང་ཟླ་བའི་སྟེང་དུ་མཱ་མ་ཀཱི་སྔོན་མོ། ཞལ་གཡས་དཀར་གཡོན་དམར་བ། ཕྱག་གཡས་ཀྱི་འོག་མ་གཉིས་ཀྱིས་ཨུཏྤ་ལ་དང་རལ་གྲི། གཡོན་གྱིས་པདྨ་དང་ནོར་བུ་འཛིན་པར་བསམ་མོ། །དེ་ནས་གོས་དཀར་མོ་ལ་དམིགས་ལ། ཨོཾ་ཨཱཿརཱ་ག་ར་ཏི་ཧཱུྃ། ཞེས་བརྗོད་ནས་ཕྱུང་ལ། དཔག་ཏུ་མེད་པ་སྤྲོས། སེམས་ཅན་རྣམས་ཀྱི་མེའི་ཁམས་སྦྱངས། དགའ་བ་དང་སྨོན་ལམ་ལ་བཀོད། སླར་འདུས་ཏེ་གཅིག་ཏུ་གྱུར་ནས། ནུབ་བྱང་དུ་པདྨ་དང་ཟླ་བའི་སྟེང་དུ་གོས་དཀར་མོ་དམར་མོ། ཞལ་གཡས་སྔོ་གཡོན་དཀར་བ། ཕྱག་གཡས་ཀྱི་འོག་མ་གཉིས་ཀྱིས་པདྨ་དང་རལ་གྲི། གཡོན་གྱིས་འཁོར་ལོ་དང་རིན་པོ་ཆེ་འཛིན་པར་བསམ་མོ། །དེ་ནས་སྒྲོལ་མ་ལ་དམིགས་ནས། ཨོཾ་ཨཱཿབཛྲ་ར་ཏི་ཧཱུྃ། ཞེས་བརྗོད་ནས་ཕྱུང་ལ། དཔག་ཏུ་མེད་པ་སྤྲོས། སེམས་ཅན་རྣམས་ཀྱི་རླུང་གི་ཁམས་སྦྱངས། བཏང་སྙོམས་དང་ཡེ་ཤེས་ལ་བཀོད། སླར་འདུས་ཏེ་གཅིག་ཏུ་གྱུར་ནས། བྱང་ཤར་དུ་པདྨ་དང་ཟླ་བའི་སྟེང་དུ་སྒྲོལ་མ་ལྗང་གུ། ཞལ་གཡས་སྔོ་གཡོན་དཀར་བ། ཕྱག་གཡས་ཀྱི་འོག་མ་གཉིས་ཀྱིས་ཨུཏྤ་ལ་དང་རལ་གྲི། གཡོན་གྱིས་པདྨ་དང་རིན་པོ་ཆེ་འཛིན་པར་བསམ་མོ། །དེ་ནས་གཟུགས་རྡོ་རྗེ་མ་ལ་དམིགས་ལ། ཨོཾ་ཨཱཿརཱུ་པ་བཛྲི་ནཱི་ཧཱུྃ། ཞེས་བརྗོད་ནས་ཕྱུང་ལ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་རྣམས་ཀྱི་སེར་སྣའི་སྒྲིབ་པ་སྦྱངས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད། སླར་འདུས་ཏེ་གཅིག་ཏུ་གྱུར་ནས། ཤར་ལྷོར་པདྨ་དང་ཉི་མའི་སྟེང་དུ་གཟུགས་རྡོ་རྗེ་མ་དཀར་མོ། ཞལ་གཡས་སྔོ་གཡོན་དམར་བ། ཕྱག་གཡས་ན་མེ་ལོང་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང༌། པདྨ་འཛིན་པར་བསམ་མོ། །དེ་ནས་སྒྲ་རྡོ་རྗེ་མ་ལ་དམིགས་ལ། ཨོཾ་ཨཱཿཤབྡ་བཛྲི་ནཱི་ཧཱུྃ། ཞེས་བརྗོད་ནས་ཕྱུང་ལ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་རྣམས་ཀྱི་ཚུལ་ཁྲིམས་འཆལ་བ་སྦྱངས། ཚུལ་ཁྲིམས་ལ་བཀོད། སླར་འདུས་ཏེ་གཅིག་ཏུ་གྱུར་ནས། ལྷོ་ནུབ་ཏུ་པདྨ་དང་ཟླ་བའི་སྟེང་དུ་སྒྲ་རྡོ་རྗེ་མ་སྔོན་མོ། ཞལ་གཡས་དཀར་གཡོན་དམར་བ། ཕྱག་གཡས་ན་པི་ཝཾ་དང་རལ་གྲི གཡོན་ན་པདྨ་དང་རིན་པོ་ཆེ་འཛིན་པར་བསམ་མོ། །དེ་ནས་དྲི་རྡོ་རྗེ་མ་ལ་དམིགས་ལ། ཨོཾ་ཨཱཿགནྡྷ་བཛྲི་ནཱི་ཧཱུྃ། ཞེས་བརྗོད་ནས་ཕྱུང་ལ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་རྣམས་ཀྱི་ཁོང་ཁྲོ་སྦྱངས། བཟོད་པ་ལ་བཀོད། སླར་འདུས་ཏེ་གཅིག་ཏུ་གྱུར་ནས། ནུབ་བྱང་དུ་པདྨ་དང་ཟླ་བའི་སྟེང་དུ་དྲི་རྡོ་རྗེ་མ་སེར་མོ། ཞལ་གཡས་སྔོ་གཡོན་དམར་བ། ཕྱག་གཡས་ན་དྲིའི་ཆུས་ཡོངས་སུ་གང་བའི་དུང་ཆོས་དང་རལ་གྲི། གཡོན་ན་པདྨ་དང་འཁོར་ལོ་འཛིན་པར་བསམ་མོ། །དེ་ནས་རོ་རྡོ་རྗེ་མ་ལ་དམིགས་ལ། ཨོཾ་ཨཱཿར་ས་བཛྲི་ནཱི་ཧཱུྃ། ཞེས་བརྗོད་ནས་ཕྱུང་ལ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་རྣམས་ཀྱི་ལེ་ལོ་སྦྱངས། བརྩོན་འགྲུས་ལ་བཀོད། སླར་འདུས་ཏེ་གཅིག་ཏུ་གྱུར་ནས། བྱང་ཤར་དུ་པདྨ་དང་ཟླ་བའི་སྟེང་དུ་རོ་རྡོ་རྗེ་མ་དམར་མོ། ཞལ་གཡས་སྔོ་གཡོན་དཀར་བ། ཕྱག་གཡས་ན་རོ་བརྒྱ་པས་ཡོངས་སུ་གང་བའི་སྣོད་དང་རལ་གྲི། གཡོན་ན་འཁོར་ལོ་དང་རིན་པོ་ཆེ་འཛིན་པར་བསམ་མོ། །དེ་ནས་རེག་རྡོ་རྗེ་མ་ལ་དམིགས་ལ། ཨོཾ་ཨཱཿསྤརྵེ་བཛྲི་ནཱི་ཧཱུྃ། ཞེས་བརྗོད་ནས་ཕྱུང་ལ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་རྣམས་ཀྱི་རྣམ་གཡེང་སྦྱངས། བསམ་གཏན་ལ་བཀོད། སླར་འདུས་ཏེ་གཅིག་ཏུ་གྱུར་ནས། ཤར་སྒོའི་གཡོན་ལོགས་སུ་པདྨ་དང་ཟླ་བའི་སྟེང་དུ་རེག་རྡོ་རྗེ་མ་ལྗང་གུ། ཞལ་གཡས་སྔོ་གཡོན་དཀར་བ། ཕྱག་གཡས་ན་ལྷའི་ན་བཟའ་དང་རལ་གྲི། གཡོན་ན་པདྨ་དང་རིན་པོ་ཆེ་འཛིན་པར་བསམ་མོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ལ་དམིགས་ལ། ཨོཾ་ཨཱཿདྷརྨ་དྷཱ་ཏུ་བཛྲི་ནཱི་ཧཱུྃ། ཞེས་བརྗོད་ནས་ཕྱུང་ལ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་རྣམས་ཀྱི་མི་ཤེས་པ་སྦྱངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད། སླར་འདུས་ཏེ་གཅིག་ཏུ་གྱུར་ནས། ཤར་སྒོའི་གཡས་སུ་པདྨ་དང་ཟླ་བའི་སྟེང་དུ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་སྐུ་མདོག་དཀར་མོ། ཞལ་གཡས་སྔོ་གཡོན་དམར་བ། ཕྱག་གཡས་ན་ཆོས་ཀྱི་འབྱུང་གནས་དང་རལ་གྲི། གཡོན་ན་པདྨ་དང་རིན་པོ་ཆེ་འཛིན་པར་བསམ་མོ། །ལྷ་མོ་དེ་དག་ཐམས་ཅད་ཀྱང་ཕྱག་དང་པོ་གཉིས་ཀྱིས་འཁྱུད་པའི་ཕྱག་རྒྱ་མཛད་པ། རབ་ཏུ་ཞི་ཞིང་སྒེག་པའི་ཉམས་ཅན། ལང་ཚོ་ལ་བབ་ཅིང་ནུ་མ་རྒྱས་པ་དར་སྣ་ཚོགས་པའི་ན་བཟས་ཀླུབས་ཤིང༌། རིན་པོ་ཆེ་དུ་མའི་རྒྱན་གྱིས་བརྒྱན་པར་བལྟའོ། །དེ་ནས་གཤིན་རྗེ་མཐར་བྱེད། ཤེས་རབ་མཐར་བྱེད། པདྨ་མཐར་བྱེད། བགེགས་མཐར་བྱེད་ལ་དམིགས་ལ། ཨོཾ་ཨཱཿཡ་མཱནྟ་ཀྲྀ་ཏ་ཧཱུྃ། ཨོཾ་ཨཱཿཔྲཛྙཱནྟ་ཀྲྀ་ཏ་ཧཱུྃ། ཨོཾ་ཨཱཿཔདྨཱནྟ་ཀྲྀ་ཏ་ཧཱུྃ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ། ཞེས་པ་རྣམས་བརྗོད་ནས་རིམ་པ་བཞིན་ཕྱུང་ལ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་རྣམས་ཀྱི་དོན་བྱས། སླར་འདུས་ཏེ་གཅིག་ཏུ་གྱུར་ནས། ཤར་ལ་སོགས་པའི་སྒོ་བཞིར་པདྨ་དང་ཉི་མའི་གདན་རྣམས་ལ། གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་རྣམས་སུ་གྱུར་པར་བསམ་སྟེ། ཁ་དོག་དང་ཕྱག་མཚན་ནི་སྲུང་འཁོར་གྱི་སྐབས་སུ་བཤད་པ་དང་འདྲའོ། །གཙོ་བོ་ནི་དངོས་ཀྱི་རིག་མ་དང་བཅས་པ་ཡིན་ལ། གཞན་ལྷ་ཡབ་ཀྱི་རྣམ་པ་རྣམས་ནི་རང་སྣང་གི་རིག་མ་དང་བཅས་པ་ཡིན་ཞིང༌། ལྷ་མོ་རྣམས་ཀྱང་རང་སྣང་གི་ཡབ་དང་བཅས་པའོ། །ལྷ་ཐམས་ཅད་ཀྱི་ཐུགས་ཀར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང༌། དེ་དག་གི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་སོ་སོའི་ས་བོན་གྱི་ཡི་གེ་བསམ་མོ། །བསྙེན་པའོ། །དེ་ནས་ལྷ་རྣམས་ཀྱི་སྐྱེ་མཆེད་དང༌། ལུས་ངག་ཡིད་ལྷ་མོ་དང༌། བྱང་ཆུབ་སེམས་དཔའ་དང༌། རྡོ་རྗེ་གསུམ་དུ་མོས་པར་བྱས་ཏེ་གོང་དུ་བརྗོད་པ་བཞིན་ནོ། །ཉེ་བར་བསྒྲུབ་པའོ། །ཡང་ལྷ་རྣམས་ཀྱི་ཏིང་ངེ་འཛིན་སེམས་དཔའ་ས་བོན་རྣམས་ལས་འོད་ཟེར་གྱི་ཚོགས་འཕྲོས་པས། འོག་མིན་གྱི་གནས་ནས་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་རྟེན་གཞལ་ཡས་ཁང་དང་བཅས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་གང་བས་ཡོངས་སུ་བསྐོར་བ་སྤྱན་དྲངས་ལ་བདག་ཉིད་ཀྱི་ཐུགས་ཀ་ནས་བགེགས་མཐར་བྱེད་ལ་སོགས་པའི་ཁྲོ་བོ་བཞི་སྤྲོས་ནས། ཧཱུྃ་བཞི་པའི་སྔགས་བརྗོད་པས་ཡེ་ཤེས་པའི་རྗེས་སུ་བགེགས་མི་འབྲང་བར་བྱའོ། །སླར་ཡང་མེ་ཏོག་ལ་སོགས་པའི་མཆོད་པའི་ཚོགས་སྤྲུལ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ལ་སོགས་པའི་སྔགས་ཀྱིས་མཆོད་ལ། གོང་དུ་སྤྲོས་པའི་ཁྲོ་བོ་བཞིས་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག དྲིལ་བུ་འཛིན་པས་ཡེ་ཤེས་པ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་པར་བསམ་ཞིང༌། སོ་སོའི་ཕྱག་རྒྱ་རིམ་པ་བཞིན་བཅིངས་ནས། ཨོཾ་ཨཱཿཡ་མཱནྟ་ཀྲྀ་ཏ་ཛྙཱ་ན་མཎྜལ་ཨཱ་ཀརྵ་ཡ་ཛཿཧཱུྃ། ཨོཾ་ཨཱཿཔྲཛྙཱནྟ་ཀྲིཏ་ཛྙཱ་ན་མཎྜལ་པྲ་བེ་ཤ་ཡ་ཧཱུྃ་ཧཱུྃ། ཨོཾ་ཨཱཿཔདྨཱནྟ་ཀྲྀ་ཏ་ཛྙཱ་ན་མཎྜ་ལ་བནྡྷ་བྃ་ཧཱུྃ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཛྙཱ་ན་མཎྜ་ལ་བ་ཤཾ་ཀུ་རུ་ཧོཿཧཱུྃ། ཞེས་བརྗོད་པས། དམ་ཚིག་གི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བྱས་ལ། དེ་ནས་ཡང་ལྷ་རྣམས་ཀྱི་ལུས་ངག་ཡིད་རྡོ་རྗེ་གསུམ་དུ་ལྷག་པར་མོས་པས་རྒྱས་གདབ་བོ། །སྒྲུབ་པའོ། །སླར་ཡང་སོ་སོའི་ས་བོན་རྣམས་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་བཅུ་དགུའི་དཀྱིལ་འཁོར་ཉེ་བར་བཀུག་ལ། གོང་དུ་བསྟན་པའི་ཚུལ་གྱིས་མངོན་པར་མཆོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། གཙོ་བོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གང་བའི་བུམ་པ་སྤྲོས་ནས། རིགས་ལྔས་བདག་གི་སྤྱི་བོ་ནས་དབང་བསྐུར། རིག་མ་བཞིས་བཀྲ་ཤིས་ཀྱི་གླུ་བླངས། ལྷ་མོ་དྲུག་གིས་མཆོད། ཁྲོ་བོ་བཞིས་བགེགས་བསྐྲད་པར་བསམ་མོ། །དེའི་ཚེ་ལུས་ཡེ་ཤེས་ཀྱི་བདུད་རྩིས་གང༌། དྲི་མ་ཐམས་ཅད་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པས་དབང་གི་ལྷ་རྣམས་དང་གཉིས་སུ་མེད་པར་གྱུར་ནས། ལྷ་རྣམས་ལ་དབུར་བརྒྱན་པར་བལྟའོ། །དེའང་ཡབ་རིགས་ལྔ་ལ། རྡོ་རྗེ་སེམས་དཔའ། སངས་རྒྱས་སྤྱན། གཤིན་རྗེ་གཤེད། གཟུགས་རྡོ་རྗེ་ལ་རྣམ་སྣང༌། མཱ་མ་ཀཱི། ཤེས་རབ་མཐར་བྱེད། སྒྲ་རྡོ་རྗེ་ལ་མི་བསྐྱོད་པ། དྲི་རྡོ་རྗེ་ལ་རིན་ཆེན་འབྱུང་ལྡན། གོས་དཀར་མོ། པདྨ་མཐར་བྱེད། རོ་རྡོ་རྗེ་ལ་འོད་དཔག་མེད། སྒྲོལ་མ་ལ་བགེགས་མཐར་བྱེད། རེག་རྡོ་རྗེ་ལ་དོན་ཡོད་གྲུབ་པ། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ལ། རྡོ་རྗེ་སེམས་དཔས་དབུར་བརྒྱན་པའོ། །སྒྲུབ་པ་ཆེན་པོའོ། །སླར་ཡང་བདག་ཉིད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་སྤྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཟག་པ་མེད་པའི་བདེ་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་ཀྱི་ཁྱད་པར་རྣམས་བཀུག བདག་གི་ཞལ་དུ་ཞུགས། རྡོ་རྗེའི་ལམ་ནས་ཐིག་ལེའི་རྣམ་པས་ཡུམ་གྱི་མཁར་བབས། སྐུ་ཡོངས་སུ་གང༌། ཡབ་ཡུམ་བདེ་བས་ཚིམ་པར་བྱས་ནས། བ་སྤུའི་བུ་ག་རྣམས་ནས། འོད་ཟེར་གྱི་ཚུལ་དུ་འཕྲོས་པའི་རྩེར། མེ་ཏོག་མ་ལ་སོགས་པ་དང༌། གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོའི་ཚོགས་དཔག་ཏུ་མེད་པས། ཕྱི། ནང༌། གསང་བ། དེ་ཁོ་ན་ཉིད་ཀྱི་མཆོད་པས། བདག་དང་ལྷའི་ཚོགས་རྣམས་ལ་མཆོད་པར་བསམ་ཞིང༌། སོ་སོའི་སྔགས་དང་ཕྱག་རྒྱ་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་བརྟན་པར་བྱའོ། །དེ་ནས་དངོས་སུ་བདུད་རྩི་ཡོད་པའམ། མེད་ནའང་སེམས་ཀྱིས་གཏོར་མ་ལྟར་བྱིན་གྱིས་བརླབས་པའི་བདུད་རྩི་དེ། ལྷ་མོ་རྣམས་ཀྱིས་བདག་དང་ལྷ་རྣམས་ལ་མཆོད་པས། བདུད་རྩིའི་རོ་མྱང་ཞིང་བདེ་བས་རྒྱུད་གང་བར་བསམ། དངོས་སུ་ཡོད་ན་མྱངས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་྅་ཧཾ། ཞེས་བརྗོད་པས་བརྟན་པར་བྱའོ། །ཡང་ལྷ་མོ་དེ་རྣམས་ཀྱིས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་པ་ལ་སོགས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་མངོན་པར་བསྟོད་པར་བསམ་ཞིང༌། ངག་ཏུ་བརྗོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་བརྟན་པར་བྱའོ། །དེ་ནས་མཆོད་པའི་ལྷ་མོ་རྣམས་བདག་ཉིད་ཀྱི་སྙིང་གར་བསྡུས་ནས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྣང་ལ་རང་བཞིན་མེད་པ། མེ་ལོང་གི་གཟུགས་བརྙན་ལྟ་བུ་ལ་དམིགས་པ་གཏད་དེ། མཉམ་པར་གཞག་པར་བྱའོ། །དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ཏོ། །དེ་ནས་ལས་རྒྱལ་མཆོག་གི་ཐོག་མར་ཕྲ་མོའི་རྣལ་འབྱོར་བསྒོམ་པ་ལ་གཉིས་ལས། སྟེང་གི་སྦྱོར་བ་ནི། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་སྤྲོས། འཇིག་རྟེན་གསུམ་པོ་མ་ལུས་པ་བཀུག་ནས་ཞལ་དུ་ཞུགས། ཐུགས་ཀའི་མྃ་གྱི་ཡི་གེའི་ནང་དུ། སོན་ནས་ཡུངས་ཀར་གྱི་ཚད་དང་མཉམ་པའི་དཀྱིལ་འཁོར་རྫོགས་པར་ལྷག་པར་མོས་པར་བྱའོ། །དཀྱིལ་འཁོར་དེ་ལ་དམིགས་པ་གཏད་དེ་ཡིད་མཉམ་པར་གཞག་གོ །དེ་ལ་སེམས་བརྟན་ནས་སྤྲོ་བསྡུའི་དམིགས་པ་ནི། གཙོ་བོའི་ཐུགས་ཀའི་ས་བོན་ལས་འོད་བྱུང༌། འཁོར་གྱི་ལྷ་རྣམས་གསལ་གདབ། ལྷ་རྣམས་ལས་འོད་བྱུང༌། མྃ་གྱི་ཡི་གེ་གསལ་བར་བྱས། མྃ་ལས་འོད་བྱུང་བས། ཡེ་ཤེས་སེམས་དཔའ་གསལ་བར་བྱས། ཚུལ་དེ་བཞིན་དུ་ཐུགས་རྡོ་རྗེ། གསུང་རྡོ་རྗེ། སྐུ་རྡོ་རྗེ་རྣམ་གསལ་བར་བྱས། ཡང་སྐུ་རྡོ་རྗེ་ལས་འོད་བྱུང་བས། གསུང༌། ཐུགས། ཡེ་ཤེས་སེམས་དཔའ་མྃ་གྱི་ཡི་གེ ཕྲ་མོའི་ལྷ་ཚོགས་རྣམས་གསལ་བར་བྱས་ནས་འོད་རྣམས་འདུས་ཏེ། གཙོ་བོའི་ཐུགས་ཀར་ཐིམ་པར་བསམས་ལ་སེམས་གཟུང་ངོ༌། །དེ་ནས་ཡང་གཙོ་བོའི་ཐུགས་ཀ་ནས་འོད་འཕྲོས་པས་སྔར་བཞིན། སྐུའི་རྡོ་རྗེའི་བར་གསལ་བར་བྱས། ཡབ་ཀྱི་རྡོ་རྗེའི་ལམ་ནས་བྱུང༌། ཡུམ་གྱི་མཁར་ཞུགས། ཡུམ་གྱི་སྐུ་རྡོ་རྗེའི་བར། སྔར་བཞིན་གསལ་བར་བྱས་ནས་བ་སྤུའི་བུ་ག་ཐམས་ཅད་ནས་འོད་འཕྲོས། རགས་པའི་ལྷ་རྣམས་གསལ་བར་བྱས། ཡང་འོད་རྣམས་རིམ་པ་བཞིན་བསྡུས། ཕྲ་མོའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཐིམ། ལྷ་རྣམས་ཡུམ་རྣམས་ལ་ཐིམ། ཡུམ་ཡབ་ལ། ཡབ་ཀྱང་ཐུགས་ཀའི་ཧཱུྃ་ལ། ཧཱུྃ་རིམ་གྱིས་སྟོང་པར་གྱུར་པར་བསམས་ལ། སེམས་མཉམ་པར་གཞག་གོ །སྟོང་གསལ་གྱི་ཏིང་ངེ་འཛིན་མཆོག་སྐྱེའོ། །འོག་སྒོའི་སྦྱོར་བ་ནི། ཡབ་ཡུམ་གཉིས་སྙོམས་པར་ཞུགས་པའི་བདེ་བའི་སྒྲས། སངས་རྒྱས་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས། སྙིང་གར་ཞུ། ཨ་བ་དྷཱུ་ཏཱིའི་མར་རྩེར་ཐིག་ལེ་ཡུངས་འབྲུ་ཙམ་བདེ་བའི་རང་བཞིན་ཅན་ཞིག་བསམས་ལ་སེམས་གཟུང་ངོ༌། །དེ་ལ་གོམས་པས་བྱང་ཆུབ་ཀྱི་སེམས་བརྟན་པའི་རྟགས་སུ། ལུས་བདེ་བས་ཁྱབ་པ་དང༌། ཐིག་ལེ་མི་ཉམས་པར་འབྱུང་ལ། བརྟན་པ་དང་ཐིག་ལེ་དེ་ཡུམ་གྱི་མཁར་ཕབ་ནས། དེའི་ནང་དུ་ལྷ་བཅུ་དགུ་ལྷག་པར་མོས་པར་བྱས་ལ། འོད་ཀྱི་སྤྲོ་བ་དང་བསྡུ་བ་སྔར་བཞིན་དུ་བྱའོ། །བདེ་གསལ་གྱི་ཏིང་ངེ་འཛིན་མཆོག་སྐྱེའོ། །དེ་ནས་ཏིང་ངེ་འཛིན་དེ་དག་གི་སྐྱོ་ན། རྒོད་པའི་གཉེན་པོར་རླུང་གི་སྦྱོར་བ་ལ་བརྟེན་ཏེ་སེམས་གཟུང་བ་ནི། ཡབ་ཡུམ་སྙོམས་པར་ཞུགས་པའི་སྒྲས། དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ནས། རིམ་པ་བཞིན་རྡོ་རྗེའི་ལམ་ནས་བྱུང༌། བྷ་གའི་དཀྱིལ་འཁོར་གྱི་གཙོ་བོའི་ཞལ་དུ་ཞུགས། རྡོ་རྗེའི་ལམ་ནས་བྱུང་བས་ཡུམ་གྱི་མཁར་བབས་པ་ལས། མི་བསྐྱོད་པར་གྱུར་པའི་ཐུགས་ཀར་ཧཱུྃ་བསམས་པ་ལ་དེ་ལ་དམིགས་ཏེ་རླུང་ཁ་སྦྱོར་བྱ། ཡིད་མཉམ་པར་གཞག་གོ །དེ་ནས་བྱིང་བའི་གཉེན་པོར་བཟླས་པ་བྱ་བའི་ཚུལ་ནི། ཕྲ་མོའི་གཙོ་བོའི་གནས་གསུམ་གྱི་ཡི་གེ་གསུམ་ལས། སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་སྤྲོས་ནས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ནས་བདག་ཉིད་ལ་མཆོད་པར་བསམ་ཞིང༌། རླུང་ནང་དུ་འཇུག་པ་དང་སྦྱར་ལ་ཨོཾ། གནས་པ་དང་ཨཱཿ ཕྱིར་དབྱུང་བ་དང་སྦྱར་ལ་ཧཱུྃ། ཞེས་བརྗོད་ཅིང་རྡོ་རྗེའི་བཟླས་པ་བྱའོ། །དེ་ལྟར་བསམ་གཏན་གྱི་བྱ་བས་ཡིད་སྐྱོ་བར་གྱུར་ནས། སྤྱི་བོའི་སྟེང་དུ་ཨོཾ་གྱི་ཡི་གེ་བདུད་རྩིའི་རང་བཞིན་ཅན་བསམས་ལ། དེ་ལས་འོད་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་དང༌། འཇིག་རྟེན་གྱི་ཁམས་ཀྱི་བཅུད་ཐམས་ཅད་བསྡུས་ནས་ཨོཾ་ལ་ཐིམ། ཨོཾ་ལས་བདུད་རྩིའི་རྒྱུན་བབས། ཚངས་པའི་བུ་ག་ནས་ཞུགས་ནས། ལུས་ཐམས་ཅད་བདུད་རྩིས་གང་བས། བདེ་བ་ཆེན་པོ་སྐྱེས་པར་བསམ་ཞིང་མཉམ་པར་གཞག་གོ །སེམས་ཀྱི་སྐྱོ་བ་བསལ་ནས་ནི། །ཞེས་པའི་དོན་ཏོ། །དེ་ནས་ལྷའི་བཟླས་པ་ལ་སོགས་པ་ལ་འཇུག་པར་འདོད་ན། མཚམས་ཀྱི་ལྷ་མོ་བཞིས་གླུས་བསྐུལ་ནས། རང་ཏིང་ངེ་འཛིན་གྱིས་ལངས་ལ་བྱ་བ་རྣམས་ལ་འཇུག་གོ །དེ་ནས་བཟླས་པའི་རྣལ་འབྱོར་ནི། ལྷ་སོ་སོའི་ཐུགས་ཀར་ས་བོན་རྣམས་ཀྱི་མཐའ་མར་སྔགས་ཀྱི་ཡི་གེས་བསྐོར་བར་བལྟས་ལ། དེ་ལས་འོད་ཟེར་སྤྲོས། སེམས་ཅན་རྣམས་ཀྱི་དོན་བྱས། སླར་འདུས་ཡི་གེ་རྣམས་ལ་ཐིམ་པ། སྤྲོ་བསྡུའི་དམིགས་པ་བྱ་ཞིང༌། གོང་དུ་བརྗོད་པའི་འབྱིན་པའི་སྔགས་ཉིད་བཟླའོ། །དཀྱིལ་འཁོར་གྱི་ལྷ་ཐུན་མོང་བའི་བཟླས་པ་ནི། ཨོཾ་ཨཱཿམྃ་ཧཱུྃ་ཞེས་བཟླའོ། །བཟླས་པའི་རྣལ་འབྱོར་རོ། །དེ་ནས་གཏོར་མ་བྱ་བའི་རིམ་པ་ནི། ལེགས་པར་བཤམས་པའི་གཏོར་མ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསངས། སྭ་བྷཱ་ཝའི་སྔགས་ཀྱིས་སྦྱངས། དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་ཧཱུྃ་སྤྲོས། གཏོར་མའི་སྟེང་གི་ནམ་མཁར་གནས་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ལྟེ་བར་ཧཱུྃ་གིས་མཚན་པ་དམིགས་ལ། དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གི་དཀྱིལ་འཁོར་དུ་གྱུར། ཡང་འོད་ཟེར་རིམ་པ་བཞིན་སྤྲོས་པས། རིམ་པ་བཞིན་མེའི་དཀྱིལ་འཁོར་དང༌། ཐོད་པ་གསུམ་གྱི་སྒྱེད་པུའི་སྟེང་དུ། ཡངས་ཤིང་རྒྱ་ཆེ་བའི་ཐོད་པ་དཔྲལ་བ་བདག་ལ་ཕྱོགས་པའི་ནང་དུ་ཟླ་བའི་དབུས་སུ། ཧཱུྃ་ལས་དྲི་ཆུ། ཤར་དུ་བྷྲཱུྃ་ལས་དྲི་ཆེན། ལྷོར་ཨཱྃ་ལས་བྱང་ཆུབ་ཀྱི་སེམས། ནུབ་དུ་ཛྲཱིཾ་ལས་ཁྲག་ཆེན་པོ། བྱང་དུ་ཁྃ་ལས་ཀླད་པ། ཡང་དབུས་སུ་ནྲྀ་ལས་མིའི་ཤ ཤར་ལྷོར་ལྃ་ལས་གླང་པོ་ཆེའི་ཤ ལྷོ་ནུབ་དུ་མྃ་ལས་བ་ལང་གི་ཤ ནུབ་བྱང་དུ་པྃ་ལས་རྟའི་ཤ བྱང་ཤར་དུ་ཏཱྃ་ལས་ཁྱིའི་ཤ དེ་ནས་ཡང་ཧཱུྃ་ལས་བྱུང་བའི་འོད་ཟེར་འོག་ཏུ་འཕྲོས་པས། རླུང་གཡོས་ནས་མེ་རབ་ཏུ་སྦར་བས་ཤ་ལྔ་བདུད་རྩི་ལྔ་འོད་དུ་ཞུ། སྤྲིས་མའི་ཚུལ་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཨོཾ་གྱིས་མཚན་པར་གྱུར། དེ་ལས་འོད་འཕྲོས་པས། སྟེང་གི་རྡོ་རྗེ་ལ་རེག་པས། རྡོ་རྗེ་ལས་ཀྱང་འོད་ཟེར་དུ་མ་འཕྲོས་པས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་རྡོ་རྗེ་ལ་ཞུགས། རྡོ་རྗེ་སྣ་ཚོགས་རྡོ་རྗེ་དང་བཅས་པ། ཐོད་པའི་ནང་དུ་ལྷུང་ནས། ཐམས་ཅད་ཡང་དག་པར་འདྲེས་པ་ལས། འཇིག་རྟེན་ལས་འདས་པའི་འདོད་པའི་ལོངས་སྤྱོད་དུ་མས་བརྒྱན་པ། ཁ་དོག་དང༌། དྲི་དང༌། རོ་དང༌། ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་བསམས་ལ། ཨོཾ་ཨཱཿཧཱུྃ། ཞེས་ཡང་ནས་ཡང་དུ་བརྗོད་ནས་བྱིན་གྱིས་བརླབ་བོ། །སླར་ཡང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་གིས་བསྒོམས་པ་ལྟ་བུའི། དཀྱིལ་འཁོར་གྱི་འཁོར་ལོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་མཚོའི་འཁོར་དང༌། ཕྱོགས་སྐྱོང་བ་དང༌། འབྱུང་པོ་ལ་སོགས་པའི་འཇིག་རྟེན་སྐྱོང་བ་ཆེན་པོ་རྣམས་ཀྱིས་བསྐོར་བ་སྤྱན་དྲངས། མཆོད་ཡོན་དང༌། པདྨའི་གདན་ཕུལ་ལ། མཆོད་པ་ལྔས་མཆོད་ནས། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་བཅས་ལ། ལྷ་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས་གཏོར་མ་གསོལ་བར་བསམ་ཞིང༌། ཨོཾ་ཨཱཿབཛྲ་དྷྲྀཀ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ། ཞེས་པ་ལ་སོགས་པ། ལྷ་སོ་སོའི་སྔགས་ཀྱིས་ཕུལ་བའི་མཐར། ཨོཾ་ཨཱཿཧཱུྃ། ཞེས་པའི་སྔགས་ཀྱིས་འཇིག་རྟེན་པ་རྣམས་ལའང་དབུལ་ལོ། །སླར་ཡང་མེ་ཏོག་ལ་སོགས་པས་མཆོད་ནས་མངོན་པར་བསྟོད་ལ། འདོད་པའི་དོན་ལ་གསོལ་བ་བཏབ་ནས། ཕུལ་དུ་བྱུང་བའི་དངོས་གྲུབ་སྩལ་བ་བསམས་ལ། བཟོད་པར་གསོལ་ཏེ། ཨོཾ་བཛྲ་མུཿ ཞེས་བརྗོད་ནས་གཤེགས་སུ་གསོལ་ལོ། །གཏོར་མའི་རིམ་པའོ། །དེ་ནས་ཁ་ཟས་ལ་ལོངས་སྤྱོད་པའི་ཚེ། བཟའ་བཏུང་གཏོར་མ་བཞིན་བྱིན་གྱིས་བརླབས་ནས། རང་འཇམ་པའི་རྡོ་རྗེར་བསམས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། ལུས་ངག་ཡིད་གསུམ་ལྷ་དང་ལྷ་མོའི་ཚོགས་སུ་ལྷག་པར་མོས་ལ། ལྟེ་བར་རབ་ཏུ་འབར་བའི་མེ་ཨའི་རྣམ་པར་བསམ་ཞིང༌། མགྲིན་པར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར། རྡོ་རྗེ་རྩེ་ལྔ་པ་སྤུ་གུ་དང་བཅས་པ། ལྟེ་བ་ལ་ཧཱུྃ་གིས་མཚན་པ་དམིགས་ལ། ལག་པ་གཉིས་དགང་བླུགས། ཁ་ཧོམ་ཁུང་དུ་བསམས་ལ་ཆགས་སྡང་མེད་པར་ལྷ་མཆོད་པའི་བསམ་པས་བཟའ་བར་བྱའོ། །ལྷག་མ་ནི་ལྷག་མ་ལ་དགའ་བའི་འབྱུང་པོ་ལ་སྦྱིན་ནོ། །ཟས་ཀྱི་ཆོ་གའི་རིམ་པའོ། །དེ་ནས་སྤྱོད་ལམ་ལ་འཇུག་པའི་ཚེ། དཀྱིལ་འཁོར་དང་ལྷའི་རྣམ་པ་དག་པ་ངག་ཏུ་བརྗོད་ཅིང་དྲན་པར་བྱས་པའི་མཐར། རང་གི་སྙིང་གའི་ས་བོན་ལས་འཕྲོས་པའི་འོད་ཟེར་གྱིས་གཞལ་ཡས་ཁང་དང་ལྷ་རྣམས་རང་ལ་བསྡུས་ནས། རང་དཔའ་བོ་གཅིག་པར་གནས་པའི་སྐྱེ་མཆེད་དང་ལུས་ངག་ཡིད་ལྷ་སོ་སོར་མོས་པར་བྱས་ལ། སྣོད་གྱི་འཇིག་རྟེན་གཞལ་ཡས་ཁང་དང༌། བཅུད་ཀྱི་འཇིག་རྟེན་ལྷག་པའི་ལྷར་བལྟ་ཞིང༌། ཡུལ་དྲུག་ལྷ་མོ་དྲུག་ཏུ་བསམས་ལ་ཡུལ་གྱི་ལྷ་མོས་བདག་གི་སྐྱེ་མཆེད་ཀྱི་ལྷ་རྣམས་མཆོད་པར་བསམ་ཞིང༌། འདོད་པའི་ལོངས་སྤྱོད་ལ་མངོན་པར་ཆགས་པ་དང༌། སྡང་བའི་ཡིད་རྣམས་སྤངས་ནས། འཇིགས་པ་དང༌། བག་ཚ་བ་མེད་པར་རྣམ་པར་སྤྱད་དོ། །བསོད་ནམས་འཕེལ་བའི་ཕྱིར་མཆོད་པ་དང་ཆུ་སྦྱིན་དང༌། སཱཙྪ་གདབ་པ་ལ་སོགས་བྱ་སྟེ། གཞན་དུ་ཤེས་པར་བྱའོ། །ཐམས་ཅད་དུ་གཞན་ལ་ཕན་པ་སྙིང་པོར་བྱའོ། །སྣང་བ་ལྷ་དང༌། རང་བཞིན་སྟོང་པ་དང༌། ངོ་བོ་ཟུང་དུ་འཇུག་པ་དང༌། ཀུན་ཏུ་སྤྱོད་པ་ལྷ་མཆོད་པའི་ཐབས་སུ་ཤེས་པའི་རྣལ་འབྱོར་པ་ལ་ནི། དོན་དུ་མི་འགྱུར་བ་འགའ་ཡང་མེད་དོ། །སྤྱོད་ལམ་གྱི་བྱ་བའོ། །དེ་ལྟར་ཉམས་སུ་ལེན་པའི་གང་ཟག་ནི། བརྩོན་པ་དང་བསྟུན་པའི་བྱེ་བྲག་གིས་འདིའང་བར་དོ་ལ་སོགས་པར་རིག་པ་འཛིན་པར་གྱུར་ནས། ས་དང་ལམ་རྫོགས་པར་བྱས་ཏེ། ཡོན་ཏན་མ་ལུས་པའི་དབང་ཕྱུག་རྡོ་རྗེ་འཛིན་པ་ཆེན་པོར་འགྱུར་རོ། །ཐུན་མོང་གི་དངོས་གྲུབ་ནི་ཞར་ལ་ལྷུན་གྱིས་གྲུབ་པ་ཉིད་དོ། །གསང་བ་འདུས་པ་སྦས་ཆུའི་རྒྱ་མཚོ་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བར། །དེད་དཔོན་མཚུངས་མེད་འཇམ་དབྱངས་མཐུ་ཡིས་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ནི། །མན་ངག་རིན་ཆེན་ཕུང་པོ་བླངས་ནས་སྒྲུབ་ཐབས་ཀུན་ཏུ་བཟང་པོ་ཡི། །བང་མཛོད་བསྒྲུབས་ལས་རབ་ཏུ་བཏུས་ནས་རིན་ཆེན་ཕྲེང་འདི་ཁོ་བོས་སྤེལ། །བློ་ལྡན་གང་ཞིག་སྲིད་དང་ཞི་བའི་རྒུད་པ་མ་ལུས་ཀུན་བསལ་ནས། །སྟོབས་དང་མི་འཇིགས་མ་འདྲེས་ཆོས་སོགས་ཐམས་ཅད་མཁྱེན་པའི་དཔལ་གྱིས་ནི། །རབ་ཏུ་འབྱོར་ཞིང་ལྷ་དང་མི་ཡི་སྐྱབས་གནས་དམ་པར་བྱའོ་ཞེས། །ཉེ་བར་ཁས་འཆེ་དེ་དག་གིས་ནི་རིན་ཆེན་ཕྲེང་འདིས་བརྒྱན་པར་གྱིས། །དགེ་བ་གང་ཞིག་ཕུལ་དུ་བྱུང་བའི་འབྲས་བུ་ཉེར་འབྱིན་རིན་ཆེན་ལྟར། །རྣམ་པར་དག་ཅིང་སྡུག་བསྔལ་མུན་ནག་ཚང་ཚིང་རབ་འཇོམས་འོད་འབར་བ། །ཉེ་བར་བསགས་དེས་ཐོག་མེད་དུས་ནས་སྲིད་པར་དུབ་པ་དབུགས་ཕྱུང་སྟེ། །བློ་གྲོས་རྒྱལ་མཚན་དཔལ་གྱི་རྩེ་མོར་ཀུན་བཟང་ནོར་བུས་བརྒྱན་གྱུར་ཅིག །ཚུལ་འདི་གང་གི་དྲིན་གྱིས་རྟོགས་གྱུར་པ། །སྲིད་གསུམ་བླ་མ་ཡོན་ཏན་རིན་ཆེན་གཏེར། །ཆོས་རྗེ་དཔལ་ལྡན་ས་སྐྱ་པཎྜི་ཏའི། །ཞབས་པད་དྲི་མ་མེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་སྒྲུབ་ཐབས། ཆོས་ཀྱི་རྒྱལ་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་བཀོད་པའི་ཀུན་ཏུ་བཟང་པོའི་བང་མཛོད་ལས་ཕྱུང་ནས། བསྡེབས་ལེགས་པའི་ངག་གིས་རྣམ་པར་སྤེལ་བའི་སྒྲུབ་པའི་ཐབས་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་འདི་ནི། ཆོས་ཀྱི་རྗེ་མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་པ། ལུང་དང་རིགས་པའི་གནད་ཕྱིན་ཅི་མ་ལོག་པར་སྨྲ་བ། འཕགས་པ་ཞེས་བྱ་བས་མེ་ཕོ་རྟའི་ལོ། དབྱར་ཟླ་འབྲིང་པོའི་ཡར་གྱི་ངོ་ལ། རྒྱལ་བུ་བྱང་ཆུབ་སེམས་དཔའི་ཕོ་བྲང་ཆེན་མོར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*