༼ཕ༽
༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཕྱག་དྲུག་པའི་མངོན་རྟོགས་ཚོགས་འཁོར་དང་བཅས་པ་བཞུགས།།
༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་མངོན་པར་རྟོགས་པ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འཇམ་དཔལ་ཐུགས་རྗེས་ཁྲོས་པས་གཤིན་རྗེ་གཤེད། །མི་བཟད་ཁྲོ་བོ་རྒྱ་ཆེར་རྣམ་རོལ་པ། །བདུད་དཔུང་འཇོམས་པའི་དཔལ་ལ་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་མན་ངག་ཇི་བཞིན་བཤད། །དེ་ལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌། དམ་ཚིག་དང་ལྡན་པས་རྡོ་རྗེ་འཇིགས་བྱེད་ཕྱག་དྲུག་པ་བསྒོམ་པར་འདོད་པའི་རྣལ་འབྱོར་པས། སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་དཔལ་རྡོ་རྗེ་འཇིགས་བྱེད་བསྒོམ་པར་བྱ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་རང་གི་སྙིང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་དྷཱིཿདམར་སེར་ཅིག་བསམ། དེ་ལས་འོད་འཕྲོས། རང་གི་སྒྲིབ་པ་སྦྱངས། བ་སྤུའི་བུ་ག་ནས་འཕྲོས་པས་རང་བཞིན་གྱི་གནས་ནས་འཇམ་དཔལ་ཞི་ཁྲོའི་ལྷ་ཚོགས། བླ་མ་སྟེང་གི་ཆ་ལ་བཞུགས་པ་དང་བཅས་པ་སྤྱན་དྲངས་ལ། དེ་ལ་ཡིད་ཀྱིས་ཕྱག་འཚལ་ནས། ཨོཾ་མཉྫུ་ཤྲཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ལ་སོགས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ལ་སོགས་པས་རྒྱུན་བཤགས་ལན་གསུམ་བྱ། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །ལ་སོགས་པ་ལན་གསུམ་གྱིས་སྡོམ་པ་གཟུང༌། ཚད་མེད་པ་བཞི་བསྒོམ། ཨོཾ་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་ལས་པདྨ་འདབ་མ་བརྒྱད་པ། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པར་བསམ། དེ་ལས་འོད་འཕྲོས་པས་རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་རེ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་སྲུང་འཁོར་བསྒོམ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་པས་བྱིན་གྱིས་བརླབ། དེ་ནས་སྲུང་བའི་འཁོར་ལོའི་ནང་དུ། ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་ཡངས་ཤིང་རྒྱ་ཆེ་བ་བསམ། དེའི་ནང་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར་གཞུ་བདུངས་པ་ལྟ་བུ་ཡང་ཞིང་གཡོ་བའི་བ་དན་གྱིས་མཚན་པ་བསམ། དེའི་སྟེང་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་ཐོད་པ་བརྩེགས་པའི་རྭ་བ་ཀེང་རུས་ཀྱིས་ཕུབ་པའི་ནང་དུ། ཁྲག་ཞག་འཁྲུགས་པའི་རྒྱ་མཚོའི་དབུས་སུ། པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་ཡི་གེ་དྷཱིཿས་མཚན་པའི་ཨུཏྤ་ལ་བསམ། དེ་ལས་འོད་ཟེར་ཕར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་སྦྱངས། ཚུར་འདུས་པ་ལས་རང་ཉིད་འཇམ་དཔལ་གཞོན་ནུར་གྱུར་པར་བསྒོམ། དེའང་ཞལ་གཅིག་ཕྱག་གཉིས། གཡས་པ་ན་རལ་གྲི་གཡོན་པ་ན་ཨུཏྤ་ལ་འཛིན་པ། རིན་པོ་ཆེས་བརྒྱན་ཅིང་དར་གྱི་ན་བཟའ་གསོལ་བ་ཞི་བའི་སྐུར་བསམ། དེའི་ཐུགས་ཀར་ཨཱཿལས་ཉི་མའི་དཀྱིལ་འཁོར་བསྒོམས་པ་ལས་འོད་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་དང་ལྷ་མོ་ཐམས་ཅད་སྤྱན་དྲངས་རང་ལ་ཐིམ་པས། ཐམས་ཅད་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་ཆེན་པོ་ཞིག་ཏུ་གྱུར། དེ་ལས་འོད་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་གསུང༌། ཨཱ་ལི་ཀཱ་ལི་དང་གསང་སྔགས་ཀྱི་རྣམ་པར་སྤྱན་དྲངས། ཉི་མའི་སྟེང་དུ་འདུས་ནས་འདྲེས་པ་ལས་བྱུང་བའི་ཧཱུྃ་ཡིག་ནག་པོ། འོད་ཟེར་ལྔ་དང་ལྡན་པ་ཅིག་ཏུ་གྱུར་པར་བསམ། ཡང་དེ་ལས་འོད་ཟེར་ཕར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་དང་གྲི་གུག་དང་ཐོད་པ་ལ་སོགས་པ་ཕྱག་མཚན་གྱི་རྣམ་པས་སྤྱན་དྲངས། ཧཱུྃ་ལ་ཐིམ་ནས་འདྲེས་པ་ལས། རྡོ་རྗེ་སྔོན་པོ་རྩེ་མོ་དགུ་པ་ལྟེ་བར་ཧཱུྃ་གིས་མཚན་པ་གཅིག་ཏུ་གྱུར། དེ་ལས་ཁྲོ་བོ་དང་ཁྲོ་མོའི་ཚོགས་དཔག་ཏུ་མེད་པ་སྤྲོས་པས། སེམས་ཅན་ཐམས་ཅད་གྱི་སྡིག་སྒྲིབ་སྦྱངས། སེམས་ཅན་ཐམས་ཅད་ཀྱང་རྡོ་རྗེ་འཇིགས་བྱེད་དུ་གྱུར། ཚུར་འདུས་རྡོ་རྗེ་ལ་ཐིམ་ནས་ཡོངས་སུ་གྱུར་པ་ལས་བྱུང་བའི་རང་ཉིད་རྡོ་རྗེ་འཇིགས་བྱེད་དུ་གྱུར་པར་བསམ། དེའང་པདྨ་དང་ཉི་མའི་སྟེང་དུ་མ་ཧེ་ཁྲོས་པའི་གདན་ལ། ཞབས་གཡས་པ་བརྐྱང་ཞིང་གཡོན་པ་བསྐུམ་པས་བཞུགས་པ། ཞལ་གསུམ་ཕྱག་དྲུག་པ། སྐུ་མདོག་མཐིང་ནག རྩ་བའི་ཞལ་མ་ཧེའི་གདོང་པ། གཡས་ཀྱི་ཞལ་དཀར་བ། གཡོན་དམར་བ། ཕྱག་གཡས་ཀྱི་དང་པོས་གྲི་གུག གཡོན་གྱི་དང་པོས་ཁྲག་གིས་གང་བའི་ཐོད་པ་གཉིས་ཀའང་ཐུགས་ཀར་འཛིན་པ། གཡས་ཀྱི་གཉིས་པ་ན་ཌཱ་མ་རུ། གཡོན་གྱི་གཉིས་པ་ན་རྡོ་རྗེས་མཚན་པའི་ཁ་ཊྭ྄ཱཾ་ག ཕྱག་འོག་མ་གཉིས་ཀྱིས་གླང་པོ་ཆེའི་ཀོ་རློན་བརྒྱངས་ནས་ན་བཟར་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་དང༌། སྦྲུལ་ནག་གི་ཆུན་པོའི་མཆོད་ཕྱིར་ཐོགས་འཆང་བ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་ཞིང༌། ཧཱུྃ་དང་ཕཊ་གྱི་སྒྲ་སྒྲོགས་པ། གཅེར་བུ་མཚན་མ་གྱེན་དུ་བསྒྲེང་བ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་བསྒོམས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ནས་བརྟན་པར་བྱའོ། །དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས། རྡོ་རྗེ་འཇིགས་བྱེད་ཡུམ་དང་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་སྤྱན་དྲངས། མཆོད་པས་སྔར་བཞིན་དུ་མཆོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བས། དབང་གི་ཆུས་རྐང་མཐིལ་ཡན་ཆད་གང༌། ལུས་ངག་ཡིད་གསུམ་གྱི་དྲི་མ་ཐམས་ཅད་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པས་མི་བསྐྱོད་པས་དབུར་བརྒྱན་པར་བསམ། དེ་ནས་དབང་གི་ལྷ་ཉིད་ཡེ་ཤེས་པའི་ཚུལ་དུ་བདག་ལ་ཐིམ་པར་བསྒོམ་ཞིང༌། ཨོཾ་བཛྲ་བྷཻ་ར་ཝ་ས་པ་རི་ཝཱ་ར། ཞེས་ཀུན་ལ་སྦྱར་ལ། བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ ཞེས་བརྗོད་པས་རང་ལ་གཉིས་སུ་མེད་པར་ཐིམ། དེ་ནས་རང་གི་སྙིང་གར་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུ་དང༌། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཧཱུྃ་སྔོན་པོ་བསྒོམས་ནས། དམ་ཚིག་གི་ཕྱག་རྒྱ། དཔྲལ་བ་མགྲིན་པ་སྙིང་ག་གསུམ་དུ་བཅའ་ཞིང༌། ཧྲཱིཿཥྚྲཱིའི་སྔགས་རེ་རེ་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་མདུན་དུ་བདུད་རྩི་གཏོར་མ་ལྟར་བྱིན་གྱིས་བརླབས་ནས། ལྕེ་ལ་མྱངས་པས་ལུས་ཐམས་ཅད་བདུད་རྩིས་གང་བར་བསྒོམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏའི་སྔགས་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་རང་གི་ལུས་དང་གྲིབ་མའི་ཚུལ་གྱིས་རང་གི་པང་དུ་ཡུམ་རྡོ་རྗེ་རོ་ལངས་མ་སྐུ་མདོག་ནག་མོ། །གྲི་གུག་དང་ཐོད་པ་འཛིན་པ་གསལ་བར་དམིགས་ནས། དེ་དང་མཉམ་པར་སྦྱོར་བའི་བདེ་བའི་སྒྲས་སངས་རྒྱས་ཐམས་ཅད་བཀུག ཞལ་དུ་ཞུགས། སྙིང་གར་ཞུ། བྷ་གར་བབས་པ་མཆོད་པའི་ལྷ་མོ་གྲངས་མེད་པར་གྱུར། དེ་ཕྱིར་སྤྲོས་ནས་དེ་རྣམས་ཀྱིས་འདི་སྐད་ཅེས། གཟུགས་སྒྲ་ལ་སོགས་དྲུག་པོ་འདི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང༌། །ཤེལ་ལ་ཚོན་ནི་ཇི་བཞིན་ནོ། །འདོད་པ་ལྔ་དང་ཆོས་རྣམས་ལ། །རྣལ་འབྱོར་རྟག་ཏུ་སྤྱོད་པར་ཤོག །ཨ་ལ་ལ་ཧོ་རོལ་དུ་གསོལ། །གནས་པར་མཛོད། མི་འཛིན་སྒྱུ་མ་ལྟ་བུ་ལ། །དགྱེས་པའི་གར་གྱིས་རོལ་པར་མཛོད། །རེག་བྱ་འགག་པ་མེད་པ་ལ། །མི་གཡོ་བཞིན་དུ་རོལ་དུ་གསོལ། །ཞེས་གསུང་ཞིང་མཆོད་པར་བསམ། དེ་ནས་ཡང་དེ་དག་གིས་མགྲིན་གཅིག་ཏུ། ཧཱུྃ་མིའུ་ཐུང་ནག་པོ་སྤྲིན་ལྟའི་མདོག འོད་ཟེར་བྱེ་བ་འཕྲོ་བ་བཞེངས། །མཚན་མ་བསྒྲེང་བ་མ་ཧེའི་ཞལ། །གཉིས་མེད་སྦྱོར་བས་ཁྱོད་རྒྱལ་མཛད། །ཟླ་བ་བཞིན་དུ་ཞལ་དགུ་པ། །ལྷ་དང་ལྷ་མིན་ཐམས་ཅད་ཀུན། །མ་ལུས་པར་ནི་འཇིགས་པར་མཛད། །གཡས་བསྐུམ་གཡོན་བརྐྱང་བརྗིད་པར་གནས། །སྟོབས་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པར་བསམ། དེ་ནས་མཆོད་པའི་ལྷ་མོ་ཡུམ་དང་བཅས་པ་རང་གི་ལུས་ལ་གཉིས་སུ་མེད་པར་ཐིམ་པར་བསྒོམས་ནས། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་གཏད་དེ་མཉམ་པར་གཞག་གོ །དེ་ནས་ཡིད་འཕྲོ་བར་གྱུར་ན་སྔགས་ཀྱི་བཟླས་པ་བྱ་སྟེ། ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་གི་མཐའ་མར། ཡང་སྙིང་དང༌། ཉེ་སྙིང་དང༌། དེའི་མཐའ་མར་སྙིང་པོ་དང༌། དེའི་མཐའ་མར་རྩ་སྔགས་ཀྱིས་བསྐོར་ནས། དེ་རྣམས་གཡས་སྐོར་དུ་འཁོར་བས་སྡིག་པ་དང་སྒྲིབ་པ་སྦྱངས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྤེལ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་བདག་ལ་འཇུག་པར་བསམ་ཞིང༌། རྩ་སྔགས། སྙིང་པོ། ཉེ་སྙིང་གསུམ་གང་མོས་ལ་བཟླས་པར་བྱའོ། །བཟླས་པ་ཚར་བ་དང༌། གཏོར་མ་གཏོང་བའི་ཚུལ་ནི། འདས་པ་དང་འཇིག་རྟེན་པའི་གཏོར་མ་གཉིས་ལས། འདས་པའི་གཏོར་མ་གཏང་བའི་ཚུལ་ནི། གཏོར་མ་ཉེ་སྙིང་གིས་བསངས། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཨཱཿལས་ཐོད་པའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔའི་སྟེང་དུ། ཤར་དུ་བི་ལས་དྲི་ཆེན། དབུས་སུ་མུ་ལས་དྲི་ཆུ། ནུབ་ཏུ་ཤུ་ལས་བྱང་སེམས། བྱང་དུ་མ་ལས་ཤ་ཆེན་གྱི་དྭངས་མ། ལྷོར་ར་ལས་རཀྟ། དེའི་སྟེང་དུ་དབུས་དང་ཕྱོགས་བཞིར། ཧཱུྃ་བྷྲཱུྃ་ཨཱྃ་ཛྲཱིྃ་ཁྃ། ཤར་ལྷོ་ནས་མཚམས་བཞིར། ལྃ་མྃ་པྃ་ཏཱྃ་བསྐྱེད་ནས། དེ་རྣམས་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས། མེ་སྦར་ཤ་ལྔ་བདུད་རྩི་ལྔ་ས་བོན་དང་བཅས་པ་རྣམས་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསྒོམས་ནས། ཨོཾ་ཨཱཿཧཱུྃ་ཡང་ཡང་བརྗོད་ཅིང་བྱིན་གྱིས་བརླབ། དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་ནས། རང་གིས་བསྒོམས་པའི་རྡོ་རྗེ་འཇིགས་བྱེད་དང་འདྲ་བ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་རང་བཞིན་གྱི་གནས་ནས་སྤྱན་དྲངས། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་དབུལ། དེ་ནས་དེ་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས་གཏོར་མ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཡ་མཱནྟ་ཀ་སརྦ་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། ཅེས་པ་གསུམ་མམ་བདུན་གྱིས་དབུལ། ཨརྒྷཾ་པཱ་དྱཾ་ལ་སོགས་པ་དང༌། གཟུགས་སྒྲ་ལ་སོགས་དྲུག་པོ་འདི། །ཞེས་པ་ལ་སོགས་པས་མཆོད་ནས། མིའུ་ཐུང་ནག་པོ་སྤྲིན་ལྟའི་མདོག །ལ་སོགས་པས་བསྟོད། འདོད་པའི་དོན་ལ་གསོལ་བ་གདབ་བོ། །དེ་ནས་འཇིག་རྟེན་པའི་གཏོར་མ་ནི། མཁའ་འགྲོ་སྤྱི་གཏོར་ལྟར་བྱིན་གྱིས་བརླབས་ནས། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། སོ་སོའི་གནས་ནས་ཕྱོགས་སྐྱོང་བ་བཅུ་བཞི་བཀུག་ནས། མདུན་གྱི་གཤིན་རྗེ་གཤེད་བསྐོར་ནས་བཞུགས་པར་བསམ། དེ་རྣམས་ལ་པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ་ནས། དེ་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས་གཏོར་མ་གསོལ་བར་བསམ་ཞིང༌། ཨོཾ་ཧྲཱིཿཥྚྲཱི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སརྦ་བྷཱུ་ཏེ་བྷྱཿཨི་དཾ་བ་ལིཾ་བྷཀྵ་སཱི་ཧ་ཧ་ཧི་ཧི་ཕཻཾ་ཕཻཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བདུན་ནམ་གསུམ་གྱིས་དབུལ། སླར་ཡང་ཨརྒྷཾ་ལ་སོགས་པས་མཆོད། འདོད་པའི་དོན་གསོལ་བ་གདབ། དེ་ནས་ཨོཾ་བཛྲ་མུཿས་འདས་པའི་ལྷ་གཤེགས་སུ་གསོལ། སརྦ་བྷཱུ་ཏ་གཙྪས་འཇིག་རྟེན་པ་རྣམས་གཤེགས་སུ་གསོལ་ལོ། །གཏོར་མའི་རིམ་པའོ། །ཁ་ཟས་པའི་ཚེ། ཁ་ཟས་གཏོར་མ་ལྟར་བྱིན་གྱིས་བརླབ། རང་གི་ལུས་རྡོ་རྗེ་འཇིགས་བྱེད་དུ་བསྒོམ། ལྟེ་བར་གཏུམ་མོའི་མེ་སྦར་ནས། མེའི་ཁྲོད་ན་རྡོ་རྗེ་འཇིགས་བྱེད་ཀྱིས་གཙོར་བྱས་པ་འཇིག་རྟེན་ལས་འདས་པ་དང༌། ཕྱོགས་སྐྱོང་བ་བཅུ་བཞི་ལ་སོགས་པ་འཇིག་རྟེན་པའི་ལྷའི་ཚོགས་རྣམས་བཞུགས་པར་བསྒོམས་ནས། དེ་རྣམས་ལ་མཆོད་པའི་བསམ་པས་ནང་གི་སྦྱིན་སྲེག་གི་ཚུལ་གྱིས་ལོངས་སྤྱད་དོ། །ཟས་ཀྱི་བྱ་བའི་རིམ་པའོ། །སྤྱོད་ལམ་སྣ་ཚོགས་ལ་འཇུག་པའི་ཚེ་བདག་དང་སྣང་བ་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ། བརྗོད་པ་དང་གྲགས་པ་ཐམས་ཅད་སྔགས། སེམས་ཀྱི་བསམ་པ་ཐམས་ཅད་ཏིང་ངེ་འཛིན་དུ་བསམས་ནས། དེ་ཐམས་ཅད་ཀྱང་སྣ་ཚོགས་སུ་སྣང་ཡང་རང་བཞིན་མེད་པར་སྟོང་པར་ཤེས་པར་བྱས་ལ། གང་ལ་ཡང་སྡང་བ་དང་ཞེན་པ་མེད་པར་ལོངས་སྤྱད་དོ། །སྤྱོད་ལམ་མོ། །ཉལ་བའི་ཚེ་བདག་དང་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་བསམས་ལ་ཉལ། ལྡང་བའི་ཚེ་སྐད་ཅིག་གིས་ལྷའི་སྐུའི་ང་རྒྱལ་གྱིས་ལྡང་ངོ༌། །དེ་དག་གིས་ནི་རྣལ་འབྱོར་རྫོགས་པར་བསྟན་ཟིན་ཏོ།། །།ཚོགས་ཀྱི་འཁོར་ལོ་བྱེད་པར་འདོད་པའི་ཚེ། མཆོད་པ་དང༌། གཏོར་མ་ལ་སོགས་པའི་ཡོ་བྱད་རྣམས་བཤམས་ནས། ལས་ཀྱི་སློབ་མས་ཞུ་དབུལ། ཡི་གེ་བརྒྱ་པས་རྒྱུད་སྦྱངས་ནས། མངོན་པར་རྟོགས་པ་བསྒོམ་པ་དང་བཟླས་པ་གོང་དུ་བསྟན་པ་ལྟར་རྫོགས་པར་བྱ། དེ་ནས་མཆོད་པ་རྣམས། ཡང་སྙིང་གིས་བསངས། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས། ཨོཾ་ཨཱཿཧཱུྃ་ལས་ལྷ་རྫས་ལས་གྲུབ་པའི་མཆོད་པ་བསམ་གྱིས་མི་ཁྱབ་པར་བསྐྱེད་ནས། ཡང་ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། དེ་ནས་མདུན་དུ་སྲུང་བའི་འཁོར་ལོའི་ནང་དུ་བདག་གིས་བསྒོམས་པ་ལྟར། ཡེ་ཤེས་པ་གཞུག་པའི་བར་དུ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒྲུབས་ནས། དེའི་མཐར་བླ་མ་བརྒྱུད་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བར་བསམས་ནས། རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་གྲངས་མེད་པ་འཕྲོས་པས་མདུན་དུ་བྱིན་གྱིས་བརླབས་པའི་མཆོད་པ་རྣམས་ཐོགས་ནས་མཆོད་པར་བསམ་ཞིང༌། སོ་སོའི་ཕྱག་རྒྱ་བྱས་ལ། འཛམ་བུའི་གླིང་དང་གླིང་གཞན་དག །མཆོད་ཡོན་གྱིས་ནི་རབ་བཀང་བ། །སྟོང་གསུམ་ལ་སོགས་དེ་བཞིན་ཏེ། །ཁྲོ་བོ་གཤིན་རྗེ་གཤེད་ལ་དབུལ། །ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན་དབུལ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ་ཞབས་བསིལ་དང༌། ཨརྒྷཾ་གྱི་གནས་སུ་པཱ་དྱཾ་གིས་ཞལ་བསིལ་དབུལ། དེ་བཞིན་དུ་མེ་ཏོག་དང༌། བདུག་སྤོས་དང༌། མར་མེ་དང༌། དྲི་དང༌། ཞལ་ཟས་དང༌། རོལ་མོ་རྣམས་ཀྱང་སོ་སོའི་སྔགས་རྣམས་སྔ་མ་དང་སྦྱར་ལ་དབུལ་ལོ། །དེ་ནས་ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ནས། ཐོག་མར་རང་གི་རྩ་བའི་བླ་མ་ལ་དབུལ། དེ་ནས་བླ་མ་བརྒྱུད་པ་ལ་དབུལ་ཏེ། རྡོ་རྗེ་འཇིགས་བྱེད། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཛྙཱ་ན་ཨཱ་ཀ་ར་གུཔྟ། པདྨ་བཛྲ། བླ་མ་ཡེ་རང་བ། རྭ་ལོ་ཙ་བ་རྡོ་རྗེ་གྲགས་པ། བླ་མ་ཆོས་རབ། བླ་མ་ཡེ་ཤེས་སེང་གེ བླ་མ་འབུམ་སེང༌། བླ་མ་ཀློག་སྐྱ་དབང་ཕྱུག་གྲགས་པ། བླ་མ་མཁྱེན་རབ་དམ་པའི་དཔལ་ཞེས་པའི་མཚན་གྱི་མཐར། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང༌། བླ་མ་རྣམས་ལ་དབུལ། དེ་ནས་རྩ་སྔགས་དང༌། སྙིང་པོ་དང༌། ཉེ་སྙིང་བརྗོད་ཅིང༌། བཅོམ་ལྡན་འདས་ལ་དབུལ། དེ་ནས་ཡི་དམ་གྱི་ལྷ་གཞན་ལ་སོ་སོའི་སྔགས་ཀྱིས་དབུལ། དེ་ནས་རང་གི་ལྕེ་དང༌། དཔྲལ་བ། མགྲིན་པ། སྙིང་གར་ཐིག་ལེ་བྱས་ལ་རང་གི་ལུས་ཀྱི་ལྷ་མཆོད། དེ་ནས་ཆོས་སྐྱོང་དང་འཇིག་རྟེན་པ་རྣམས་ལ་དབུལ་ལོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་འཛིན་པས། གོང་དུ་སྤྲོས་པའི་ལྷ་མོ་རྣམས་ཀྱིས། ཕྱི་དང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད། གཟུགས་སྒྲ་ལ་སོགས་དྲུག་པོ་འདི། །ཞེས་པ་ལ་སོགས་པ་བརྗོད་དོ། །དེ་ནས་བསྟོད་པར་བསམ་ཞིང༌། མིའུ་ཐུང་ནག་པོ་སྤྲིན་ལྟའི་མདོག །ལ་སོགས་པས་བསྟོད་དོ། །དེ་ནས་གཏོར་མ་སྦྱངས་ནས། དང་པོ་བཅོམ་ལྡན་འདས་ལ་དབུལ། གཉིས་པ་ཆོས་སྐྱོང་ལ་དབུལ། གསུམ་པ་འདི་ཉིད་ཀྱི་འབྱུང་པོའི་གཏོར་མ་དབུལ། བཞི་པ་མཁའ་འགྲོ་སྤྱི་གཏོར་གྱིས་འབྱུང་པོའི་ཚོགས་ཐམས་ཅད་ལ་དབུལ། དེ་ནས་ཚོགས་ཀྱི་ཡོ་བྱད་རྣམས་བསགས་ནས། གཏོར་མ་ལྟར་བྱིན་གྱིས་བརླབས་ནས་ལས་ཀྱི་སློབ་མ་རྣམས་ཀྱིས་བཏེག་ལ། ལྷ་དང་བླ་མ་དང་དེར་འཚོགས་པའི་དཔའ་བོ་དང༌། རྣལ་འབྱོར་མ་རྣམས་ལ་བསྟབས་པར་བསམ་ཞིང༌། དབྱངས་དང་བཅས་པའམ། དབྱངས་མེད་ཀྱང་རུང་སྟེ། གཟུགས་སྒྲ་ལ་སོགས་དྲུག་པོ་འདི། །ལ་སོགས་པ་བརྗོད་པར་བྱའོ། དེ་ནས་ཕུད་ལྷ་དང་གཏོར་མ་ལ་ཕུལ་ནས། དམ་ཚིག་དྲངས་ལ། ཁ་ཟས་ཀྱི་རྣལ་འབྱོར་དང་ལྡན་པས་ཚིམ་པར་ལོངས་སྤྱད་དོ། །མཐར་ལྷག་མ་བསྡུས་ཏེ་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་སྦྱིན། རྡོ་རྗེའི་གླུ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ནས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ལ་སོགས་པ་དང༌། བགེགས་དང་ལོག་པར་འདྲེན་པ་རྣམས། །གདུལ་དཀའ་འདུལ་བྱེད་དཔའ་བོ་ནི། །ཤིན་ཏུ་གཏུམ་པའི་ཁྲོ་གཟུགས་ཀྱིས། །མ་རུངས་པ་རྣམས་ཚར་གཅོད་ཤོག །ཅེས་སྨོན་ལམ་བཏབ་ནས། མདུན་བསྐྱེད་གཏོར་མའི་མགྲོན་དང་བཅས་པ་ལ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་བཟོད་པར་གསོལ་ནས། མདུན་བསྐྱེད་ཀྱི་རྟེན་ཡོད་ན་གཤེགས་སུ་གསོལ། མེད་ན་གཤེགས་སུ་གསོལ་མི་དགོས། གཏོར་མའི་མགྲོན་རྣམས་བཛྲ་མུཿས་གཤེགས་སུ་གསོལ་ནས། གཏོར་མ་རོལ་མོ་དང་བཅས་ཏེ་གཏང་ངོ༌། །དེ་ནས་རང་གི་གནས་གསུམ་དུ། ཨོཾ་ཨཱཿཧཱུྃ་བཀོད་ནས་བསྲུང༌། ལས་ཀྱི་རྗེས་བསྡུའོ། །ཚོགས་ཀྱི་འཁོར་ལོའི་ཆོ་ག་སྟེ། ཉེ་བར་མཁོ་བ་ཐམས་ཅད་རྫོགས་པར་བསྟན་ཟིན་ཏོ། །འཇམ་དཔལ་ཁྲོས་པ་རྡོ་རྗེ་འཇིགས་བྱེད་ཀྱི། །སྒྲུབ་ཐབས་རིམ་པ་རབ་ཏུ་གསལ་བ་འདི། །རྒྱལ་པོའི་བུར་གྱུར་ཇིམ་གྱིམ་ཞེས་བྱ་བས། །གསོལ་བ་བཏབ་ནས་སྔགས་འཆང་འཕགས་པས་སྦྱར། །དགེ་དེས་འགྲོ་ཀུན་རྡོ་རྗེ་འཇིགས་བྱེད་ཀྱི། །སྟོབས་ཀྱིས་མི་མཐུན་ཕྱོགས་ལས་ཉེར་རྒྱལ་ནས། །ཟག་པ་མེད་པའི་དགའ་བདེ་དམ་པ་ལ། །རྣམ་པ་ཀུན་ཏུ་དགའ་མགུར་རོལ་པར་ཤོག །རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་ཐབས། ཚོགས་ཀྱི་འཁོར་ལོ་དང་བཅས་པ་ཕག་གི་ལོ་ཟླ་བ་དགུ་པའི་ཚེས་ཉི་ཤུ་དགུ་ལ་སྦྱར་བའོ། །རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply