འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་ཐབས།

༼ཕ༽

༄༅། །འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་ཐབས་བཞུགས།།

༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་པའི་ཐབས་ཞེས་བྱ་བ། བླ་མ་དང་འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །འདིའི་དཀྱིལ་འཁོར་དུ་ཞུགས་ཤིང་དམ་ཚིག་དང་ལྡན་པས་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པ་བསྒོམ་པར་འདོད་པའི་རྣལ་འབྱོར་པས། སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་གཤིན་རྗེ་གཤེད་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ་མོ། །དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷསྶརྦ་དྷརྨཱསྶྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་སྟོང་པ་ཉིད་དུ་བསམ། སྟོང་པའི་ངང་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ཤེས་པ་དྷཱིཿདམར་སེར་དུ་བསམ། དེ་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་པ་ལས་རང་ཉིད་འཇམ་དཔལ་གཞོན་ནུ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ་གཡས་པ་རལ་གྲི། གཡོན་པས་ཨུཏྤ་ལའི་སྟེང་དུ་པུསྟི་ཡོད་པ་ཤིན་ཏུ་མཛེས་ཤིང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་གྱི་ན་བཟའ་མནབས་པར་བསམ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་བསྒོམ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་གཤིན་རྗེ་གཤེད་ཀྱི་ཁྲོ་བོ་དཔག་ཏུ་མེད་པ་སྤྱན་དྲངས་ནས། རང་ལ་ཐིམ་པའི་རྐྱེན་གྱིས་རང་ཉིད་གཤིན་རྗེ་གཤེད་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ་མ་ཧེའི་གདོང་པ་ཅན་ཕྱག་གཡས་གྲི་གུག་དང་གཡོན་པས་བདུད་རྩི་ལྔས་གང་བའི་ཐོད་པ་ཐུགས་ཀར་འཛིན་ཞིང་ཞལ་དུ་གསོལ་བ། ཞབས་གཡས་པ་བསྐུམ་པས་མ་ཧེའི་རྭ་བར་དང༌། གཡོན་བརྐྱང་པས་ཚང་རའི་སྟེང་དུ་བརྫིས་པ། གཅེར་བུ་ལིངྒ་གྱེན་དུ་རྒྱས་ཤིང་རུས་པའི་རྒྱན་དྲུག་དང་ལྡན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང་ལྗགས་འདྲིལ་བ། སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ་མོ། །དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། དམིགས་ནས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་བདག་ཡིན་སྙམ་དུ་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས། གཤིན་རྗེ་གཤེད་རིགས་ལྔ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲང༌། ཨོ་ཡ་མཱནྟ་ཀ་ཨརྒྷཾ་པཱ་དྱཾ་བཛྲ་པུཥྤེ། བཛྲ་དྷཱུ་པེ། བཛྲ་ཨཱ་ལོ་ཀེ བཛྲ་གནྡྷེ། བཛྲ་ནཻ་ཝི་དྱེ། བཛྲ་ཤབྡ་ཨཱཿཧཱུྃ། ཞེས་པས་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ་སུ་ར་ཏི་སྟྭཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་དབང་གི་ཆུས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པས་སྤྱི་བོར་མི་བསྐྱོད་པས་དབུར་བརྒྱན་པར་བསམ། ཡང༌། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་དབང་གི་ལྷ་རྣམས་ལ་རང་ལ་བསྟིམ། རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུ་དང༌། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཧཱུྃ་བསམ་ནས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་གཏད་ལ་མཉམ་པར་གཞག་གོ །སྔགས་ཟློ་བར་འདོད་ན་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་མཐའ་མར་སྔགས་ཀྱི་ཕྲེང་བས་འཁོར་བའི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། རང་གི་སྡིག་པ་དང་སྒྲིབ་པ་དག བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བར་བསམ་ཞིང༌། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་སོ། །གཏོར་མ་གཏོང་བར་འདོད་པས། གཏོར་མ་བཤམས་ལ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ། ཞེས་པས་བསངས། སྭ་བྷཱ་བས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཤ་ལྔ་དང་བདུད་རྩི་ལྔ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམས་ལ། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། དེ་ནས་རང་གི་སྙིང་ག་ནས་འོད་འཕྲོས་པས་གཤིན་རྗེ་གཤེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་པའི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས་གཏོར་མ་གསོལ་བར་བསམ་ཞིང་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཡ་མཱནྟ་ཀ་སརྦ་བིགྷྣཱན་མཱ་ར་ཡ་ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཕཊ། ཅེས་གསུམ་མམ་བདུན་གྱིས་དབུལ། ཨརྒྷཾ་ལ་སོགས་པས་མཆོད་དེ། དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །ཞེ་སྡང་གཤིན་རྗེ་རྡོ་རྗེ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེས་སྤྲུལ་པའི་སྐུར་བསྟན་པ། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་པ་མུན་ཆེན་ཁྱོད་ལ་འདུད། །ཅེས་པས་བསྟོད་ནས། འདོད་པའི་དོན་གསོལ་བ་གདབ། ཨོཾ་བཛྲ་མུཿས་གཤེགས་སུ་གསོལ། ཁ་ཟས་ཟ་བའི་ཚེ། ཁ་ཟས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབ། རང་ཡང་ཡ་མཱནྟ་ཀར་དམིགས་པའི་སྙིང་གར་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། ལྟོ་བར་ཆོས་སྐྱོང་སྲུང་མ་དང༌། ཕྱོགས་སྐྱོང་བས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཡོད་པར་བསམས་ནས། དེ་རྣམས་མཆོད་པའི་བསམ་པས་ལོངས་སྤྱོད། སྤྱོད་ལམ་སྣ་ཚོགས་ལ་འཇུག་པའི་ཚེ། རང་དང་སྣང་བ་ཐམས་ཅད་ལྷ། བརྗོད་པ་དང་གྲག་པ་ཐམས་ཅད་སྔགས། སེམས་པ་དང་ཆོ་འཕྲུལ་ཐམས་ཅད་ཏིང་ངེ་འཛིན་དུ་བསམས་ལ། སྡང་བ་དང་ཞེན་པ་མེད་པར་སྤྱད་དོ། །ཉལ་བའི་ཚེ་སྟོང་པའི་ངང་ལ་ཉལ། ལྡང་བའི་ཚེ་ལྷའི་སྐུར་ལྡང་ངོ༌། །དེ་ལྟར་རྟག་ཏུ་རྣལ་འབྱོར་དུ་བྱས་ན་གནས་སྐབས་སུ་བར་དུ་གཅོད་པ་ཞི་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་རོ། །དཔལ་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པ་སྒྲུབ་པའི་ཐབས། རྒྱལ་བུ་ཨ་རོག་ཆེ་ཞེས་བྱ་བས་བསྐུལ་ནས། འཕགས་པས་ཤིང་ཕོ་ཁྱིའི་ལོ་ཟླ་བ་བཅུ་པ་ལྷག་པའི་ཚེས་བཅོ་ལྔ་ལ་གཉའ་གོང་དུ་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་རའོ། །ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། འབུམ་ཕྲག་ཉི་ཤུའི་བསྙེན་པ་བྱ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*