༼ཕ༽
༄༅། །ཡང་ཕྱག་གཉིས་པའི་སྒྲུབ་ཐབས་བཞུགས།།
༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཡ་མཱནྟ་ཀ་བསྒོམ་པར་འདོད་པས། སྟན་བདེ་བ་ལ་བསྡད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཡ་མཱནྟ་ཀ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷསྶརྦ་དྷརྨཱསྶྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་བདག་གཞན་ཐམས་ཅད་སྟོང་པར་བསམ། སྟོང་པའི་ངང་ལས་པདྨ་དང༌། ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པས། རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་རེ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་འཁོར་ཀྱི་ནང་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། ཕྱི་དཀར་བ། ནང་དམར་བ། གདེངས་ཁ་གྱེན་དུ་ཕྱོགས་པའི་ནང་དུ། ཡྃ་ལས་རླུང་གི་དཀྱིལ་འཁོར་བརྟན་ཞིང་རྒྱ་ཆེ་བ་བསྒོམ། དེའི་དབུས་སུ་པྃ་ལས་པདྨ་འདབ་མ་བརྒྱད་པ། དེའི་ཁོར་ཡུག་ན་ཁྲག་ཞག་གི་རྒྱ་མཚོ་ཆེན་པོའི་ཁྲོད་ན་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བར་བསམ། དེ་ནས་པདྨའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ཤེས་པ་དྷཱིཿར་བསྒོམས་ནས། དེ་ལས་འོད་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང༌། སྒྲིབ་པ་སྦྱང༌། ཚུར་འདུས་དྷཱིཿལ་ཐིམ་པས་རང་ཉིད་འཇམ་དཔལ་སྐུ་མདོག་སེར་པོ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་པས་ཤེས་རབ་ཀྱི་རལ་གྲི། གཡོན་པས་པུསྟི་དང་བཅས་པའི་ཨུཏྤ་ལའི་རྩ་བ་ཐུགས་ཀར་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང༌། དར་སྣ་ཚོགས་པའི་ཤམ་ཐབས་ཅན། ཞི་བའི་སྐུར་བསྒོམ། དེའི་ཐུགས་ཀར་དྷཱིཿབསྒོམས་ནས། དེ་ལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་པ་རང་ལ་ཐིམ་པས་རང་ཉིད་ཡ་མཱནྟ་ཀ་མ་ཧེའི་གདན་ལ་བཞུགས་པ། སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་མ་ཧེའི་གདོང་པ་ཅན། ཕྱག་གཡས་པས་གྲི་གུག་དང༌། གཡོན་པས་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། གཅེར་བུ་རལ་པ་དམར་སེར་གྱེན་དུ་གཡེངས་པ། སྤྱན་གསུམ་དང་ལྡན་ཞིང༌། ཞལ་ནས་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོགས་པ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསྒོམ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་བསྒོམས་ནས། ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས། ཡ་མཱནྟ་ཀ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། ཨརྒྷཾ་པཱ་དྱཾ། བཛྲ་པུཥྤེ་ཨཱཿཧཱུྃ། བཛྲ་དྷཱུ་པེ་ཨཱཿཧཱུྃ། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། བཛྲ་གནྡྷེ་ཨཱཿཧཱུྃ། བཛྲ་ནཻ་བི་དྱེ་ཨཱཿཧཱུྃ་གིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་དེ་རྣམས་ཀྱིས། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་བསམས་ལ། དེ་ནས། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་རང་ལ་གཉིས་སུ་མེད་པར་བསྟིམ། དེ་ནས་རང་གི་སྙིང་གི་ནང་དུ། ཡེ་ཤེས་སེམས་དཔའ་མཚོན་གང་བ། འཇམ་དཔལ་ཞི་བའི་སྐུ་ཅིག་བསམ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ནས་འབྲུ་ཙམ་ཞིག་བསམ། དེ་ལྟར་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་ཡིད་གཏད་དེ་སེམས་གཟུང་ངོ༌། །དེ་ནས་སྔགས་ཟློ་བར་འདོད་ན་སྙིང་གའི་ཏིང་ངེ་འཛིན་སེམས་དཔའི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཀྱིས་ནང་གི་སྡིག་སྒྲིབ་སྦྱངས། ཕྱིར་འཕྲོས་པས་བགེགས་དང་ལོག་པར་འདྲེན་པ་ཚར་བཅད། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་བདག་ལ་འཇུག་པར་བསམ་ཞིང༌། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་ཇི་སྲིད་མི་སྐྱོའི་བར་དུ་བཟླའོ། །བཟླས་པ་ཚར་བ་དང༌། དགེ་བ་བྱང་ཆུབ་ཏུ་བསྔོའོ། །གཏོར་མ་གཏོང་བའི་ཚེ། གཏོར་མ་བཤམས་པ་ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས། ཐོད་པ་ཆེན་པོ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར་པར་བསམས་ནས། རང་གི་སྙིང་ག་ནས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་ཡ་མཱནྟ་ཀ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་པ་ལ་གཏོར་མ་ཕུལ་བས་གསོལ་བར་བསམ་ཞིང༌། ཨོཾ་ཡ་མཱནྟ་ཀ་སརྦ་བིགྷྣཱན་ཤ་ཏྲཱུན་མཱ་ར་ཡ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། ཅེས་ལྔའམ་བདུན་གྱིས་དབུལ། ཨརྒྷཾ་ལ་སོགས་པས་མཆོད། འདོད་པའི་དོན་གསོལ་བ་གདབ། བཛྲ་མུཿས་གཏོར་མའི་མགྲོན་གཤེགས་སུ་གསོལ། གཏོར་མ་གཏོང་ངོ༌། །ཁ་ཟས་ཟ་བའི་ཚེ། ཁ་ཟས། ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ། རང་ཉིད་ཡ་མཱནྟ་ཀར་དམིགས་པའི་ལྟེ་བར་གཏུམ་མོའི་མེ་སྦར་བས་ལུས་ཡོངས་སུ་གང་བའི་ཁྲོད་ན། སྙིང་གར་བླ་མ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ལྟོ་བར་ཆོས་སྐྱོང་བའི་སྲུང་མ་དང༌། འཇིག་རྟེན་སྐྱོང་བ་ཐམས་ཅད་དམིགས་ལ། དེ་རྣམས་མཆོད་པའི་བསམ་པས་ལོངས་སྤྱད་དེ། གཞན་སྤྱོད་ལམ་ཐམས་ཅད་ཡ་མཱནྟ་ཀའི་ང་རྒྱལ་གྱིས་བྱའོ། །ནུབ་མོ་ཉལ་བའི་ཚེ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་ལ་ཉལ་ལོ། །ནང་པར་ལྡང་བའི་ཚེ་ལྷའི་ང་རྒྱལ་གྱིས་ལྡང་བར་བྱའོ། །ཡང་དག་བླ་མ་ལས་བརྒྱུད་པའི། །ཡ་མཱནྟ་ཀའི་སྒྲུབ་པའི་ཐབས། །ཡན་ལག་ཡོངས་སུ་ཚང་བ་འདི། །ཡང་དག་ལུང་བཞིན་བདག་གིས་བཤད། །དགེ་བ་དེ་ཡིས་འགྲོ་བ་ཀུན། །སྲིད་ཞིའི་མཐའ་ལས་རྣམ་གྲོལ་ཏེ། །ཡ་མཱནྟ་ཀའི་གོ་འཕང་ནི། །ངེས་པ་ཁོ་ནར་ཐོབ་གྱུར་ཅིག །བཅོམ་ལྡན་འདས་ཡ་མཱནྟ་ཀའི་སྒྲུབ་པའི་ཐབས། རྒྱལ་བུ་བྱང་ཆུབ་སེམས་དཔའི་དོན་དུ་ས་ཕོ་འབྲུག་གི་ལོ་ཟླ་བ་བརྒྱད་པའི་ཚེས་བརྒྱད་ལ་མན་གོང་གིས་ཆར། སྔགས་འཆང་བ་འཕགས་པས་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply