༼ཕ༽
༄༅། །དཔལ་ཆེན་པོའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་པའི་ཆོ་ག་བཞུགས།།
༄༅། །དཔལ་ཆེན་པོའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་པའི་ཆོ་ག་ཞེས་བྱ་བ། བླ་མ་དང༌། འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །དཔལ་ལྡན་གཉིས་མེད་ཡེ་ཤེས་རྡོ་རྗེའི་ཐུགས་ནི་མཆོག་ཏུ་བདེ་བས་ཀུན་ཏུ་རྣམ་རོལ་ཞིང༌། །མ་རིག་ཐིབས་པོའི་ཚོགས་སེལ་དེ་ལས་བྱུང་བའི་བདུད་རྣམས་འཇིག་བྱེད་ཉེས་ཀུན་འཇོམས་པའི་དཔལ། །བཅོམ་ལྡན་དཔལ་ཆེན་བླ་མ་མཆོག་དང་གཉིས་སུ་མེད་པའི་ཞབས་ཀྱི་པདྨོར་ཕྱག་འཚལ་ནས། །དེ་ཡི་གོ་འཕང་ཐོབ་བྱའི་དོན་དུ་དེ་ཉིད་ལས་ནི་དབང་རབ་བླང་བའི་ཆོ་ག་བཤད། །དཀྱིལ་འཁོར་འདིར་ཞུགས་ཤིང་དམ་ཚིག་དང་ལྡན་པ། བསྙེན་པ་སྔོན་དུ་སོང་བས་ཡིད་དང་མཐུན་པའི་གནས་སུ་ལྷའི་རྣལ་འབྱོར་དང་ལྡན་པས། མཎྜལ་གྱི་དབུས་སུ་ཚོམ་བུ་བཀོད་པ་བྃ་ལས་སའི་ལྷ་མོ་སེར་མོ་ཕྱག་གཉིས་པ། གཡས་པས་དཔང་པོ་ཁས་ལེན་པའི་ཕྱག་རྒྱ་དང༌། གཡོན་པས་བདུད་རྩིས་གང་བའི་བུམ་པ་འཛིན་པར་བསྐྱེད་པའི་གནས་གསུམ་བྱིན་གྱིས་བརླབས་ལ་ཡེ་ཤེས་པ་བསྟིམ། དབང་བསྐུར། རིགས་ཀྱི་བདག་པོ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསྐྱེད་ལ། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་སྔོན་དུ་འགྲོ་བའི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་པུཥྤེ་ལ་སོགས་པ་ཕྱིའི་མཆོད་པ་དང༌། ནང་བདུད་རྩིའི་མཆོད་པ་དང༌། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་ཕུལ་ལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱས་ནས་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་གྱིས་མཁྱེན་པར་གསོལ་ནས་གནང་བ་བྱིན་པར་བསམ་མོ། །སླར་ཡང་མཆོད་ནས། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་བཛྲ་མུཿས་གཤེགས་སུ་གསོལ་ལོ། །ས་བསླང་བའོ། །དེ་ནས་ལག་པ་གཉིས་ཀྱིས་དཀྱིལ་འཁོར་གྱི་གཞི་དང༌། ཁོར་ཡུག་ཐམས་ཅད་བཅག་ཅིང༌། ལག་མཐིལ་ལས་འོད་ཟེར་འཕྲོས་པས། སའི་མ་དག་པ་ཐམས་ཅད་སྦྱངས་པར་བསམ་ཞིང༌། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ། ཞེས་བརྗོད་དོ། །ཡང་བཅག་ཅིང༌། ཨོཾ་བྷུ་ཁཾ་ཞེས་བརྗོད་ཅིང༌། ནམ་མཁའི་རང་བཞིན་དུ་བསམ་པ་ནི་ས་སྦྱང་བའོ། །དེ་ནས་རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། སྲུང་བའི་འཁོར་ལོ་བརྟན་པར་བསྒོམས་ནས། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་ནས། སའི་ཕྱོགས་འདིར་དཀྱིལ་འཁོར་བཞེངས་ནས་རང་གཞན་གྱི་དོན་བསྒྲུབ་བོ་སྙམ་དུ་བློས་བཟུང་བ་ནི་སའི་ཆོ་གའོ། །དེ་ནས་དུས་བཟང་པོ་ལ་བབ་པའི་ཚེ། དཀྱིལ་འཁོར་གྱི་གཞི་བྱི་དོར་བྱས་པ་ལ་མཆོད་པ་དང༌། གཏོར་མ་ལ་སོགས་པས་བསྐོར་ཞིང་ཡོ་བྱད་ཐམས་ཅད་བསགས་ནས། སྔོན་དུ་འགྲོ་བའི་གཏོར་མ་བཏང་ལ་ཡི་གེ་བརྒྱ་པས་རྒྱུད་སྦྱངས་ནས། ལྷ་ཡི་རྣལ་འབྱོར་བསྒོམས་ལ་བཟླས་པ་ཅི་རིགས་པ་བྱའོ། །དེ་ནས་མཆོད་རྫས་རྣམས་ཉེ་སྙིང་གིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡི་གེ་གསུམ་ལས་བྱུང་བའི་མཆོད་རྫས་དཔག་ཏུ་མེད་པ་བསྐྱེད་ལ། སོ་སོའི་སྔགས་ཀྱིས་བྱིན་གྱིས་བརླབས་ནས་སའི་ལྷ་མོ་སྟ་གོན་དུ་གནས་པའི་ས་ཆོག་ལྟར་བྱའོ། །དེ་ནས་བ་བྱུང་དྲི་བཟངས་བདུད་རྩི་དང་སྦྱར་བས་དཀྱིལ་འཁོར་གྱི་བྱང་ཤར་ནས། གཡས་ཕྱོགས་སུ་ཁྱེ་མ་མེད་པར་བྱུག་ཅིང༌། ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་ཧཱུྃ་གིས་རྡོ་རྗེའི་ས་གཞིར་བྱིན་གྱིས་བརླབས། དེར་སྐད་ཅིག་གིས་སྲུང་འཁོར་དུར་ཁྲོད་གཞལ་ཡས་ཁང་དང་བཅས་པ་བསྐྱེད་པའི་དབུས་དང༌། ཕྱོགས་མཚམས་བརྒྱད་དུ་དྲིའི་ཐིག་ལེ་དང༌། མེ་ཏོག་ཅུང་ཟད་རེ་བཀོད་ལ། དབུས་སུ་སྐད་ཅིག་གིས་བཅོམ་ལྡན་འདས་ཡུམ་དང་བཅས་པ་དང༌། ཕྱོགས་མཚམས་བརྒྱད་དུ་ཧ་ཧ་ཞེས་དྲག་ཏུ་དགོད་པའི་རོ་ལངས་ཆེན་པོ་བརྒྱད་བསྐྱེད་ནས་སེམས་དཔའ་སུམ་བརྩེགས་བསྒོམ་པའི་བར་སྒྲུབ་ཐབས་ལྟར་བྱའོ། །དེ་ནས་ཕྱི་ནང་ཡིད་ལས་བྱུང་བའི་མཆོད་པས་མཆོད་ཅིང་བསྟོད་པ་རྣམས་ཀྱིས་བསྟོད་ནས། གཏོར་མ་དང་པོ་བཅོམ་ལྡན་འདས། གཉིས་པ་ཆོས་སྐྱོང༌། གསུམ་པ་ཕྱོགས་སྐྱོང་བཅུ། བཞི་པ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ། །ལྔ་པ་གཞིའི་བདག་པོ་རྣམས་ལ་དབུལ་ལོ། །དེ་ནས་སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། བཅོམ་ལྡན་འཇམ་པའི་རྡོ་རྗེ་ནི། །རིག་སྔགས་བདག་པོར་ཕྱག་འཚལ་བསྟོད། །སྙིང་རྗེའི་ཡིད་ཀྱིས་དཀྱིལ་འཁོར་བྲི། །དེ་ཕྱིར་བྱིན་རླབས་གནང་བར་མཛོད། །དགོངས་ཤིག་སངས་རྒྱས་སྡེ་དང་ཚོགས། །གང་གཞན་སྔགས་ཀྱི་ལྷ་ཚོགས་དང༌། །ལྷ་རྣམས་བསྟན་ལ་མངོན་དགའ་བ། །དཀྱིལ་འཁོར་འདི་ལ་བྱིན་རླབས་དང༌། །དངོས་གྲུབ་དམ་པ་སྩོལ་བར་མཛོད། །ཅེས་ལན་གསུམ་དུ་མཁྱེན་པར་གསོལ་བས་ཅི་དགའ་བགྱིས་ཤིག་ཅེས་གནང་བ་བྱིན་པར་བསམ་མོ། །ལྷ་སྟ་གོན་ནོ། །དེ་ནས་མངོན་པར་བཤམས་པའི་བུམ་པ་གཉིས་བསངས་ཤིང་སྦྱངས་ནས། པདྨ་དང་ཟླ་བའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་དཔག་བསམ་གྱི་ཤིང་དང༌། ལྷ་རྫས་ཀྱི་གོས་ཀྱིས་བརྒྱན་པར་བསྐྱེད་ལ། རྣམ་རྒྱལ་གྱི་བུམ་པར་མངོན་བྱང་ལྔ་ལས་བཅོམ་ལྡན་འདས་ཡབ་ཡུམ་དང༌། ལས་ཐམས་ཅད་བར་ཡང་མངོན་བྱང་ལྔ་ལས་བགེགས་མཐར་བྱེད་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་རྡོ་རྗེ་གདེངས་པ་དང༌། གཡོན་པས་དྲིལ་བུ་འཛིན་པ་བསྐྱེད་ནས། རིགས་བདག་གི་རྒྱས་གདབ་པའི་བར་དུ་བྱ་སྟེ། བགེགས་མཐར་བྱེད་ལ་དོན་ཡོད་གྲུབ་པའོ། །དེ་ལ་མཆོད་ཅིང་བསྟོད་ནས། བདག་གི་སྙིང་ག་ནས་སྤྲོས་པའི་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང་བས་རྒྱུད་བསྐུལ་ནས། སྐུའི་ཆ་ཐམས་ཅད་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབ་པས་བུམ་པ་གང་བར་བསམ་ཞིང༌། ཧྲཱིཿཥྚྲཱི་དང༌། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ། ཞེས་ཅི་རིགས་པ་བཟླས་ནས་མཆོད་ཅིང་བསྟོད་ལ་དུང་ཆོས་ཀྱི་ཆུ་བླུགས་པས་ལྷ་ཞུ་བ་ལས་བྱུང་བའི་བདུད་རྩིའི་ཆུར་བལྟའོ། །བུམ་པ་སྟ་གོན་ནོ། །དེ་ནས་ཕྱི་ནང་གི་ལྷ་རྣམས་མཆོད་པའི་ཕྱིར་ཚོགས་ཀྱི་འཁོར་ལོ་ཡོངས་སུ་རྫོགས་པར་བྱས་ནས། སླར་ཡང་ཚོམ་བུའི་དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་ལ། ཡི་གེ་བརྒྱ་པ་བརྗོད་ཅིང་བཟོད་པར་གསོལ་ནས། ཨོཾ་བཛྲོ་ཏྟིཥྛས་སྟ་གོན་གྱི་དཀྱིལ་འཁོར་ནམ་མཁར་བཏེག་ལ་བཞུགས་སུ་གསོལ་ལོ། །སྟ་གོན་དུ་གནས་པའི་ཆོ་གའོ། །ནང་པར་བྲིས་པ་ལ་སོགས་པའི་དཀྱིལ་འཁོར་བཀོད་པའི་མཐའ་མར་མཆོད་པ་དང་གཏོར་མ་ལ་སོགས་པའི་རྒྱན་ཉེ་བར་བཀྲམ་ནས། སྔོན་འགྲོའི་གཏོར་མ་དང་མཆོད་པ་བྱིན་གྱིས་བརླབ་པའི་བར་སྟ་གོན་ལྟར་བྱའོ། །དེ་ནས་དཀྱིལ་འཁོར། ཡང་སྙིང་གིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྲུང་བའི་འཁོར་ལོའི་ནང་དུ། ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་གྱི་དབུས་སུ་ཡྃ་ལས་རླུང་གི་དཀྱིལ་འཁོར་སྲ་ཞིང་བརྟན་པའི་སྟེང་དུ། བྷྲཱུཾ་ལས་འཁོར་ལོ་དཀར་པོ་བྷྲཱུཾ་གྱིས་མཚན་པ་ལས་འོད་ཟེར་ཕར་འཕྲོས་སྣོད་ཐམས་ཅད་གཞལ་ཡས་ཁང་པར་བསྒྱུར། སླར་འདུས་ནས་ཡོངས་སུ་གྱུར་པ་ལས། གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི། རྩིག་པ་ལྔ་དང་ལྡན་པ་མཚན་ཉིད་ཡོངས་སུ་རྫོགས་པའི་ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ། ནང་གི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་ཞིང༌། དབུས་ཁྲག་ཞག་འཁྲུགས་པའི་དཀྱིལ་འཁོར་ཐོད་པ་སྐམ་པོའི་རྭ་བ་ཀེང་རུས་ཀྱིས་ཕུབ་ཅིང༌། གཡང་གཞིའི་བླ་རེ་དང༌། རྒྱུ་རློན་གྱི་ལྡ་ལྡི་བྱས་པ། ཁྲག་ཞག་གི་རྒྱ་མཚོའི་ནང་དུ་སྣ་ཚོགས་པདྨ་དང༌། ཉི་མའི་སྟེང་དུ་བཅོམ་ལྡན་འདས་བདག་བསྐྱེད་ཇི་ལྟ་བ་བཞིན་བསྒོམ་པར་བྱ་སྟེ། འོན་ཀྱང་ཡུམ་རྡོ་རྗེ་རོ་ལངས་མ་སྐུ་མདོག་ནག་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། སྒོ་མཚམས་བརྒྱད་དུ་བྷཻཾ་གྱི་ཡི་གེ་གྱུར་པ་ལས་ལྕེ་བརྐྱང་ཞིང་ཧ་ཧ་ཞེས་དྲག་ཏུ་དགོད་ཅིང་ལངས་པའི་རོ་ལངས་ཆེན་པོ་བརྒྱད་དང༌། གྲྭ་རྣམས་སུ་བདུད་རྩིས་ཡོངས་སུ་གང་བའི་བུམ་པ་བརྒྱད་བསྒོམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྐྱེ་མཆེད་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། སུཾ་བྷའི་སྔགས་བརྗོད་ཅིང༌། རྡོ་རྗེ་གསོར་བས་སྲུང་བའི་འཁོར་ལོ་ཁ་ཕྱེ་ལ། སྟ་གོན་གྱི་དཀྱིལ་འཁོར་ལ་མཆོད་ནས། རང་གི་སྙིང་ག་ནས་སྤྲུལ་པའི་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག རྡོ་རྗེ་དྲིལ་བུ་འཛིན་པའི་ལྷ་མོ་རྣམས་སྤྲོས་པས། སྟ་གོན་གྱི་ལྷ་དམ་ཚིག་པ་ལ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་པར་བསམ་ཞིང༌། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་བཛྲ་བྷཻ་ར་ཝཱ་ཡ། ཞེས་འོག་མ་གསུམ་ལ་སྦྱར་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བྃ། བཛྲ་གྷཎྜེ་ཧོཿ ཞེས་བརྗོད་དོ། །ཡང་རང་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་འཕྲོས་པས། རང་གིས་བསྒོམས་པ་ལྟ་བུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་རང་བཞིན་གྱི་གནས་ནས་སྤྱན་དྲངས་པར་བསམ་ཞིང༌། རྡོ་རྗེ་དྲིལ་བུ་འཛིན་པས། ཚུར་སྤྱོན་ཚུར་སྤྱོན་འཇམ་པའི་དབྱངས། །ཁྲོ་བོ་གཤིན་རྗེ་གཤེད་པོའི་ཚོགས། །འཇམ་དཔལ་ཁྲོ་བོ་མི་བཟད་པ། །མཐུ་རྩལ་དྲག་པོ་གཤེགས་སུ་གསོལ། །ཞེས་ལན་གསུམ་དང༌། ཨོཾ་ཨེ་ཧྱེ་ཧི་ལ་སོགས་པའི་མཐར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་སྤྱན་དྲངས། མཆོད་ཅིང་བསྟོད་ནས་རིགས་བདག་གི་རྒྱས་གདབ་པའི་བར་སྒྲུབ་ཐབས་བཞིན་བྱས་ལ། མེ་ཏོག་གཏོར་ཞིང༌། འདིར་བཞུགས་འདིར་བཞུགས་འཇམ་པའི་དབྱངས། །ཁྲོ་བོ་གཤིན་རྗེ་གཤེད་པོའི་ཚོགས། །འཇམ་དཔལ་ཁྲོ་བོ་མི་བཟད་པ། །མཐུ་རྩལ་དྲག་པོ་བཞུགས་སུ་གསོལ། །ཞེས་ལན་གསུམ་བརྗོད་ནས། སྔར་གྱི་ཆོ་གས་བསྟིམ་པས། སེམས་དཔའ་སུམ་བརྩེགས་སུ་གྱུར་པར་བསྒོམ། སྲུང་བའི་འཁོར་ལོ་བསྡམས། བྱིན་གྱིས་བརླབ་པའི་ཕྱིར། ཨོཾ་ཡ་མཱནྟ་ཀ་ས་མ་ཡ་ལ་སོགས་པ་ལན་གསུམ་བརྗོད་དོ། །དཀྱིལ་འཁོར་བསྒྲུབ་པའོ། །དེ་ནས་མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པ་དང༌། ནང་བདུད་རྩིའི་མཆོད་པ་དང༌། ཨོཾ་བཛྲ་སཏྭ་སུ་ལ་སོགས་པ་ཡིད་ལས་བྱུང་བའི་མཆོད་པས་མཆོད་ནས། བསྟོད་པ་རྣམས་ཀྱིས་བསྟོད་ལ་སྟ་གོན་ལྟར་གཏོར་མ་དབུལ་ལོ། །མཆོད་པའོ། །དེ་ནས་རང་དཀྱིལ་འཁོར་གྱི་ཤར་དུ་འདུག་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པས་ཆོ་ག་རྣམས་མཛད་ལ། ལས་རྣམས་དེའི་ཐུགས་ཀ་ནས་སྤྲུལ་པའི་ཡ་མཱནྟ་ཀ་ཕྱག་གཉིས་པས་མཛད་པར་བསམ་ཞིང༌། རང་གི་ལས་རྣམས་རང་གིས་དངོས་སུ་བྱའོ། །དེ་ནས་མཎྜལ་ཕུལ་ལ། རོ་ལངས་མ་ཡིས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཞེས་པ་ལ་སོགས་པ་ནས། གཤིན་རྗེ་སྒྲོལ་བའི་དཀྱིལ་འཁོར་དུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་གདབ། ཨ་ཁཾ་བཱི་ར་ཧཱུྃ་གིས་གདོང་གཡོགས་བཅིང་ཞིང༌། ཨུ་དུམ་བཱ་ར་དང་མནྡ་ར། །ཡོངས་འདུ་དང་ནི་མལླི་ཀ །ཀརྞི་ཀ་ཡི་ཕྲེང་བ་འདི། །ལེགས་པར་ནོས་ཏེ་བུས་ཟུང་ཤིག །ཅེས་པས་མེ་ཏོག་གཏད་པ་བླང༌། ཨོཾ་ཨ་བིགྷྣཱནྟ་ཀྲྀ་ཏ་ཧཱུྃ་དང༌། ལས་ཐམས་ཅད་པའི་བུམ་པས་བསངས། ཨོཾ་ཨཱཿཧཱུྃ་དང༌། བདུད་རྩི་མྱངས་པས་བྱིན་གྱིས་བརླབ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །ཞེས་དྲིས་པའི་ལན་དུ། སྐལ་བཟང་བདག་བདེ་བ་ཆེན་པོ་ལ་དགའོ། །ཞེས་ལན་གདབ། དེས་བུ་ལ་ཅི་ཞིག་བྱའི་ལན་དུ། སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་བརྗོད་དོ། །དེ་ནས་རང་གི་སྙིང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དམིགས་པའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་མོ་ལྔ་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་སུ་དམིགས་ནས་དངོས་སུ་རྡོ་རྗེས་གཏུག་ཅིང༌། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་སུ་ར་ཏི་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་པས་བྱིན་གྱིས་བརླབས་ནས། སྤྱི་བོར་རྡོ་རྗེ་གཏུགས་ལ། དུས་འདི་ནས་ནི་ཁྱོད་ཉིད་ནི། །སངས་རྒྱས་རིགས་སུ་ཆུད་པས་ན། །ང་ཡིས་རྡོ་རྗེ་ཡེ་ཤེས་སྦྱིན། །དེ་ཡིས་སངས་རྒྱས་འགྲུབ་པར་འགྱུར། །གང་ཞིག་འདི་ཉིད་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག །བག་མེད་སྨྲས་ན་ཉམས་པར་འགྱུར། །དེ་བས་ནན་ཏན་གནས་པར་བྱོས། །ཞེས་གསང་བར་གདམས་ནས་གཙོ་བོའི་ཐུགས་ཀ་ནས་འཕྲོས་པའི་སྒོ་བ་བཞིས་དཀྱིལ་འཁོར་གྱི་ཤར་སྒོར་ཁྲིད་པར་བསམས་ནས། ན་མསྟི་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ནཱ་མ་ཧཱུྃ། ཞེས་བརྗོད་ཅིང༌། སྐུ་གསུང་ཐུགས་ཀྱི་ཕྱག་གསུམ་བྱ། །ཨོཾ་བཛྲོཏ་གྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ། ཞེས་པས་སྒོ་རྣམས་ཕྱེ་ནས་ཤར་སྒོ་ནས་གཏི་མུག་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱི་བྱིན་གྱིས་བརླབ་དུ་གསོལ་བའི་ཡིད་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པསྠཱ་ནཱ་ཡ། ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨ་མོ་ཧཱནྟ་ཀྲྀ་ཏ་ཨ་དྷིཥྛ་སྭ་མཱཾ། ཞེས་པ་དང༌། ལྷོ་ཕྱོགས་ནས་ཕྲ་མ་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས་དབང་བསྐུར་བར་གསོལ་བའི་ཡིད་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་ཨཱཏྨ་པི་ཤུ་ནཱནྟ་ཀྲྀ་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་པ་དང༌། ནུབ་ཕྱོགས་ནས་འདོད་ཆགས་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས་ཆོས་སྟོན་པར་གསོལ་བའི་ཡིད་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་ཝརྟ་ནཱ་ཡ། ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ར་གཱནྟ་ཀྲྀ་ཏ་དྷཱརྨ་ཙཀྲ་པྲ་ཝརྟ་ན་ཡ་མཱཾ། ཞེས་པ་དང༌། བྱང་ཕྱོགས་ནས་ཕྲག་དོག་གཤིན་རྗེ་གཤེད་ཀྱི་ང་རྒྱལ་ཀྱིས་ཕྲིན་ལས་བསྒྲུབ་པར་གསོལ་བའི་ཡིད་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ནཾ། ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་ག་ཨཱཏྨ་ཨིརྵྱཱནྟ་ཀྲྀ་ཏ་ཀརྨ་ཀུ་རུ་མཱཾ། ཞེས་པ་དང༌། དེ་ནས་འཇམ་དཔལ་གྱི་ང་རྒྱལ་གྱིས་དངོས་གྲུབ་ཐམས་ཅད་གསོལ་བའི་ཡིད་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་སྭ་བྷཱ་ཝ་བཛྲ་ཨཱ་ཙཱརྻ་པཱ་ད་ནཾ་བནྡྷ་ནཾ་ཀ་རོ་མི། སརྦ་སིདྡྷི། པྲ་ཡཙྪནྟུ་མཱཾ། ཞེས་པས་ཕྱག་ལྔ་བྱའོ། །དེ་ནས། །དཀོན་མཆོག་གསུམ་ལ་བདག་བསྐྱབས་མཆི། །ལ་སོགས་པའི་ཡན་ལག་བདུན་པ་དང༌། སྲས་བཅས་སངས་རྒྱས་ཐམས་ཅད་ལ་སོགས་པ་སྡོམ་པ་གཟུང་བ་རྣམས་ལན་གསུམ་གསུམ་བྱས་ནས། ཐོབ་པའི་དམ་ཚིག་མི་ཉམས་པར་བསྲུང་དུ་གཞུག་པའི་ཕྱིར། སྤྱི་བོར་རྡོ་རྗེ་བཞག་ནས། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱའི་ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་བསྲུངས་པའི་ཕན་ཡོན་དང༌། སྙིང་གར་རྡོ་རྗེ་བཞག་ནས། གཤིན་རྗེ་གཤེད་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །ང་ཡིས་བསྟན་པའི་གསང་བ་འདི། །དམ་ཚིག་མེད་པའི་མི་རྣམས་དང༌། །གང་ཡང་གཞན་ལ་སྨྲས་གྱུར་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཡང་སྤྱི་བོར་རྡོ་རྗེ་བཞག་ནས། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན་འདིས་ཁྱོད་ཀྱི་མགོ་འགས་པར་འགྱུར་རོ། །ཞེས་མ་བསྲུངས་པའི་ཉེས་དམིགས་དང༌། མནའ་ཆུ་བྱིན་ནས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་འགྱུར། །འཐུང་ཤིག་རྡོ་རྗེ་བདུད་རྩིའི་ཆུ། །ཨོཾ་པཉྩ་ཨ་མྲྀ་ཏོ་ད་ཀ་ཋཿཋཿཋཿཞེས་ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དང༌། སྤྱི་བོར་རྡོ་རྗེ་བཞག་ནས། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱི། །གཤིན་རྗེའི་གཤེད་པོ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་བཀའ་སྩལ་པ། །ཁྱོད་ཀྱིས་སྐྱོ་བ་མེད་པར་གྱིས། །གང་ཡང་ང་ལ་བརྙས་པར་མིན། །དེ་བཞིན་མོས་པ་མ་བྱས་ན། །བདུད་ཀྱིས་བཅོམ་ནས་དམྱལ་བར་འགྲོ། །དེ་བས་དམ་ཚིག་གནས་པར་གྱིས། །ཞེས་རྡོ་རྗེ་སློབ་དཔོན་གྱི་བཀའ་ཉན་པའི་སྒོ་ནས་དམ་ལ་གཞག་པར་བསམ་མོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག དཔལ་གཤིན་རྗེ་གཤེད་བདག་ལ་དབབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་ནས། ཕྱི་ནང་གི་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་ངང་ལས། རང་ཉིད་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ། བཛྲ་བྷཻ་ར་ཝ་ཕྱག་གཉིས་པར་བསྒོམས་པའི་རྐང་མཐིལ་དུ། ཛྷཻཾ་མེའི་རང་བཞིན་སྙིང་གར་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ཧཱུྃ་གིས་མཚན་པ། སྙིང་གི་ནང་དུ་འཇམ་དཔལ་གཞོན་ནུ། མགྲིན་པར་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་ཨཱཿས་མཚན་པ། སྤྱི་བོར་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོན་པོ་ཧས་མཚན་པར་བསམས་ནས། འོག་གི་རླུང་གཡོས་པས་རྐང་མཐིལ་གྱི་མེ་སྦར་བས་ལུས་ཐམས་ཅད་གང༌། སྡིག་པ་དང་རྣམ་པར་རྟོག་པ་ཐམས་ཅད་བསྲེགས། སྙིང་གའི་ས་དམར་པོར་ཚིག མགྲིན་པའི་ཆུ་བསྐོལ། མགོ་བོའི་རླུང་གིས་མནན། རྐང་པའི་རླུང་གིས་བཏེག མེའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གཤིན་རྗེ་གཤེད་ཀྱི་རྣམ་པར་ཆར་བཞིན་དུ་བབ་པས་ཐིམ་པར་བསམ་ཞིང༌། གུ་གུལ་ལ་སོགས་པའི་རྫས་ཀྱིས་ཀྱང་བདུགས་ལ། ཧྲཱིཿཥྚྲཱིའི་མཐར། ཨོཾ་ཏིཥྛ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་སྟྭཾ་བྷ་ཡ་སྟྭཾ་བྷ་ཡ། རཿརཿཙ་ལ་ཡ་ཙ་ལ་ཡ་ཧཱུྃ་ཨཿཧ་ཛྷཻཾ་ཞེས་ཡང་ཡང་གསུངས་པར་བསམས་ནས། ཏིཥྛ་བཛྲས་བརྟན་པར་བྱའོ། །དེ་ནས་བླ་མས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །གཤིན་རྗེ་གཤེད་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དང༌། །བསོད་ནམས་རིམ་པའང་དེ་བཞིན་ཤོག །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་གསོལ་བ་གདབ་པ་དང༌། བདེན་པའི་སྟོབས་གསུངས་ནས། ཨོཾ་མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་པས་མེ་ཏོག་གི་ཕྲེང་བ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་དུ་དབུལ། དེས་ཀྱང་པྲ་ཏཱི་གྲྀཧྞ་སྭ་མི་མཾ་སཏྭ་མ་ཧཱ་བ་ལ་ཨོཾ། ཞེས་གསུངས་ནས་སྤྱི་བོར་གནང་བར་བསམ། དེ་ནས་མིག་འབྲས་གཉིས་ཨོཾ་དུ་བསྒོམས་ནས། གཤིན་རྗེ་གཤེད་པོ་དིང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་པ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པ་ཤྱ། ཞེས་གསུང་ཞིང་གདོང་གཡོགས་བཀྲོལ་ཏེ། ཨོཾ་བཛྲ་ཙཀྵུ་མ་ཧཱ་མཎྜལ་པྲ་བེ་ཤ་ཡ་ཕཊ། ཆོས་རྣམས་གཟུགས་བརྙན་ལྟ་བུའི་དངོས། །གསལ་ཞིང་དག་ལ་རྙོག་པ་མེད། །གང་རྟོགས་ཞིང་ཁམས་རྣམ་དག་མཆོག །བླ་ན་མེད་པའི་གནས་མཆོག་ཡིན། །རྡོ་རྗེ་ཐུགས་རྗེའི་རྒྱུན་གནས་པས། །སྤྲུལ་པའི་དཀྱིལ་འཁོར་རྒྱུན་མི་ཆད། །བདེན་པའི་བྱིན་གྱི་རླབས་ཀྱིས་མཐོང༌། །ཕུན་སུམ་ཚོགས་ཀུན་འདིར་འགྲུབ་འགྱུར། །དངོས་གྲུབ་བསྒྲུབ་ཕྱིར་དམ་ཚིག་སྐྱོངས། །གསང་སྔགས་དོན་ལ་བརྩོན་པར་གྱིས། །ཞེས་པས་དཀྱིལ་འཁོར་བསྟན་པ་བལྟས་ལ་དཀྱིལ་འཁོར་དངོས་སུ་མཐོང་བར་བསྒོམ་པ་ནི་འཇུག་པའོ། །ཡང་མཎྜལ་ཕུལ་ལ། ཇི་ལྟར་རྡོ་རྗེ་ཆོས་ཆེན་པོས། །རྡོ་རྗེ་སེམས་དཔར་དབང་བསྐུར་བ། །དེ་བཞིན་བདག་ལའང་དབང་བསྐུར་ཞིང༌། །བདག་ལ་དོན་མཆོག་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་ལ། དེ་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་སྒོ་དྲུང་དུ། རིན་པོ་ཆེའི་ཁྲི་ཆེན་པོ་པདྨ་དང་ཉི་མའི་སྟེང་དུ། རང་ཉིད་ཕྱག་གཉིས་པའི་ང་རྒྱལ་གྱིས་གནས་པའི་སྤྱི་བོར་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་དང་ཕྱོགས་ཐམས་ཅད་དུ་མཆོད་པའི་སྤྲིན་བཀྲམ་པས་རང་ལ་མཆོད་ཅིང་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་སྤྲོས་པའི་རིགས་ལྔས་བུམ་པའི་ཆུས་ཁྲུས་གསོལ། རིག་མས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། མཆོད་པའི་ལྷ་མོས་མཆོད་པར་བསམ་ཞིང༌། དངོས་སུ་ཡང་བཀྲ་ཤིས་བརྗོད་པ་ནི་སྔོན་དུ་འགྲོ་བའོ། །དེ་ནས་དབང་ཐམས་ཅད་ཀྱི་སྔོན་དུ་སྭ་བྷཱ་ཝས་སྟོང་པའི་ངང་ལས་རང་ཉིད་དྷཱིཿལས་འཇམ་དཔལ་གཞོན་ནུ་གསེར་གྱི་མདོག་ཅན། རལ་གྲི་དང་པུ་སྟི་ཨུཏྤ་ལ་དང་བཅས་པ་འཛིན་པར་བསྐྱེད་དོ། །དེའི་ཐུགས་ཀ་དང་རྣམ་རྒྱལ་གྱི་བུམ་པར་ཡ་ལས་རྡོ་རྗེ་ཡས་མཚན་པ་ལས་མི་བསྐྱོད་པ་སྔོན་པོ། རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་མཱ་མ་ཀཱི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱར་བའི་གནས་གསུམ་བྱིན་གྱིས་བརླབས། དབང་རྫས་ལ་དབང་བསྐུར། ཡེ་ཤེས་པ་བསྟིམ། སྙོམས་པར་ཞུགས་པ་ལས་བྱུང་བའི་བུམ་པའི་ཆུར་བསམ། དབང་གི་ལྷ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས་ཇི་ལྟར་བལྟམས་པ་ལ་སོགས་པ་དང༌། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་སུ་ར་ཏི་སྟྭཾ། ཞེས་གསུང་ཞིང་དབང་བསྐུར། དྲི་མ་ཐམས་ཅད་དག མི་བསྐྱོད་པས་དབུར་བརྒྱན། ནང་གི་དབང་གི་དོན་དུ། དཔལ་ལྡན་རྡོ་རྗེའི་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །ཐུགས་ཀྱི་རྡོ་རྗེར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱི་ཞལ་ནས་འོད་སྔོན་པོ་བྱུང༌། རང་གི་ལུས་ཐམས་ཅད་ཡོངས་སུ་སྦྱངས། འོད་ཀྱི་ལམ་ནས་ཞལ་དུ་ཞུགས། སྙིང་གར་འོད་དུ་ཞུ། ཐིག་ལེའི་རྣམ་པས་ཡུམ་གྱི་མཁར་བབས་པ། ཞེ་སྡང་གཤིན་རྗེ་གཤེད་དུ་བསྐྱེད། སྐུ་གསུང་ཐུགས་བྱིན་གྱིས་བརླབས། སངས་རྒྱས་ཐམས་ཅད་ཀྱང་དེ་ཉིད་ཀྱི་རྣམ་པས་བསྟིམ། བྷ་ག་ནས་ཕྱིར་འཕྲོས་ནས་རང་གི་གནས་སུ་འཁོད་པ་ལ། མཆོད་པ་རྣམས་ཀྱིས་མཆོད། ཚུལ་འདི་དག་འོག་མ་རྣམས་ལའང་སྦྱར་བར་བྱའོ། །ཆུའི་དབང་ཐོབ། ཞེ་སྡང་དག རྣམ་པར་ཤེས་པ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། ཞེས་དྲན་པར་བྱའོ། །ཡང་བདག་གི་ཐུགས་ཀར་ཉི་མའི་སྟེང་དང༌། དབུ་རྒྱན་མ་ལས་རིན་པོ་ཆེ་མས་མཚན་པ་ལས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་དུ་བསྐྱེད། བྱིན་གྱིས་བརླབས། དབང་རྫས་ཡན་ལག་བཞི་རྫོགས་སུ་བསྐྱེད་པ་ཞུ་བ་ལས་བྱུང་བའི་ཅོད་པཎ་དུ་བསམ། སྔར་བཞིན་གསོལ་བ་བཏབ་པས། ལྷ་རྣམས་ཀྱིས། སངས་རྒྱས་ཀུན་གྱི་ཅོད་པཎ་དབང༌། །རྫོགས་སངས་རྒྱས་ཉིད་རབ་བསྒྲུབ་ཕྱིར། །ཅོད་པཎ་མཆོག་གི་དབང་བསྐུར་བས། །འཁོར་ལོས་སྒྱུར་རྒྱལ་མགོན་དབང་བསྐུར། ཨོཾ་ལྃ་མྃ་པྃ་ཏཱྃ་ཧཱུྃ། རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ་གིས་ཅོད་པཎ་དང༌། ཆུས་ཀྱང་དབང་བསྐུར། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། དཔལ་ལྡན་ཡོན་ཏན་རྡོ་རྗེ་འཛིན་ལ་སོགས་པ་དང༌། ཡོན་ཏན་རྡོ་རྗེར་བདག་མཛོད་ཅིག །ཅེས་གསོལ་བ་གདབ། ཡུམ་གྱི་བྷ་གར་ཕྲ་མ་གཤིན་རྗེ་གཤེད་དུ་གྱུར། ཡེ་ཤེས་པ་བསྟིམ། རང་གི་གནས་སུ་འཁོད་པ་ལ་མཆོད་ནས། ཅོད་པཎ་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག ཚོར་བ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། ཞེས་དྲན་པར་བྱའོ། །ཡང་བདག་གི་ཐུགས་ཀར་ཉི་མའི་སྟེང་དང༌། རྡོ་རྗེ་མེ་ལས་པདྨ་མེས་མཚན་པ་ལས་འོད་དཔག་མེད་ཡབ་ཡུམ་དུ་བསྐྱེད། བྱིན་གྱིས་བརླབས། དབང་རྫས་ཡན་ལག་བཞི་རྫོགས་སུ་བསྐྱེད་པ། ཞུ་བ་ལས་བྱུང་བའི་རྡོ་རྗེར་བསམ། སྔར་བཞིན་གསོལ་བ་བཏབ་པས་ལྷ་རྣམས་ཀྱིས། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་མཆོག་གི་དབང་བསྐུར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་ཡཱ་མིས་རྡོ་རྗེ་དང༌། བུམ་པའི་ཆུས་དབང་བསྐུར། འོད་དཔག་ཏུ་མེད་པས་དབུར་བརྒྱན། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །ལ་སོགས་པ་ནས། གསུང་གི་རྡོ་རྗེར་བདག་མཛོད་ཅིག་གིས་གསོལ་བ་གདབ། ཡུམ་གྱི་བྷ་གར་འདོད་ཆགས་གཤིན་རྗེ་གཤེད་དུ་གྱུར། ཡེ་ཤེས་པ་བསྟིམ། རང་གི་གནས་སུ་འཁོད་པ་ལ་མཆོད་ནས། རྡོ་རྗེའི་དབང་ཐོབ། འདོད་ཆགས་དག འདུ་ཤེས་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། ཞེས་དྲན་པར་བྱའོ། །ཡང་རང་གི་སྙིང་གར་ཉི་མའི་སྟེང་དང༌། དྲིལ་བུ་ད་ལས་རལ་གྲི་དས་མཚན་པ་ལས་ཕྲག་དོག་གཤིན་རྗེ་གཤེད་ཡབ་ཡུམ་དུ་བསྐྱེད། བྱིན་གྱིས་བརླབས། དབང་རྫས་ཡན་ལག་བཞི་རྫོགས་སུ་བསྐྱེད་པ་དེ་ཞུ་བ་ལས་བྱུང་བའི་དྲིལ་བུར་བསམ། སྔར་བཞིན་གསོལ་བ་བཏབ་པས། ལྷ་རྣམས་ཀྱིས་ཆོས་ཀྱི་དྲིལ་བུ་བླ་མེད་དོན། །སྟོང་ཉིད་ཡེ་ཤེས་སྒྲ་སྒྲོགས་པའི། །ཐམས་ཅད་སྟོང་ཉིད་དོན་སྟོན་པའི། །དྲིལ་བུའི་དབང་བསྐུར་བླ་ན་མེད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཔྡ་པ་ཏ་ལྱེ་དྷརྨ་དྷཱ་ཏུ་ཨ་བྷི་ཥེ་ཀ་ཏ་ཤྲི་ཡེ་ས་མ་ཡ་ཧཱུྃ་གིས་དྲིལ་བུ་དང་བུམ་པའི་ཆུས་དབང་བསྐུར། དོན་ཡོད་གྲུབ་པས་དབུར་བརྒྱན། དཔལ་ལྡན་ཕྲིན་ལས་རྡོ་རྗེ་འཛིན། །ལ་སོགས་པ་ནས། ཕྲིན་ལས་རྡོ་རྗེར་བདག་མཛོད་ཅིག་གིས་གསོལ་བ་གདབ། ཡུམ་གྱི་བྷ་གར་ཕྲག་དོག་གཤིན་རྗེ་གཤེད་དུ་གྱུར། ཡེ་ཤེས་པ་བསྟིམ། རང་གི་གནས་སུ་འཁོད་པ་ལ་མཆོད་ནས་དྲིལ་བུའི་དབང་ཐོབ། ཕྲག་དོག་དག འདུ་བྱེད་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། ཞེས་དྲན་པར་བྱའོ། །ཡང་རང་གི་སྙིང་གའི་ཉི་མའི་སྟེང་དུ། ཀྵེ་ལས་འཁོར་ལོ་ཀྵེས་མཚན་པ་ལས་འོད་སྤྲོ་བསྡུ་བྱ་ཞིང་ཡོངས་སུ་གྱུར་པས་རྣམ་པར་སྣང་མཛད་ཡབ་ཡུམ་དུ་བསྐྱེད། བྱིན་གྱིས་བརླབས། སྔར་བཞིན་གསོལ་བ་བཏབ་པས། ལྷ་རྣམས་ཀྱིས། སངས་རྒྱས་ཀུན་གྱི་རྡོ་རྗེའི་མིང༌། །དེ་རིང་ཁྱོད་ལ་དབང་བསྐུར་བྱ། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་མཱཾ། ཏིཥྛ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་སཏྭ་སྟྭཾ། བཛྲ་ཨ་བྷི་ཥེ་ཀ་ཏ་ཤྲི་ཡེ་ས་མ་ཡ་ཧཱུྃ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་མིང་དང་ཆུས་ཀྱང་དབང་བསྐུར། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། དཔལ་ལྡན་རྡོ་རྗེའི་སྐུ་འཆང་བ། །ལ་སོགས་པ་དང༌། སྐུ་ཡི་རྡོ་རྗེར་བདག་མཛོད་ཅིག་གིས་གསོལ་བ་གདབ། ཡུམ་གྱི་བྷ་གར་གཏི་མུག་གཤིན་རྗེ་གཤེད་དུ་གྱུར། ཡེ་ཤེས་པ་བསྟིམ། རང་གི་གནས་སུ་འཁོད་པ་ལ་མཆོད་ནས། མིང་གི་དབང་ཐོབ། གཏི་མུག་དག གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། ཞེས་དྲན་པར་བྱའོ། །དེ་ནས་རང་ཉིད་རིགས་ལྔ་ཀའི་ངོ་བོ་རྡོ་རྗེ་སེམས་དཔའ་ཕྱག་གཉིས་པ་ཡུམ་རྡོ་རྗེ་སྙེམས་མ་དང་གཉིས་སུ་མེད་པར་བསྒོམས་པ་ལ་དབང་གི་ལྷས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ལས་གྲུབ་པའི་རྡོ་རྗེ་གནང་བ། འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་སྟྭཾ། ཨེ་ཥ་དྷ་ར་ཡཱ་མི། ཧི་ཧི་ཧི་ཧི་ཧཱུྃ། ཞེས་གསུང་ཞིང་སྙིང་གར་བཟུང་ནས། སྙིང་གི་ནང་དུ་ཡང་རྡོ་རྗེ་སེམས་དཔའ་བསྒོམ་པ་ནི། རྡོ་རྗེའི་བརྟུལ་ཞུགས་ཏེ། སློབ་མའི་དབང་ངོ༌། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ནས། ཀྱེ་ཧོ་ཁྱོད་ཀྱི་བཀའ་དྲིན་གྱིས། །བདག་ལ་རང་དང་གཞན་གྱི་དོན། །རྫོགས་ཕྱིར་རྡོ་རྗེ་སློབ་དཔོན་དབང༌། །སྙིང་རྗེའི་གཏེར་གྱིས་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ། རིན་པོ་ཆེའི་ཁྲི་པདྨ་དང་ཉི་མའི་སྟེང་དུ། རང་ཉིད་འཇམ་དཔལ་དུ་བསྒོམས་པའི་ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས་སླར་འདུས་པ་ལས། རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་སྙེམས་མ་དང་མཉམ་པར་སྦྱོར་བར་བསྐྱེད། བྱིན་གྱིས་བརླབས་ནས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུམ་དུ་བདག་སྒྲུབས་ཤིག །ཅེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱི་ཞལ་དུ་ཞུགས། ཡུམ་གྱི་བྷ་གར་བབས་པའི་རྡོ་རྗེ་འཆང་སྔོན་པོ་ཡུམ་དང་བཅས་པར་གྱུར། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །སྐྱེ་མཆེད་ཀྱང་བྱིན་གྱིས་བརླབས་ནས་དབང་བསྐུར། དེ་བཞིན་གཤེགས་པ་ཐམས་ཅད་དང༌། རོ་གཅིག་པར་བྱས་ཏེ་བྷ་ག་ནས་འཕྲོས་ནས་དབང་སྟེགས་ཀྱི་དཀྱིལ་འཁོར་གྱི་སྟེང་དུ་གནས་པ་ལ། དབང་གི་ལྷ་ཐམས་ཅད་ཀྱིས། འདི་དེ་སངས་རྒྱས་ཐམས་ཅད་དེ། །ལ་སོགས་པ་སྔགས་དང་བཅས་པས་རྡོ་རྗེ་གནང༌། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེའི་དེ་ཁོ་ན་ཉིད་གསུང་ཞིང་ཐུགས་ཀྱི་དམ་ཚིག་དང༌། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཅེས་པས་གཡོན་པར་དྲིལ་བུ་གནང་ནས། ཨ་སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་བྱེད་པར་འགྱུར། །ཨོཾ་བཛྲ་གྷཎྜེ་ཨཿ ཞེས་དྲིལ་བུའི་དེ་ཁོ་ན་ཉིད་གསུང་ཞིང་གསུང་གི་དམ་ཚིག་དང༌། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་རྗེས་སུ་གནང་བ་བྱིན་ནས་ཡུམ་ལ་འཁྱུད་པའི་ཚུལ་དུ་བྱས་པ་ལ། སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་ཟུང༌། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷག་པའི་ལྷ་སྦྱོར་བས། །བདག་དང་གཞན་ལ་མཆོད་པར་གྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པའི། །ཕྱག་རྒྱའི་དམ་ཚིག་ཅེས་སུ་བསྒྲགས། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཞེས་ཕྱག་རྒྱའི་དམ་ཚིག་རྒྱས་པར་གསུངས་ནས་བུམ་པའི་ཆུས་ཀྱང་དབང་བསྐུར། ཆུ་ལྷག་མ་ཡར་ལུད་པས་མི་བསྐྱོད་པས་དབུར་བརྒྱན་པ་ལ། དབང་གི་ལྷ་ཐམས་ཅད་ཀྱིས་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་གསུང་ཞིང་མེ་ཏོག་གི་ཆར་ཕབ་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་ཕུལ་བར་བསམ་མོ། །རྡོ་རྗེ་སློབ་དཔོན་གྱི་དབང་ངོ༌། །དེ་ནས་གཞལ་ཡས་ཁང་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ལམ་གྱི་ཆོས་རྣམ་པར་དག་པ་ཡིན་ལ། དུར་ཁྲོད་ནི་ལུས་དང་འཇིག་རྟེན་གྱི་ཆོས་རྣམ་པར་དག་པ་ཡིན་ཞིང་སྲུང་བའི་འཁོར་ལོ་ནི་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བའོ། །ཞེས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། ལྷ་རྣམས་ནི་སངས་རྒྱས་ཀྱི་ཡེ་ཤེས་དང༌། ཡོན་ཏན་དང་ཕྲིན་ལས་རྣམ་པར་དག་པའི་ངོ་བོའོ། །ཞེས་ལྷའི་དེ་ཁོ་ན་ཉིད་དང༌། དེ་ཐམས་ཅད་ཀྱང་རྡོ་རྗེ་སློབ་དཔོན་གྱི་སྐུ་དང་གསུང་དང་ཐུགས་ལ་ཚང་ངོ༌། །ཞེས་སློབ་དཔོན་གྱི་དེ་ཁོ་ན་ཉིད་གསུང་བར་བསམ་མོ། །དེ་ཁོ་ན་ཉིད་དོ། །དེ་ནས་རང་ཉིད་ཞི་བའི་སྐུ་ལས་ཁྲོ་བོའི་སྐུར་ཡོངས་སུ་རྫོགས་པར་བསྐྱེད། སྐུ་གསུང་ཐུགས་དང་སྐྱེ་མཆེད་བྱིན་གྱིས་བརླབ། དབང་མདོར་བསྡུས་ཏེ་བསྐུར་ནས་ཡེ་ཤེས་པ་དང་རོ་གཅིག་པར་བྱས་པ་ནི་སྐུའི་རྗེས་གནང་ངོ༌། །དེ་ནས་མེ་ཏོག་ཕྲེང་བ་ཐལ་མོ་སྦྱར་བའི་བར་དུ་བཟུང་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས་པས་རང་གི་ཞལ་དུ་ཞུགས་པ་སྙིང་གའི་ཧཱུྃ་གི་མཐའ་མར་བཀོད་པར་བསམ་ཞིང༌། གསུང་གི་རྗེས་སུ་གནང་བར་བསམས་ལ། རྩ་སྔགས་དང༌། སྙིང་པོ་དང༌། ཉེ་སྙིང་ལན་གསུམ་གསུམ་དང༌། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་བཟླས་ནས། མེ་ཏོག་ཕུལ་བས་བཅོམ་ལྡན་འདས་ཀྱིས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་གསུངས་ནས་ཕྲེང་བ་སྤྱི་བོར་བཞག་པ་ནི་སྔགས་ཀྱི་རྗེས་སུ་གནང་བའོ། །སྡུག་པའི་གདོང་དུ་བལྟས་ནས་ནི། །བལྟས་པར་གྱུར་པའི་བདེ་བ་དེ། །སངས་རྒྱས་རྣམས་ལ་ཕུལ་ནས་ནི། །སྐད་ཅིག་གིས་ནི་གཟི་ཅན་འགྱུར། །བུད་མེད་ཀུན་གྱིས་ཡོངས་བསྐོར་ལ། །ཀུན་ནས་རྩེས་པའི་བདེ་བ་དེ། །སངས་རྒྱས་རྣམས་ལ་ཕུལ་ནས་ནི། །སྐད་ཅིག་གིས་ནི་གཟི་ཅན་འགྱུར། །དགེ་འམ་ཡང་ན་མི་དགེ་བའི། །ལས་རྣམས་བྱས་པ་གང་ཡིན་པ། །སངས་རྒྱས་རྣམས་ལ་ཕུལ་ནས་ནི། །སྐད་ཅིག་གིས་ནི་གཟི་ཅན་འགྱུར། །ཞེས་མཆོད་པའི་རྗེས་གནང་དང༌། མཆོག་གི་དངོས་གྲུབ་ཐམས་ཅད་ནི། །བརྟུལ་ཞུགས་མཆོག་གིས་བསྒྲུབ་པར་བྱ། །དེ་ཕྱིར་གཤིན་རྗེ་འཇོམས་པ་ཡི། །བརྟུལ་ཞུགས་རྣམ་པ་ཀུན་ཏུ་སྤྱོད། །ཕལ་ཆེར་དངོས་གྲུབ་མཆོག་རྣམས་ནི། །བརྟུལ་ཞུགས་མེད་པས་མི་འགྲུབ་པས། །གཤིན་རྗེ་འཇོམས་པའི་བརྟུལ་ཞུགས་འདི། །ལེགས་སྤྱོད་མཆོག་གི་དངོས་སུ་བསྒྲུབས། །ཞེས་པས་བརྟུལ་ཞུགས་ཀྱི་རྗེས་གནང་དང༌། ཇི་ལྟར་དབང་བསྐུར་ལ་སོགས་པས། །སངས་རྒྱས་ལ་སོགས་ཐོབ་པ་བཞིན། །བྱང་ཆུབ་སྤྱོད་ཚོགས་གཞན་དག་དང༌། །འདུལ་སོགས་དགེ་བས་དེ་ལྟ་མིན། །དེ་བས་དམ་ཚིག་བུས་སྲུངས་ཤིག །རྟག་ཏུ་སྡོམ་པ་ཡང་བསྲུང་ངོ༌། །ཤ་ལྔ་བདུད་རྩི་ལྔ་བཟའ་སྟེ། །དེ་ལས་གཞན་པའི་དམ་ཚིག་སྲུངས། །དཀོན་མཆོག་གནོད་པ་གསད་བྱ་ཞིང༌། །བུད་མེད་ཀུན་ལ་སྤྱད་པར་བྱ། །ཕ་རོལ་ནོར་ནི་བླང་བྱ་ཞིང༌། །རྟག་ཏུ་བརྫུན་གྱི་ཚིག་ཀྱང་སྨྲོས། །རྣལ་འབྱོར་རྒྱུས་ལས་གང་གསུངས་པ། །དེ་ཡང་ཆོ་ག་བཞིན་དུ་སྲུངས། །ཞེས་པ་དམ་ཚིག་གི་རྗེས་གནང་དང༌། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ཏུ་དྲི་མེད་གང་བར་གྱིས། །ཞེས་དུང་དང༌། འཇིག་རྟེན་ཁམས་ནི་མ་ལུས་པར། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་རྡོ་རྗེའི་འཁོར་ལོ། རིན་ཆེན་འཁོར་ལོ། པདྨའི་འཁོར་ལོ། སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར། ཞེས་ཆོས་བཤད་པའི་རྗེས་སུ་གནང་བ་དང༌། སྣ་ཚོགས་རྡོ་རྗེ་གནང་ནས། ཞི་བའི་སེམས་ཀྱིས་ཞི་བ་སྟེ། །ནད་ལ་སོགས་པ་ཞི་བར་བྱ། །རྒྱས་པའི་སེམས་ཀྱིས་རྒྱས་པ་སྟེ། །རིན་ཆེན་ཆར་སྤྲིན་རབ་བསྐོར་བྱ། །རྗེས་སུ་ཆགས་པའི་སེམས་ཀྱིས་ནི། །དབང་གི་ལས་ནི་ཡང་དག་སྒྲུབས། །གསད་པའི་སེམས་ཀྱིས་དྲག་པོ་སྟེ། །མེ་ཡི་ཆར་སྤྲིན་དབབ་པར་བྱ། །ཞེས་པས་ཕྲིན་ལས་བཞིའི་རྗེས་གནང་དང༌། ཁྃ་ལས་བསྐྱེད་པའི་ཡེ་ཤེས་ཀྱི་རལ་གྲི་བྱིན་ནས། སངས་རྒྱས་ཀུན་གྱི་རལ་གྲི་ཆེ། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །ལས་ཀྱི་རལ་གྲི་གཅིག་པུ་མཆོག །བདུད་ལས་རྒྱལ་བར་བྱ་ཕྱིར་ཟུང༌། །ཨོཾ་བཛྲ་ཁཌྒ་ཧཱུྃ། ཞེས་པས་ཁྱད་པར་དུ་དྲག་པོའི་ཕྲིན་ལས་ཀྱི་རྗེས་གནང་དང༌། རལ་གྲི་མིག་སྨན་ས་འོག་དང༌། །མཆིལ་ལྷྭམ་དེ་བཞིན་རི་ལུ་སྟེ། །རྣལ་འབྱོར་པ་ཡི་དངོས་གྲུབ་ནི། །དེ་ནི་ཅི་དགར་བསྒྲུབ་པར་གྱིས། །ཞེས་པས་དངོས་གྲུབ་ཀྱི་རྗེས་གནང་མཛད་པར་བསམ་པ་ནི་རྗེས་སུ་གནང་བའོ། །དེ་ནས་བླ་མས་མི་འཇིགས་པའི་ཕྱག་རྒྱ་བདག་གི་སྤྱི་བོར་གཏུགས་ནས། འདིར་ནི་ཁྱོད་ལ་ངས་ལུང་བསྟན། །གཤིན་རྗེ་གཤེད་དཔལ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ས་འོག་ས་སྟེང་ས་བླ་གསུམ་དུ་བྷུརྦྷུ་ཝ་སྭཿ གང་ལ་ངས་ལུང་བསྟན་པ་འདི་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་བྱང་ཆུབ་ཆེན་པོར་མགྲིན་གཅིག་ཏུ་ལུང་སྟོན་པར་མཛད་དེ། སྔགས་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །ཞེས་ལུང་བསྟན་པར་བསམ་མོ། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མ་ཡིན་ནོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་པ་དང༌། སྔགས་དང་རྒྱུད་རྣམས་འཛིན་འགྱུར་བ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །སྔགས་བཤད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། །ཁྱོད་ལ་རྟག་ཏུ་སྲུང་བར་མཛད། །ཅེས་པས་དབུགས་དབྱུང༌། དེ་རིང་ཁྱོད་བདག་ལེགས་པར་རྙེད། །མི་ཡི་སྲིད་པ་དོན་དང་བཅས། །སངས་རྒྱས་ཀུན་གྱི་རིགས་སུ་སྐྱེས། །སེམས་ཉིད་རིན་ཆེན་འབྱུང་བའི་གཏེར། །ཕུན་སུམ་ཚོགས་པ་ཉེ་བར་གནས། །གསང་སྔགས་མཉམ་མེད་སེམས་ལས་གྲུབ། །ཟག་མེད་བདེ་བའི་དཀྱིལ་འཁོར་ཆེ། །མཐོང་བའམ་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །བྱང་ཆུབ་སེམས་མཆོག་རྨད་བྱུང་རྙེད། །འགྲོ་བ་ཀུན་གྱི་སྐྱབས་གནས་མཆོག །བདུད་བཞི་འཇོམས་ཤིང་སྡུག་བསྔལ་གྱི། །སྐྱེ་རྒ་ན་འཆི་འཇིག་པར་བྱེད། །སྲིད་པ་ངོ་བོ་ཉིད་དག་པས། །ཕྱག་ན་རྡོ་རྗེར་ད་གྱུར་ཏོ། །ཞེས་གཟེངས་བསྟོད་དོ། །ཕྱི་དབྱིབས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང༌། སྤྲུལ་པའི་སྐུའི་རྟེན་འབྲེལ་མངོན་དུ་བྱས། ཞེས་དྲན་པར་བྱའོ། །བུམ་པའི་དབང་ཐོབ། དེ་ནས་བླ་མ་ལོངས་སྐུར་དམིགས་པ་ལ་གསང་བའི་དབང་གི་དོན་དུ་མཎྜལ་ཕུལ་ནས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །གསང་བའི་དབང་བསྐུར་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ། གདོང་གཡོགས་བཅིང་ཞིང་འབྲུ་གསུམ་གྱི་བྱིན་གྱིས་བརླབས། བཅོམ་ལྡན་འདས་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས། སངས་རྒྱས་ཐམས་ཅད་ཞལ་དུ་ཞུགས་ཐུགས་ཀར་འོད་དུ་ཞུ། གསང་བའི་གནས་ནས་ཕྱུང་ནས། བཏུང་བ་རིན་ཆེན་དམ་པ་འདི། །རྡོ་རྗེའི་ལུས་ནི་རབ་སྒྲུབ་བྱེད། །བུ་ཁྱོད་དེ་ལྟར་ཤེས་གྱིས་ལ། །ཡིད་ལས་བྱུང་བའི་ཆུ་འཐུང་ཤིག །ཅེས་གསུངས་ནས། ལྕེ་ཐོག་ཏུ་གནང་བ་ཨ་ཧོ་མ་ཧཱ་སུ་ཁ། ཞེས་བརྗོད་དེ། མིད་པས་ལུས་ཐམས་ཅད་གང་ཞིང༌། ངག་གི་དྲི་མ་དག་ནས། འདོད་ཆགས་གཤིན་རྗེ་གཤེད་དུ་གྱུར་པར་བསྒོམས་ལ། གདོང་གཡོགས་ཕྱེ་སྟེ་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག རང་བྱིན་གྱིས་བརླབ་པ་བསྒོམ་པ་ལ་དབང༌། ལོངས་སྐུའི་རྟེན་འབྲེལ་མངོན་དུ་བྱས། ཞེས་དྲན་པར་བྱའོ། །གསང་བའི་དབང་ངོ༌། །དེ་ནས་བླ་མ་ཆོས་སྐུ་དམིགས་པ་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ་ལ། ཤེས་རབ་ཡེ་ཤེས་དབང་བསྐུར་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ་ལ། གདོང་གཡོགས་བཅིངས། འབྲུ་གསུམ་གྱི་བྱིན་གྱིས་བརླབས། རང་དཔལ་ཆེན་པོར་དམིགས་པ་ལ། གཟུངས་མ་འདི་ནི་ཡིད་འོང་མ། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་དགོངས། །འཁོར་ལོའི་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱོང་བར་གྱིས། །ཞེས་པས། རྡོ་རྗེ་རོ་ལངས་མ་གནང་བ་དང༌། དེས། བཤང་གཅི་དག་ནི་ཟ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོའམ། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་པདྨོར་འོ་བྱེད་པ། །བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ། །ཞེས་དྲིས་པའི་ལན་དུ། ཅི་གསུང་དམ་ཚིག་བསྟེན་པར་ནི། །ལྷ་མོ་བདག་ནི་སྤྲོ་གྱུར་ཏོ། །ཞེས་ལན་གདབ་པ་དང༌། ལྷ་མོ་དེས་བྷ་གའི་དཀྱིལ་འཁོར་བསྟན་ནས། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །གང་ཞིག་ཆོ་ག་བཞིན་བསྟེན་པ། །དེ་ཡི་མདུན་ན་ང་གནས་ཏེ། །སངས་རྒྱས་བསྙེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་དེ། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །ཏྭཾ་བྷཉྫ་མོཀྵ་ཧོ། ཞེས་བརྗོད་ནས་པང་དུ་བྱོན་པ་དང༌། སླར་ཡང་གཉིས་ཀའི་སྐུ་གསལ་བཏབ། མཁའ་གསང་བྱིན་གྱིས་བརླབས། གནས་ལྔར་ཡི་གེ་འབྲུ་ལྔ་དགོད། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་སྙམ་པའི་འདུ་ཤེས་ཀྱིས་སྙོམས་པར་ཞུགས་པས་དགའ་བ་དང༌། མཆོག་དགའ་དང༌། དགའ་བྲལ་གྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པར་བསམས་ལ་སེམས་གཟུང་ངོ༌། །དེ་ནས་གདོང་གཡོགས་ཕྱེ་ལ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག ཕོ་ཉའི་ལམ་བསྒོམས་པ་ལ་དབང༌། ཆོས་ཀྱི་སྐུའི་རྟེན་འབྲེལ་མངོན་དུ་བྱས། ཞེས་དྲན་པར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དེ་ནས་བླ་མ་ངོ་བོ་ཉིད་ཀྱི་སྐུར་དམིགས་པ་ལ་དབང་བཞི་པའི་དོན་དུ་མཎྜལ་ཕུལ་ནས། བཞི་པ་ཡང་ནི་སྩལ་དུ་གསོལ། །ཞེས་གསོལ་བ་གདབ། གདོང་གཡོགས་བཅིང༌། བྱིན་གྱིས་བརླབ། བསམ་གཏན་གྱི་འདུག་སྟངས་དང་ལྡན་པ་ལ། བརྟན་གཡོའི་དངོས་པོ་མ་ལུས་པ། །བསྒོམ་པར་བྱ་བའི་དུས་ཉིད་ན། །བློས་ནི་ཡོངས་སུ་མི་བསྒོམ་སྟེ། །ཀུན་གྱི་མཚན་ཉིད་མི་ཤེས་ན། །དེ་ཁོ་ན་ཉིད་བསྒོམ་མིན་ཏེ། །དངོས་པོ་ཐམས་ཅད་ཡོངས་ཤེས་ན། །དེ་ནི་བསྒོམ་པར་ཡོངས་སུ་བསྒྲགས། །ཞེས་གསུངས་པའི་དོན་སྤྲོས་བྲལ་གྱི་ངང་ལ་མཉམ་པར་གཞག་གོ །དེ་ནས་གདོང་གཡོགས་ཕྱེ་ལ། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། དྲི་མ་བག་ཆགས་དང་བཅས་པ་སྦྱངས། བསམ་གྱིས་མི་ཁྱབ་པ་བསྒོམ་པ་ལ་དབང༌། ངོ་བོ་ཉིད་ཀྱི་སྐུའི་རྟེན་འབྲེལ་མངོན་དུ་བྱས་སྙམ་དུ་བསམ་མོ། །དབང་བཞི་པའོ། །དེ་ནས་ལུས་དང་ལོངས་སྤྱོད་ཐམས་ཅད་ཡོན་དུ་ཕུལ་ལ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་གཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །དེ་ནས་དབང་བླང་བའི་ཡུལ་དང༌། ལེན་པ་པོ་དང༌། ལེན་པའི་ཚུལ་གསུམ་ཀ་རང་བཞིན་མེད་པར་སྒྱུ་མ་ལྟར་ཤེས་པའི་ངང་ནས། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །དེ་བཞིན་དེ་ཉིད་ངེས་པར་བྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །ཅེས་ལན་གསུམ་བརྗོད་དོ། །དེ་ནས་ཕྱི་ནང་གི་ལྷ་མཆོད་པའི་ཕྱིར། ཚོགས་ཀྱི་འཁོར་ལོ་ཡོངས་སུ་རྫོགས་པར་བྱས་ནས། སླར་ཡང་དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་ཅིང་བསྟོད་དེ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཇི་ལྟར་འདོད་པ་རྣམས་གསོལ་བ་བཏབ་ནས། ལས་བསགས་པ་འབྲས་བུ་དང་ལྡན་པར་བྱ་བའི་ཕྱིར། བསྔོ་བ་དང་སྨོན་ལམ་ཡང་རྒྱ་ཆེར་བཏབ་ལ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་པ་དང༌། ཡི་གེ་བརྒྱ་པ་ཡང་བརྗོད་དེ། དཀྱིལ་འཁོར་ལ་མ་བསྟིམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ། ཨོཾ་ཁྱོད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿཞེས་པས་གཤེགས་སུ་གསོལ་ལོ། །རས་རིས་ཀྱི་དཀྱིལ་འཁོར་ལ་བསྟིམ་པ་ནི་རབ་ཏུ་གནས་པ་མཆོག་ཏུ་འགྱུར་བའི་ཕྱིར། བརྟན་པར་བཞུགས་སུ་གསོལ་ནས། གཏོར་མའི་མགྲོན་རྣམས་གཤེགས་སུ་གསོལ་ལ། གཏོར་མ་ཉིད་ཀྱང་རོལ་མོ་དང་བཅས་པས་གཏང་སྟེ། བདག་ཉིད་ཀྱི་གནས་གསུམ་བསྲུངས་ནས་ལས་ཀྱི་རྗེས་བསྡུས་ཏེ། གནས་སྐབས་དང་རྗེས་སུ་འབྲེལ་པའི་རྣལ་འབྱོར་གྱིས་གནས་པར་བྱའོ། །དེ་ལྟར་རྟག་ཏུ་དབང་ལམ་དུ་བྱས་པས་གནས་སྐབས་སུ་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང༌། མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་ནས། ཚེ་དང་དཔལ་འབྱོར་ཕུན་སུམ་ཚོགས་པར་འགྱུར་ལ། སྲིད་པ་ཐམས་ཅད་དུ་རིག་པ་འཛིན་པ་ལ་སོགས་པའི་གོ་འཕང་མཆོག་ཐོབ་སྟེ། ས་དང་ལམ་ཐམས་ཅད་བདེ་བླག་ཏུ་བགྲོད་ནས། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་དཔལ་ཆེན་པོ་ཉིད་ཀྱི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་རོ། །རྒྱལ་རིགས་གཞོན་ནུ་ཆོས་ལ་ཐུགས་གསལ་དཔལ་འབྱོར་ཕུན་ཚོགས་ལྕགས་མཚན་འཆང་བས་བསྐུལ་བའི་ངོར། །ངོ་མཚར་རྨད་བྱུང་འབྲས་བུ་ཉེར་འབྱིན་ཆོ་གའི་རིམ་པ་འཕགས་པས་སྦྱར་ལས་དགེ་བ་གང༌། །ཉེ་བར་བསྐྲུན་པ་དགེ་བ་ཀུན་དང་རྣམ་པར་འདྲེས་ནས་སེམས་ཅན་ཀུན་ལ་རབ་ཁྱབ་སྟེ། །ཐམས་ཅད་ཐབས་དང་ཤེས་རབ་སྦྱོར་བའི་རྣལ་འབྱོར་མཐར་ཕྱིན་འཇམ་པའི་རྡོ་རྗེ་ཉིད་གྱུར་ཅིག །དཔལ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་ཅིང༌། དབང་བླང་བའི་ཆོ་ག་ཞེས་བྱ་བ་ཆུ་མོ་བྱའི་ལོ་སྟོན་ཟླ་ར་བའི་ཚེས་ཉི་ཤུ་དགུ་ལ་ཤིང་ཀུན་དུ་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་ར་ཞེས་བྱའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply