༼ཕ༽
༄༅། །དཔལ་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་བཞུགས།།
༄༅། །དཔལ་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། བླ་མ་དང་འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །གང་གི་གཉིས་མེད་ཡེ་ཤེས་རྡོ་རྗེའི་མེས། །སྲིད་པའི་ཉེས་ཚོགས་ཚང་ཚིང་རྣམ་བསྲེག་པ། །ཡེ་ཤེས་འབར་བའི་མེ་ལ་ཕྱག་འཚལ་ནས། །སྦྱིན་སྲེག་ཆོ་གའི་རིམ་པ་བདག་གིས་བཤད། །དཀྱིལ་འཁོར་འདིར་ཞུགས་ཤིང༌། བསྙེན་པ་སྔོན་དུ་སོང་ལ་ཏིང་ངེ་འཛིན་བརྟན་པའི་རྣལ་འབྱོར་པས། སྔགས་ཀྱི་ནུས་པ་དབྱུང་བ་དང༌། གནས་སྐབས་ཀྱི་དོན་བསྒྲུབ་པ་དང༌། མཐར་ཐུག་བྱང་ཆུབ་བསྒྲུབ་པའི་ཕྱིར། སྦྱིན་སྲེག་བྱེད་པར་འདོད་པས། ས་ཡོངས་སུ་སྦྱངས་པའི་སར་ལས་དང་མཐུན་པའི་ཐབ་ཏུ་བུད་ཤིང་བརྩིགས་པ་དང༌། ཡོད་བྱད་མངོན་པར་འདུས་བྱས་ནས། བདག་བསྐྱེད་བཟླས་པ་དང་བཅས་པ་དང༌། མདུན་བསྐྱེད་གཏོར་མས་མཆོད་པའི་བར་བྱས་ནས། ཐབ་ཀྱི་དྲུང་དུ་ཞི་བ་ལ་ཤར། རྒྱས་པ་ལ་བྱང༌། དབང་ལ་ནུབ། དྲག་པོ་ལ་ལྷོར་ཕྱོགས་ཏེ་འདུག་ལ། ཡང་སྙིང་བརྗོད་ཅིང་ནང་མཆོད་ཀྱིས་ཐབ་དང་ཡོ་བྱད་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ཡོངས་སུ་གྱུར་པ་ལས་ཞི་བ་ལ་ཐབ་ཁུང་དཀར་པོ་ཟླུམ་པོ། མུ་རན་ལ་རྡོ་རྗེ་ཕྲེང་བས་བསྐོར་བ་དང༌། རྒྱས་པ་ལ་གྲུ་བཞི་སེར་པོ་མུ་རན་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ་དང༌། དབང་ལ་ཟླ་གམ་དམར་པོ་མུ་རན་ལ་པདྨའི་ཕྲེང་བས་བསྐོར་བ་དང༌། དྲག་པོ་ལ་གྲུ་གསུམ་ནག་པོ་མུ་རན་ལ་རྡོ་རྗེ་གདེངས་པས་བསྐོར་བ་རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ། དྭངས་ཤིང་ཐོགས་པ་མེད་པ་ལས་དང་མཐུན་པའི་བུད་ཤིང་གི་རྩིག་པས་ཡོངས་སུ་གང་བ་བསྐྱེད་ནས། སླར་ཡང་ཧཱུྃ་གི་བྱིན་གྱིས་བརླབ་བོ། །འཇམ་པོ་གསུམ་ལ་བསྲེག་རྫས་གཡས་དང༌། མཆོད་རྫས་གཡོན་དང༌། དྲག་པོ་ལ་བསྲེག་རྫས་གཡོན་དང༌། མཆོད་རྫས་གཡས་སུ་བཤམ་པ། རེ་རེའང་ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་རྫས་སོ་སོ་དྭངས་ཤིང་ཐོགས་པ་མེད་པར་བསྐྱེད་ལ། སོ་སོའི་སྔགས་ཀྱི་བྱིན་གྱིས་བརླབ་བོ། །དེ་ནས་སྙིང་པོའི་མཐར། ཨོཾ་བཛྲ་ཛྭ་ལ་རཾ། ཞེས་བརྗོད་ཅིང༌། འཇམ་པོ་གསུམ་ལ་གཡས་སྐོར་དང༌། དྲག་པོ་ལ་གཡོན་སྐོར་གྱིས་ལན་གསུམ་བསྐོར་ཏེ། ཤར་ལྷོ་ནས་མེ་སྦར་ལ། ཡང་བླུགས་གཟར་གྱིས་ལན་གསུམ་བླུགས་ཤིང༌། བཛྲ་ཛྭ་ལའི་སྔགས་བརྗོད་ལ་མེ་གསོའོ། །དེ་ནས་མེ་དེ་བསངས་ཤིང་སྦྱངས་ལ། སྟོང་པའི་ངང་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ། རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ནས་ཡོངས་སུ་གྱུར་པ་ལས་མེ་ལྷར་སྐྱེས་ལ་གནས་པ་ཞལ་གཅིག་ཕྱག་བཞི་པ། གཡས་མཆོག་སྦྱིན་དང་བགྲང་ཕྲེང༌། གཡོན་དབྱུ་གུ་གསུམ་པ་དང་གུནྡྷེ་འཛིན་པ། རལ་པའི་ཐོར་ཚུགས་དང་ཚངས་པའི་སྐུད་པ་འཆང་བ། ལས་དང་མཐུན་པའི་ཁ་དོག་དང་མཚུངས་པ། བསྐྱེད་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་བཀོད་ནས། རང་གི་སྙིང་གའི་འོད་ཀྱིས། ཤར་ལྷོའི་མཚམས་ནས་མེ་ལྷ་སྤྱན་དྲང་བར་བསམ་ཞིང༌། རྡོ་རྗེ་དྲིལ་བུ་འཛིན་པས། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་འབྱུང་པོའི་བདག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་སྨིན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཞེས་ལན་གསུམ་དང༌། དབྱུ་གུ་གསུམ་པའི་ཕྱག་རྒྱས་གཡབ་པའི་ཚུལ་དུ་བྱ་ཞིང༌། ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛཿ སརྦ་ཀརྨ་པྲ་སཱ་དྷཱ་ཀཿ ཀཱ་རུ་ཎྱ་ཀྲྀ་ཏ་སཏྭ་ཨརྠ་ན། ཨ་སྨིནྶནྣི་ཧི་ཏོ་བྷ་ཝ། ཞེས་པས། ཐབ་ཀྱི་ཤར་ལྷོར་སྤྱན་དྲངས་ལ། ཨརྒྷཾ་ལ་སོགས་པ་ཕྱི་དང༌། ནང་བདུད་རྩིས་མཆོད་ནས་ཕྱག་རྒྱ་དང་བཅས་པས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བྃ། བཛྲ་གྷཎྜེ་ཧོཿ ཞེས་པས་དམ་ཚིག་པ་ལ་བསྟིམ་མོ། །ཡང་དབང་གི་ལྷ་སྤྱན་དྲངས་པ་ལ་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ལ་སོགས་པའི་ཚིགས་བཅད་དང༌། སྔགས་གསུང་ཞིང་དབང་བསྐུར་བས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་སྤྱི་བོར་ལུད་པས། ཞི་བ་ལ་རྣམ་པར་སྣང་མཛད། རྒྱས་པ་ལ་རིན་ཆེན་འབྱུང་ལྡན། དབང་ལ་འོད་དཔག་མེད། དྲག་པོ་ལ་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །དེ་ནས་བྱིན་གྱིས་བརླབས་པའི་ཀུ་ཤ་བརྒྱད་དག་བྱེད་དུ་འབུལ་ཞིང༌། ཀུ་ཤ་འདི་ནི་གཙང་ཞིང་དགེ །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡིས་ཀྱང་དག་བྱེད་ཡིན། །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཅེས་བརྗོད་ནས། ཕྱོགས་མཚམས་ནས་འབུལ་ལོ། །དེ་ནས་དེའི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་བས་མར་གསོལ་བར་བསམ་ཞིང༌། ཨོཾ་ཨགྣ་ཡེ་ཨཱ་དི་པྱ་དི་པྱ་བི་ཤུདྡྷེ་མཧཱ་ཤྲེ་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ། ཞེས་པའི་མཐར། ཞི་བ་ལ་སྡིག་པ་དང༌། སྒྲིབ་པ་དང༌། བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ་ཚེ་དང༌། བསོད་ནམས་དང༌། དཔལ་དང༌། འབྱོར་པ་པུཥྚིཾ་ཀུ་རུ་ཨོཾ། དབང་ལ་ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཧོ། དྲག་པོ་ལ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་བརྗོད་ཅིང་དགང་བླུགས་གསུམ་དབུལ་ལོ། །དེ་ནས་ཨོཾ་ཨགྣ་ཡེ། ཞེས་པའི་མཐར། ཨརྒྷཾ་ལ་སོགས་པ་ཕྱིའི་མཆོད་པ་དང་ནང་གི་མཆོད་པ་ཕུལ་ནས། འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་ཞིང༌། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད་ནས། ཞུ་བའི་རྫས་ཞལ་དང༌། གོང་བུའི་རྫས་རྣམས་ཕྱག་དང༌། ཡམ་ཤིང་འབར་བའི་དཀྱིལ་འཁོར་ལ་ཕུལ་བར་བསམ་ཞིང༌། བསྲེག་རྫས་རྣམས་དབུལ་བར་བྱ་སྟེ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱས་ཡམ་ཤིང༌། ཨོཾ་ཨགྣ་ཡེ་སྭཱ་ཧཱས་མར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱས་ཏིལ། ཨོཾ་སརྦ་སཾ་པ་དེ་ཡེ་སྭཱ་ཧཱས་ཟས་མཆོག ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱས་འབྲས། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱས་འབྲས་སོ་བ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱས་ནས། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱས་སྲན་མ། ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱས་གྲོ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱས་དཱུར་བ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱས་ཀུ་ཤ་རྣམས་བྱིན་གྱིས་བརླབས་ནས། ཨོཾ་ཨགྣ་ཡེ་འབའ་ཞིག་གིས་དབུལ་ཏེ་མཐའ་རྟེན་གྱི་ཚིག་རྣམས་ནི་སྔར་བཤད་པ་བཞིན་ནོ། །རིམ་པ་ནི་མར་གྱི་རྗེས་སུ་ཞི་བ་ལ་ཏིལ། རྒྱས་པ་ལ་ཟས་མཆོག དབང་ལ་མེ་ཏོག་གམ། འབྲས་བུ་དམར་པོ། དྲག་པོ་ལ་ཁྲག་དང་དུག་དང་སྐེ་ཚེ་བསྲེས་པའོ། །མེ་ཏོག་དམར་པོ་ལ། ཨོཾ་ཨགྣ་ཡེ་ཝ་ཤཾ་ཀུ་རུ་ཧོ། ཁྲག་ལ་སོགས་པ་ལ་ཨོཾ་ཨགྣ་ཡེ་མཱ་ར་ཡ་ཕཊ། ཅེས་བརྗོད་དོ། །འཇམ་པོ་གསུམ་ལ་ལག་པ་གཡས་པ་དང༌། དྲག་པོ་ལ་གཡོན་པས་དབུལ་ལོ། །བསྲེག་རྫས་ཕུལ་བའི་མཐར། མཆོད་ཅིང་བསྟོད་དེ་མར་བླུགས་གཟར་གང་བླུགས་ནས། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། ཞེས་བརྗོད་པས། མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །འཇིག་རྟེན་པའི་མེ་ལྷ་མཆོད་པའོ། །དེ་ནས་འབར་བའི་དབུས་སུ་སྲུང་བའི་འཁོར་ལོ་བསྒོམས་ནས་རིགས་བདག་གི་རྒྱས་གདབ་པའི་བར། སྒྲུབ་ཐབས་བཞིན་བསྐྱེད་དེ། རིགས་བདག་ནི་རྩ་བའི་བླ་མ་དང་ཐ་མི་དད་པར་བལྟའོ། །ལྷའི་སྐུ་མདོག་ནི་ལས་སོ་སོའི་དབང་གིས་མི་འགྱུར་བས། མདངས་དང་འོད་ནི་ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོ། སོ་སོའི་ཉམས་དང་ཆ་ལུགས་དང་ལྡན་ཞིང་དེའི་ཐུགས་ཀ་ནས་འོད་འཕྲོས་པའི་ཕོ་ཉ་རྣམས་ཀྱིས་ལས་སོ་སོ་མཛད་པར་བསྒོམ་མོ། །དེ་ནས། ཨོཾ་ཡ་མཱནྟ་ཀ་ཞེས་སྔོན་དུ་འགྲོ་བའི་ཨཱ་དི་པྱཱ་དི་པྱ་ལ་སོགས་པའི་སྔགས་ཀྱིས་བྱོན་ཟན་དགང་བླུགས་གསུམ་ཕུལ་ནས་ཚིགས་སུ་བཅད་པ་སྔགས་དང་བཅས་པས་ཕྱིའི་མཆོད་པ་དང༌། ནང་བདུད་རྩི་དང༌། ཡིད་ལས་བྱུང་བ་དང༌། བསྟོད་པའི་མཆོད་པ་རྣམས་ཀྱིས་མཆོད་ནས། གཏོར་མ་ཕུལ་ལ་བསྲེག་རྫས་རྣམས་སྔར་བཞིན་དུ་བྱིན་གྱིས་བརླབས་ཏེ། ཁྱད་པར་ནི་འདིའི་དབང་དུ་གྱུར་པ་རྣམས་ཀྱི་ཤ་བདུད་རྩི་རི་ལུ་དང་སྦྱར་ཏེ་ཕྱེ་མར་བྱས་པ་གཏོར་མ་ལྟར་བྱིན་གྱིས་བརླབ་པ་བྱས་པ་ཡིན་ནོ། །བསྲེག་རྫས་དེ་དག་གང་ལ་བསྙེན་པ་སོང་བའི་སྔགས་ཀྱིས་དབུལ་ལོ། །ཞི་བ་ལ་བརྒྱ། རྒྱས་པ་ལ་བརྒྱ་རྩ་བརྒྱད། དབང་ལ་ཉི་ཤུ་རྩ་ལྔ། དྲག་པོ་ལ་དྲུག་ཅུ་ཐམ་པས་དབུལ་བའི་ཐོག་མ་དང་ཐ་མར་སྤྲེལ་ཚིག་སྦྱར་རོ། །ཁྱད་པར་གྱི་རྫས་ལ་ནི་ཤིན་ཏུ་མང་བར་ཕུལ་བའི་མཐར། ཨོཾ་ཀཱ་ལ་རཱུ་པ་སརྦ་སཏྭ་དཱ་མ་ཀ་མ་ཧཱ་བྷཱུ་ཏ་པ་ཏི་ཨི་དཾ་བྷུ་ཛ་གྲིཧྣཱ་པ་ཡ་གྲིཧྣཱ་པ་ཡའི་རྗེས་སུ་སོ་སོའི་སྤེལ་ཚིག་དང་བཅས་པ་ཅི་རིགས་པས་དབུལ་ལོ། །མེ་གསོ་བའི་ཕྱིར་ཡམ་ཤིང་དང༌། མར་ནི་མེའི་ཚོད་དང་སྦྱར་ཏེ་དབུལ་ལོ། །མཐར་ལྷའི་སྔགས་སྤེལ་ཚིག་དང་བཅས་པས་མར་དགང་བླུགས་གསུམ་དབུལ་ལོ། །སླར་ཡང་མཆོད་ཅིང་བསྟོད་ནས་འདོད་པའི་དོན་གསོལ་བ་གདབ་བོ། །དེ་ནས། མ་འབྱོར་བ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་ལན་གསུམ་གྱིས་བཟོད་པར་གསོལ་ནས། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཡ་མཱནྟ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཡ་མཱནྟ་ཀ་ཏྭེ་ནོ་པ་ཏི་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ་བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་ཡ་མཱནྟ་ཀ་མ་མེ་མུཉྩ། བཛྲི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་མུཿ ཞེས་ཡེ་ཤེས་པ་གཤེགས་སུ་གསོལ་ནས། ཛཿཧཱུྃ་བཾ་ཧོཿ ཞེས་པ་དང༌། ཐབ་ཀྱི་དབུས་ནས་ཐལ་བའི་རྡུལ་ཅུང་ཟད་བླངས་ནས་དཔྲལ་བར་བསྐུས་པས་དམ་ཚིག་པ་བདག་ལ་བསྡུའོ། །འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་སྟེ་དངོས་གཞིའོ། །དེ་ནས་ཡང་མར་བླུགས་གཟར་གང་ཐབ་ཀྱི་དབུས་སུ་བླུགས་ནས། ཨོཾ་བཛྲ་ཛྭ་ལ་རཾ། ཞེས་བརྗོད་པས། འཇིག་རྟེན་པའི་མེ་ལྷ་གསལ་བར་དམིགས་པ་ལ། སྔ་མ་བཞིན་མཆོད་ཅིང་བསྟོད་ནས། བསྲེག་རྫས་རྣམས་རྫོགས་པར་ཕུལ་བའི་མཐར། སྤེལ་ཚིག་དང་བཅས་པའི་མར་དགང་བླུགས་གསུམ་དབུལ་ལོ། །ཡང་མཆོད་ཅིང་བསྟོད་ལ་གཏོར་མ་མཁའ་འགྲོ་སྤྱི་གཏོར་ལྟར་བྱིན་གྱིས་བརླབས་པ། ཨོཾ་ཨགྣ་ཡེ། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་ལ་སོགས་པ་ལན་གསུམ་གྱིས་ཕུལ་ནས། འདོད་པའི་དོན་གསོལ་བ་གདབ་ལ། བདག་ལས་དང་པོ་པའི་གང་ཟག་ཏུ་གྱུར་པས། ཏིང་ངེ་འཛིན་མི་གསལ་བ་དང༌། སྔགས་མ་དག་པ་དང༌། ཆོ་ག་འཁྲུལ་བ་དང༌། ཡོ་བྱད་དམན་པར་གྱུར་པ་ལ་སོགས་པའི་ཉེས་པ་ཐམས་ཅད་བཟོད་པར་མཛད་དུ་གསོལ། ཞེས་བཟོད་པར་གསོལ་ནས། དབྱུ་གུ་གསུམ་པའི་ཕྱག་རྒྱ་ལས་བསྐྱེད་པའི་ཚུལ་དུ་བྱ་ཞིང༌། སྭཿཨརྠ་ཉྩཻ་ཝ་པ་རཱརྠ་ཉྩཻ། སཱ་དྷི་ཏྭཾ་གཙྪ་ཧ་བྱ་བྷུ་ཀ ཨཱ་ག་མི་ཥྭ་པི་ཡ་ཐཱ་ཀཱ་ལེ། སརྦ་སིདྡྷིཾ་ཀུ་རུ་ཥྭ་མེ། ཞེས་པས་མེ་ལྷའི་ཡེ་ཤེས་པ་གཤེགས་སུ་གསོལ་ལ། སྔ་མ་བཞིན་དམ་ཚིག་པ་བདག་ལ་བསྟིམ་ནས། རང་གི་གནས་གསུམ་བསྲུངས་ལ་ཙ་རུའི་བཟའ་བ་ལ་ལོངས་སྤྱོད་དོ། །དེ་ནས་དགེ་བའི་རྩ་བ་བསྔོ་བ་ལ་སོགས་པ་རྗེས་ཀྱི་བྱ་བ་ཚོགས་ཀྱི་འཁོར་ལོ་དང་མཐུན་པར་བྱས་ནས། མེ་མནལ་བ་དང་ཐལ་བ་ཆུ་བོར་དོར་རོ། །དེ་ལྟ་བུ་ཆོ་ག་ཡན་ལག་ཕུན་སུམ་ཚོགས་པའི་སྦྱིན་སྲེག་བྱས་པས་བཟླས་པའི་ལྷག་ཆད་ཀྱི་ཉེས་པ་དག་པར་འགྱུར་ཞིང༌། གསང་སྔགས་ཀྱི་ནུས་པ་འབྱིན་པ་དང༌། རང་གི་ལྷག་པའི་ལྷ་མཉེས་ནས། ཐུན་མོང་དང་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་བ་ཉིད་དེ། ཡང་དག་པར་སྦྱོར་བའི་རྒྱུད་ལས། སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་ནས་དངོས་གྲུབ་རབ་ཏུ་སྟེར། །གང་ཞིག་སྔགས་ཀྱི་ལྷག་ཆད་གང༌། །དེ་ཀུན་སྦྱིན་སྲེག་གིས་ནི་དགང༌། །ཞེས་འབྱུང་ངོ༌། །དེ་ལྟར་ལས་ཀྱི་མཆོག་རབ་སྦྱིན་སྲེག་གི །ཆོ་ག་རྒྱལ་བུས་བསྐུལ་ནས་བདག་གིས་སྦྱར། །དགེ་བས་སྐུལ་བར་བྱེད་པས་གཙོ་བྱས་པའི། །འགྲོ་ཀུན་འཇམ་པའི་རྡོ་རྗེར་འགྱུར་བར་ཤོག །ཤིང་ཕོ་ཁྱིའི་ལོ་ཏོན་ཟླ་འབྲིང་པོའི་ཚེས་བཅུ་གཉིས་ཀྱི་ཉིན་ཞག་ལ་ཨུན་ཆང་ཧུ་ཞེས་བྱ་བའི་ཕོ་བྲང་དུ་ཨ་ཙ་ར་ཞེས་བྱ་བས་ཡི་གེའི་འདུ་བྱེད་མངོན་པར་བསྒྲུབས་ཏེ་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply