༼ཕ༽
༄༅། །ཞེ་དགུ་མའི་སྒྲུབ་ཐབས་ཞི་ཁྲོ་རྣམ་རོལ་བཞུགས།།
༄༅། །འཇམ་དཔལ་ཞི་ཁྲོ་རྣམས་པར་རོལ་པའི་སྒྲུབ་པའི་ཐབས་ཞེས་བྱ་བ། འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །ཞི་ལ་ཞི་དང་ཁྲོ་བོ་ལ། །ཁྲོ་སོགས་རྣམ་འཕྲུལ་བྱེ་བ་བརྒྱས། །གདུལ་བྱ་འདུལ་བའི་དོན་མཛད་པ། །འཇམ་པའི་དཔལ་གྱིས་བདག་སྐྱོངས་ཤིག །དེ་ཡི་གོ་འཕང་ཐོབ་བྱའི་ཕྱིར། །དེ་ཉིད་ལ་ནི་ཕྱག་འཚལ་ནས། །དེ་མཉེས་བྱེད་པ་སྒྲུབ་པའི་ཐབས། །དེ་ཡི་རྗེས་བཟུང་གསུང་བཞིན་བཤད། །དེ་ལ་དཀྱིལ་འཁོར་འདིར་དབང་དང་རྗེས་སུ་གནང་བ་ཐོབ་པའི་རྣལ་འབྱོར་པ་འདི་ཉམས་སུ་ལེན་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། རང་འཇམ་དཔལ་དུ་མོས་པའི་སྙིང་གར་ཉི་མའི་སྟེང་གི་ཧཱུྃ་ལས་འོད་འཕྲོས། འཇམ་དཔལ་ཁྲོ་བོའི་དཀྱིལ་འཁོར་སྤྱན་དྲངས། དེ་ལ་ཕྱག་འཚལ་ནས། ཨོཾ་ཧྲཱིཿཥྚྲཱིཿཧཱས་མཆོད་ཡོན། ཨོཾ་ཧཱུྃ་ཧཱུྃ་ཕཊ་ཀྱིས་འཐོར་འཐུང༌། ཨོཾ་ཀུ་མཱ་ར་རཱུ་པི་ནི་ཛཿཛཿཧཱུྃ་ཧེས་མེ་ཏོག ཨོཾ་ཧྲི་ཧ་ཧ་ཧེ་ཧེས་བདུག་སྤོས། ཨོཾ་དཱིཔྟ་ལོ་ཙ་ན་ཝི་ཀྲྀ་ཏཱ་ན་ན་མ་ཧཱ་ཨཊྚ་ཧ་ས་ན་དེ་ནི་དཱིཔྟ་དཱིཔྟ་ཡ་སྭཱ་ཧཱས་མར་མེ། ཨོཾ་ཝི་ཀྲྀ་ཏཱ་ན་ན་དུཥྚ་སཏྭ་ད་མ་ཀ་ག་གས་དྲི། ཨོཾ་ཀཱ་ལ་རཱུ་པ་སརྦ་སཏྭ་ད་མ་ཀ་ནཻ་ཝི་དྱེ་ཨཱཿཧཱུྃ་གིས་ཞལ་ཟས་ཏེ། ཕྱི་དང༌། ནང་དང༌། བདེ་བ་ཆེན་པོས་མཆོད་ནས། སྡིག་པ་རྣམས་ནི་བཤགས་པར་བགྱི། །སྐྱེས་ཤིང་བྱུང་བ་རྣམས་ནི་བསལ། །མི་བྱེད་པར་ཡང་སྤྱན་སྔར་བརྗོད། །དེ་བཞིན་བསོད་ནམས་རྗེས་ཡི་རང༌། །བདག་གིས་བདེ་འགྲོར་ཡོངས་སུ་བསྔོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སེམས་ཅན་ཐམས་ཅད་བདག་གིས་བསྒྲལ། །བྱང་ཆུབ་གནས་ལ་དགོད་པར་བགྱི། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །ཅེས་ལན་གསུམ་བརྗོད། ཚད་མེད་པ་བཞི་བསྒོམ། ཨོཾ་ཛ་ཡ་ཛ་ཡ། སུ་ཛ་ཡ་བི་ཤྭ་རཱུ་པ་དྷ་རི། གཙྪ་གཙྪ། སརྦ་དཾཥྚྲཱི་ཏྱ་ཏེ། ཏ་ཐཱ་ག་ཏེ་ནཱཾ། སརྦ་ཤུདྡྷ་ཤྲཱི་བི་ཛ་ཡ་མ་མ་ཀརྻཾ་ཀུ་རུ་སྭཱ་ཧཱས་གཤེགས་སུ་གསོལ། ཨོཾ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། ཆོས་ཐམས་ཅད་སྟོང་པར་བསམ། སྟོང་པའི་ངང་ལས་པཾ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པས་སྲུང་བའི་འཁོར་ལོ་བསྐྱེད་པའི་ནང་དུ། ཡྃ་ལས་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ལྟ་བུའི་སྟེང་དུ། ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་དྷཱིཿལས་རང་ཉིད་འཇམ་དཔལ་དམར་སེར། ཕྱག་གཡས་པ་རལ་གྲི། གཡོན་པས་སྡིགས་མཛུབ་མཛད་པ། དེའི་ཐུགས་ཀར་ཨཱཿལས་ཉི་མའི་འོད་ཀྱིས་བདག་ཉིད་ཞུ་ནས་གདན་ཉི་མ་ལ་ཐིམ། དེ་ལས་འོད་ཀྱི་རྩེར་འཇམ་དཔལ་བཞུགས་པ་དཔག་ཏུ་མེད་པ་སྤྲོས། གདུག་པ་ཅན་ཐམས་ཅད་བཏུལ་ཞིང་དག་པ་དང༌། སེམས་ཅན་སྨིན་པར་བྱས། སླར་འདུས་ཉི་མ་ལ་ཐིམ། ཡང་འོད་འཕྲོས། སངས་རྒྱས། རིག་མ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོ་དཔག་ཏུ་མེད་པ་སྤྱན་དྲངས། ཉི་མ་ལ་ཐིམ་པས་ཉི་མ་དེ་ཉིད་དཔག་ཚད་འབུམ་གྱི་ཚད་ཙམ་དུ་གྱུར་པའི་དབུས་སུ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པ། སྒོ་བཞིའི་གཞི། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྷ་སྣམ་དམར་པོ། ནང་གི་གྲྭ་བཞིར་བུམ་པ་བརྒྱད་དང༌། ཀ་པཱ་ལ་བཞིས་མཚན་པ། དབུལ་ལེ་ཚེ་དགུ་པ་ལྷའི་གནས་བཞི་བཅུ་ཞེ་དགུར། རླུང་དང༌། པདྨ་དང༌། ཉི་མ་དང༌། ཟླ་བའི་གདན་བསམ། དེའི་སྟེང་དུ་དབུས་ནས་རིམ་པ་བཞིན། དྷཱིཿཨོཾ་ཨཱྃ་ཛྲཱིྃ་ཁྃ་སྃ་རྃ་དྷྃ་ཀྃ་ལེ་ཚེ་དགུ་ལའོ། །ལྷ་སྣམ་ལ་ཤར་ནས་རིམ་པ་བཞིན། ཏིྃ་ཁྃ་མཻྃ་ཛྙཱྃ་ཝྃ་ཙྃ་ཛྙཱྃ། ལྷོ་ནས་རིམ་པས། བྃ་ཡྃ་མུྃ་དྷྃ་རྃ་ཏཱིྃ་ཧེྃ་ཛཱྃ། ནུབ་ནས་རིམ་པས། པཱྃ་སྃ་རཱྃ་རཱྃ་སཱྃ་རྃ་སུྃ་བྃ། བྱང་ནས་རིམ་པ་བཞིན། ཀེྃ་ཧྃ་གྃ་ཛྙཱྃ་སྃ་མྃ་ཨྃ་རྣམས་དང༌། ཤར་ནས་སྒོ་བཞིར། ཨྃ་པཱྃ་སྥྃ་གྷྃ། མེ་ནས་གྲྭ་བཞིར། སུྃ་ཨུྃ་ཧཱུྃ་ཨཱྃ་རྣམས་བསམ། དེ་དག་ལས་འོད་ཟེར་ཕར་འཕྲོས། རང་རང་གི་རིགས་ཀྱི་སེམས་ཅན་གྱི་དོན་བྱས། སླར་འདུས་ནས་ལྷར་གྱུར་པ་ནི། དབུས་སུ་རང་ཉིད་འཇམ་དཔལ་ཉི་མ་འཆར་ཀའི་མདོག་ལྟ་བུ། ཕྱག་གཡས་རལ་གྲི། གཡོན་པུསྟི་དང་བཅས་པའི་ཨུཏྤ་ལ་འཛིན་པ། ཤར་ནས་གཏི་མུག་རྡོ་རྗེ། ཕྲ་མ་རྡོ་རྗེ། འདོད་ཆགས་རྡོ་རྗེ། ཕྲག་དོག་རྡོ་རྗེ། ཤར་ལྷོ་ནས་སེམས་མ་རྡོ་རྗེ་མ། རིན་ཆེན་རྡོ་རྗེ་མ། ཆོས་ཀྱི་རྡོ་རྗེ་མ། ལས་ཀྱི་རྡོ་རྗེ་མ། ཤར་དུ་རྡོ་རྗེ་རྣོན་པོ། རྡོ་རྗེ་རལ་གྲི། བྱམས་པ། འཇམ་དཔལ། ཡེ་ཤེས་ཀྱི་སྐུ། ངག་གི་དབང་ཕྱུག ཟླ་འོད་ཡེ་ཤེས་མཚོའོ། །ལྷོར་རྡོ་རྗེ་སྣ་ཚོགས། །རྡོ་རྗེ་གནོད་སྦྱིན། རྡོ་རྗེ་ཁུ་ཚུར། རྡོ་རྗེ་ཆོས། རྡོ་རྗེ་སྲུང་བ། རྡོ་རྗེ་རྣོན་པོ། རྡོ་རྗེ་རྒྱུ། དྲྭ་བ་ཅན་གྱི་འོད་དོ། །ནུབ་ཏུ་རྡོ་རྗེ་སྨྲ་བ། རྡོ་རྗེ་སེམས་དཔའ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་ཆགས་པ། རྡོ་རྗེ་ལེགས་པ། རྡོ་རྗེ་རིན་ཆེན། རྡོ་རྗེ་ཉི་འོད། རྡོ་རྗེ་ཉི་མའོ། །བྱང་དུ་རྡོ་རྗེ་དཔལ། རྡོ་རྗེ་བཞད་པ། སྤོས་ཀྱི་གླང་པོ། ཡེ་ཤེས་ཏོག འགྲོ་བ་འདུལ་བ། རྒྱ་མཚོའི་བློ་གྲོས། བློ་གྲོས་མི་ཟད་པ། བདུད་རྩི་འོད་དོ། །ཤར་སྒོ་ལ་སོགས་པར། རྡོ་རྗེ་ལྕགས་ཀྱུ། རྡོ་རྗེ་ཞགས་པ། རྡོ་རྗེ་ལྕགས་སྒྲོག རྡོ་རྗེ་དྲིལ་བུའོ། །ཤར་ལྷོ་ནས་རྡོ་རྗེ་གནོད་མཛེས། གཙུག་ཏོར་འཁོར་ལོས་སྒྱུར་བ། རྡོ་རྗེ་ཧཱུྃ་མཛད་གཞན་གྱིས་མི་ཐུབ་པའོ། །ཤར་དང་ཤར་ལྷོ་པ་ཐམས་ཅད་སྐུ་མདོག་ནག་པོ། ཕྱག་གཡས་པས་རྡོ་རྗེ་འཛིན་པ། ལྷོ་དང་ལྷོ་ནུབ་པ་སེར་པོ། རིན་པོ་ཆེ་འཛིན་པ། ནུབ་དང་ནུབ་བྱང་བ་དམར་པོ་པདྨ་འཛིན་པ། བྱང་དང་བྱང་ཤར་བ་ལྗང་གུ་སྣ་ཚོགས་རྡོ་རྗེ་འཛིན་པ། གཡོན་པ་ཐམས་ཅད་ཀྱིས་ཐུགས་ཀར་པུསྟི་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང༌། དར་སྣ་ཚོགས་པའི་ན་བཟས་ཀླུབས་པ། ཉི་མའི་ཉམས་ཅན་དུ་བལྟས་པ་དེ་ལ་དམིགས་པ་གཏད་དེ་ཡིད་གཟུང་ངོ༌། །དེ་ནས་སེམས་ཅན་གྱི་ཁམས་རབ་འབྱམས་ལ་བལྟས་པས་གཤིན་རྗེ་ལ་སོགས་པ་གདུག་པ་ཅན་རྣམས་ཞི་བས་མི་འདུལ་ཞིང་ཁྲོ་བོས་འདུལ་བའི་ཕྱིར། ཤིན་ཏུ་གདུག་པ་དྲག་པོ་དག །ཞི་བ་ཉེ་བར་མི་སྦྱར་ཏེ། །འདི་མཁྱེན་རྡོ་རྗེ་ཅན་ཉིད་ནི། །ཁྲོ་བོར་དེ་བཞིན་གཤེགས་སྐུར་གྱུར། །ཧཱུྃ་ཞེས་བརྗོད་ནས། ལྷ་རྣམས་ཀྱི་ཐུགས་ཀར་ཨཱཿལས་ཉི་མའི་དཀྱིལ་འཁོར་རེ་བསམ། དེ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་སྤྱན་དྲངས་པ་ཉི་མ་ལ་ཐིམ། རྣམ་པར་རྟོག་པ་ཐམས་ཅད་འོད་གསལ་ལ་ཐིམ་པས། ལྷ་རྣམས་ཉི་མའི་དཀྱིལ་འཁོར་རེ་རེར་གྱུར། དེ་རྣམས་ལས་འོད་འཕྲོས། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས། སྔགས་ཀྱི་ཚོགས་སྤྱན་དྲངས། ཉི་མ་རྣམས་ལ་ཐིམ་ཞིང༌། ཆུ་ལས་ཆུ་བུར་རྡོལ་བ་ལྟར་ཉི་མ་རྣམས་ཀྱི་སྟེང་དུ་ས་བོན་དུ་གྱུར་བ་ནི། སྔགས་ཀྱི་རིམ་པ་ནི། ཨོཾ་ཧཱུྃ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན། ཞེས་པ་དང༌། ཡཀྵེ་ཡཙྪ་ནི་རཱ་མ་ཡ། ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡ་མཱནྟ་ཀ་ཧཱུྃ་ཧཱུྃ་ཕཊ་རྣམས་སུ་གྱུར། དེ་རྣམས་ལས་འོད་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཕྱག་མཚན་གྱི་ཚོགས་སྤྱན་དྲངས། ཡི་གེ་རྣམས་ལ་ཐིམ་པས་ཕྱག་མཚན་དུ་གྱུར་པ་ནི། སྔར་གྱི་རིམ་པས། གྲི་གུག མགོ ལག་པ། རྒྱུ་མ། རྐང་པ། ཐོད་པ། ཐོད་ཚལ། རོ་རས། གསལ་ཤིང་གིས་ཕུག་པའི་སྐྱེས་བུ། གྲི་གུག མཚོན་རྩེ་གཅིག་པ། གཏུན་ཤིང༌། ཆུ་གྲི་རྩེ་གཅིག རྡོ་རྗེ། ལྕགས་ཀྱུ། མ་ཧེ། ཝ། དགྲ་སྟྭ། མདའ། དབྱུག་པ། ཁ་ཊྭ྄ཱཾ་ག འཁོར་ལོ། ཞགས་པ། ཕག བོང་བུ། རྡོ་རྗེ་རྩེ་ལྔ། རྔེའུ་ཆུང༌། ཕུབ། གཞུ། དྲིལ་བུ། རླུང་རས། རྔ་མོ། ཁྱི། སྡིགས་མཛུབ། འཕན་རྩེ་གསུམ་པ། གླང་ཆེན་ཀོ་རློན། ཐོ་བ། མདུང༌། མེ་ཐབ། ལུག ཅེ་སྤྱང༌། བྱ་རྒོད། འུག་པ། བྱ་རོག ནེ་ཙོ། ཁྱུང༌། ཁྭ། རི་སྐེགས། བཞད་རྣམས་སུ་གྱུར། དེ་རྣམས་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས། གཤིན་རྗེ་གཤེད་ཀྱི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། ཕྱག་མཚན་སོ་སོ་ལ་ཐིམ་པས་ལྷར་གྱུར་པ་ནི། དབུས་སུ་རང་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའོ། །འཁོར་རྣམས་ནི། ཤར་གྱི་རེ་མིག་ནས་བརྩམས་ནས་རིམ་པས། རྡོ་རྗེ་མགོ རྡོ་རྗེ་ལག་པ། རྡོ་རྗེ་རྒྱུ་མ། རྡོ་རྗེ་རྐང་པ། རྡོ་རྗེ་ཐོད་པ། རྡོ་རྗེ་ཐོད་ཚལ། རྡོ་རྗེ་རོ་རས། རྡོ་རྗེ་གསལ་ཤིང་ངོ༌། །ལྷ་སྣམ་གྱི་ལྷ་རྣམས་ནི་རིམ་པས། རྡོ་རྗེ་གྲི་གུག རྡོ་རྗེ་རྩེ་གཅིག་པ། རྡོ་རྗེ་གཏུན་ཤིང༌། རྡོ་རྗེ་ཆུ་གྲི། རྡོ་རྗེ་རྩེ་གཅིག་པ། རྡོ་རྗེ་ལྕགས་ཀྱུ། རྡོ་རྗེ་མ་ཧེ། རྡོ་རྗེ་ཝའོ། །རྡོ་རྗེ་དགྲ་སྟྭ། རྡོ་རྗེ་མདའ། རྡོ་རྗེ་དབྱུག་པ། རྡོ་རྗེ་ཁ་ཊྭཱཾ་ག རྡོ་རྗེ་འཁོར་ལོ། རྡོ་རྗེ་ཞགས་པ། རྡོ་རྗེ་ཕག རྡོ་རྗེ་བོང་བུའོ། །རྡོ་རྗེ་རྡོ་རྗེ། རྡོ་རྗེ་རྔེའུ་ཆུང༌། རྡོ་རྗེ་ཕུབ། རྡོ་རྗེ་གཞུ། རྡོ་རྗེ་དྲིལ་བུ། རྡོ་རྗེ་རླུང་རས། རྡོ་རྗེ་རྔ་མོ། རྡོ་རྗེ་ཁྱིའོ། །རྡོ་རྗེ་སྡིགས་མཛུབ། རྡོ་རྗེ་འཕན། རྡོ་རྗེ་གླང་ལྤགས། རྡོ་རྗེ་ཐོ་བ། རྡོ་རྗེ་མདུང་ཐུང༌། རྡོ་རྗེ་མེ་ཐབ། རྡོ་རྗེ་ལུག རྡོ་རྗེ་སྤྱང་ཀིའོ། །རྡོ་རྗེ་བྱ་རྒོད། རྡོ་རྗེ་འུག་པ། རྡོ་རྗེ་བྱ་རོག རྡོ་རྗེ་ནེ་ཙོའོ། །རྡོ་རྗེ་ཁྱུང༌། རྡོ་རྗེ་ཁྲ། རྡོ་རྗེ་རི་སྐེགས། རྡོ་རྗེ་བཞད་དོ། །དེ་རྣམས་ཐམས་ཅད་སྐུ་མདོག་ནག་པོ་མ་ཧེའི་གདོང་པ་ཅན། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཀྱིས་རང་གི་ཕྱག་མཚན་ཐུགས་ཀར་འཛིན་ཞིང༌། ལིངྒ་གྱེན་དུ་རྒྱས་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པས་མ་ཧེ་མནན་པ། ཉམས་དང་རྒྱན་དང་ཆ་ལུགས་ཐམས་ཅད་གཙོ་བོ་དང་འདྲའོ། །དེ་ནས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་རང་རང་གི་ས་བོན་དགོད། མིག་ཏུ་ཀྵིཾ་ལས་སའི་སྙིང་པོ་དཀར། རྣ་བར་ཛྲཱིཾ་ལས་ཕྱག་ན་རྡོ་རྗེ་སྔོ། སྣར་ཁྃ་ལས་ནམ་མཁའི་སྙིང་པོ་སེར། ཁར་གྃ་ལས་འཇིག་རྟེན་དབང་ཕྱུག་དམར། དཔྲལ་བར་ཀཾ་ལས་སྒྲིབ་པ་རྣམ་སེལ་ལྗང༌། སྙིང་གར་སྃ་ལས་ཀུན་ཏུ་བཟང་པོ་སྔོན་པོ་དང༌། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ་དཀར་པོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་དམར་པོ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ་སྔོན་པོ་རྣམས་བསྐྱེད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །དེ་ནས་ས་བོན་གྱི་ཡི་གེ་རྣམས་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས། རང་གིས་བསྒོམས་པ་ལྟ་བུའི་དཀྱིལ་འཁོར་གྱི་འཁོར་ལོ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲང༌། དེ་ལ་སྔ་མ་བཞིན་མཆོད། རང་གི་སྙིང་ག་ནས་སྒོ་བ་བཞི་སྤྲོས་པས། ཡེ་ཤེས་པ་རྣམས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་པར་བསམ་ཞིང༌། ཨོཾ་གྲྀདྷྲ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་ཨུ་ལཱུ་ཀ་བཛྲ་པཱ་ཤྱ་ཧྲཱིཿ ཨོཾ་ཀཱ་ཀ་བཛྲ་སྥོ་ཊ་བཾ། ཨོཾ་ཤུ་ཀ་བཛྲ་གྷཎྜེ་ཧོཿ ཞེས་བརྗོད་དོ། །ཡང་འོད་འཕྲོས་པས། གཤིན་རྗེ་གཤེད་ཀྱི་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། སྔ་མ་བཞིན་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་བ་བཏབ་པས། ལྷ་རྣམས་ཀྱིས། དབང་བསྐུར་རྡོ་རྗེ་ཆེན་པོ་ལ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་རྣམས་ཀྱི་གསང་གསུམ་གྱི། །གནས་ལས་བྱུང་བ་ཡང་དག་སྦྱིན། །ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། རྡོ་རྗེའི་གླུ་དབྱངས་དང་བཀྲ་ཤིས་བརྗོད། བགེགས་བསྐྲད་མཆོད་པས་མཆོད། དབང་གི་ཆུ་རྒྱུན་དེས་ལྷ་ཐམས་ཅད་ཀྱི་ལུས་གང༌། དྲི་མ་ཐམས་ཅད་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པས་གཙོ་བོ་ལ་མི་བསྐྱོད་པ། འཁོར་རྣམས་ལ་གཙོ་བོ་ཕྱག་གཉིས་པས་དབུར་བརྒྱན་པར་བསམས་ནས། ཛཿཧཱུྃ་བཾ་ཧོཿས་དབང་གི་ལྷ་རྣམས་ཀྱང་རང་ལ་བསྟིམ་མོ། །དེ་ནས་གཏོར་མ་ལྟར་བྱིན་གྱིས་བརླབས་པའི་བདུད་རྩི་མྱངས་པས་དཀྱིལ་འཁོར་གྱི་ལྷ་རྣམས་ཚིམ་པར་བསམས་ནས། རང་གི་བ་སྤུའི་བུ་ག་ནས་འཕྲོས་པ་དང༌། རང་བཞིན་གྱི་གནས་ན་བཞུགས་པའི་ལྷ་མོ་རྣམས་ཀྱིས་བདག་ལ་མཆོད་པར་བསམ་ཞིང༌། གཟུགས་སྒྲ་ལ་སོགས་དྲུག་པོ་འདི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང༌། །ཤེལ་ལ་ཚོན་ནི་ཇི་བཞིན་ནོ། །འདོད་པ་ལྔ་དང་ཆོས་རྣམས་ལ། །རྣལ་འབྱོར་རྟག་ཏུ་སྤྱོད་པར་ཤོག །ཨ་ལ་ལ་ཧོ་རོལ་དུ་གསོལ། །གནས་པར་མཛོད། མི་འཛིན་སྒྱུ་མ་ལྟ་བུ་ལ། །དགྱེས་པའི་གར་གྱིས་རོལ་བར་མཛོད། །རེག་བྱ་འགག་པ་མེད་པ་ལ། །མི་གཡོ་བཞིན་དུ་རོལ་དུ་གསོལ། །ཧོ་ཆགས་པ་མེད་བཞིན་ཆགས་པར་མཛོད། །ཅེས་པས་མཆོད་ནས། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ལ་སོགས་པ་དང༌། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ལ་སོགས་པས་བསྟོད་ནས། ལྷ་མོ་དེ་དག་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་བ་སྤུའི་བུ་གར་ཐིམ་པར་བསྒོམས་ལ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྣང་ལ་རང་བཞིན་མེད་པ་ལ་གཏད་དེ་མཉམ་པར་གཞག་གོ །བསྐྱེད་པའི་རིམ་པའོ། །སྔགས་ཟློ་བར་འདོད་ན། ལྷ་རྣམས་ཀྱི་ཐུགས་ཀའི་ས་བོན་གྱི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཀྱིས་རང་གི་སྒྲིབ་པ་གཉིས་སྦྱངས། ཚོགས་གཉིས་སྤེལ། ཕྲིན་ལས་བཞི་བསྒྲུབས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྒྱུད་བསྐུལ་བས་བྱིན་གྱིས་རློབ་པར་བསམ་ཞིང༌། རྩ་སྔགས། སྙིང་པོ། ཉེ་བའི་སྙིང་པོ་རྣམས་བཟླའོ། །འཁོར་རྣམས་ཀྱི་སྔགས་ཟློ་བར་འདོད་ན། ཨོཾ་བཛྲ་ཤི་རཿཧཱུྃ་ཕཊ། ཨོཾ་བཛྲ་ཧསྟ་ཧཱུྃ་ཕཊ། ཨོཾ་བཛྲ་ཨནྟྲ་ཧཱུྃ་ཕཊ། ཨོཾ་བཛྲ་པཱ་ད་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་པཱ་ལ་ཧཱུྃ་ཕཊ། ཨོཾ་བཛྲ་ཙ་ཤ་ཀ་ཧཱུྃ་ཕཊ། ཨོཾ་བཛྲ་ཤྨ་ཤཱ་ནི་ཀ་ར་པ་ཏཱ་ཀ་ཧཱུྃ་ཕཊ། ཨོཾ་བཛྲ་ཤཱུ་ལ་བི་ན་པུ་རུ་ཥ་ཧཱུྃ་ཕཊ། ཨོཾ་བཛྲ་ཀརྟ་རི་ཧཱུྃ་ཕཊ། ཨོཾ་བཛྲ་བྷིཎྜ་པཱ་ཎ་ཧཱུྃ་ཕཊ། ཨོཾ་བཛྲ་མུ་ས་ལ་ཧཱུྃ་ཕཊ། ཨོཾ་བཛྲ་ཙྪུ་རི་ཀ་ཧཱུྃ་ཕཊ། ཨོཾ་བཛྲ་ཀརྞཱ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཨཾ་ཀུ་ཤ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧིརྵ་ཧཱུྃ་ཕཊ། ཨོཾ་བཛྲ་ཤྲིཾ་ག་ལ་ཧཱུྃ་ཕཊ། ཨོཾ་བཛྲ་ཀུ་ཐ་ར་ཧཱུྃ་ཕཊ། ཨོཾ་བཛྲ་ཤ་ར་ཧཱུྃ་ཕཊ། ཨོཾ་བཛྲ་དཎྜ་ཧཱུྃ་ཕཊ། ཨོཾ་བཛྲ་ཁ་ཊྭཱཾ་ག་ཧཱུྃ་ཕཊ། ཨོཾ་བཛྲ་ཙཀྲ་ཧཱུྃ་ཕཊ། ཨོཾ་བཛྲ་པཱ་ཤ་ཧཱུྃ་ཕཊ། ཨོཾ་བཛྲ་པཱ་ར་ཧ་ཧཱུྃ་ཕཊ། ཨོཾ་བཛྲ་གརྡ་བཱ་ཧཱུྃ་ཕཊ། ཨོཾ་བཛྲ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་མ་རུ་ཀ་ཧཱུྃ་ཕཊ། ཨོཾ་བཛྲ་ཕ་ལ་ཀ་ཧཱུྃ་ཕཊ། ཨོཾ་བཛྲ་དྷ་ནུཿཧཱུྃ་ཕཊ། ཨོཾ་བཛྲ་གྷཎྜ་ཧཱུྃ་ཕཊ། ཨོཾ་བཛྲ་ཝ་ཏ་པ་ཌ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཨུཥྚ་ཧཱུྃ་ཕཊ། ཨོཾ་བཛྲ་ཤྭ་ན་ཧཱུྃ་ཕཊ། ཨོཾ་བཛྲ་ཏརྫ་ནི་ཧཱུྃ་ཕཊ། ཨོཾ་བཛྲ་ཏྲི་པ་དཾ་ཀ་ཧཱུྃ་ཕཊ། ཨོཾ་བཛྲ་ནཱ་ག་ཙརྨ་ཧཱུྃ་ཕཊ། ཨོཾ་བཛྲ་མུངྐ་ར་ཧཱུྃ་ཕཊ། ཨོཾ་བཛྲ་ཀུནྡ་ཧཱུྃ་ཕཊ། ཨོཾ་བཛྲ་ཨགྣི་ཀུཎྜ་ཧཱུྃ་ཕཊ། ཨོཾ་བཛྲ་མེ་ཥ་ཧཱུྃ་ཕཊ། ཨོཾ་བཛྲ་ཤྭ་ན་ཧཱུྃ་ཕཊ། ཨོཾ་བཛྲ་གྲྀདྷྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཨུ་ལཱུ་ཀ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱ་ཀ་ཧཱུྃ་ཕཊ། ཨོཾ་བཛྲ་ཤུ་ཀ་ཧཱུྃ་ཕཊ། ཨོཾ་བཛྲ་མཎྜི་ཧཱུྃ་ཕཊ། ཨོཾ་བཛྲ་སེ་ན་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཤ་ཀུ་ནི་ཧཱུྃ་ཕཊ། ཨོཾ་བཛྲ་ས་ར་ས་ཧཱུྃ་ཕཊ། ཅེས་གསང་སྔགས་རྣམས་ཅི་ནུས་པ་བཟླའོ། །བཟླས་པའི་རྣལ་འབྱོར་རོ། །དེ་ནས་མངོན་པར་བཤམས་པའི་གཏོར་མ། ཡང་སྙིང་གིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཀྃ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་དབུས་སུ་ཡྃ་ལས་རླུང༌། རྃ་ལས་མེ། སྒྱེད་པུའི་སྟེང་དུ་ཨཱཿལས་ཐོད་པ་དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པའི་ནང་དུ། ཤར་དུ་གོ་ལས་བ་ལང་གི་ཤ ལྷོར་ཀུ་ལས་ཁྱིའི་ཤ ནུབ་ཏུ་ད་ལས་རྟའི་ཤ བྱང་དུ་ཧ་ལས་གླང་པོ་ཆེའི་ཤ དབུས་སུ་ན་ལས་མིའི་ཤ ཤར་ལྷོར་བི་ལས་དྲི་ཆེན། ལྷོ་ནུབ་ཏུ་མུ་ལས་དྲི་ཆུ། ནུབ་བྱང་དུ་མ་ལས་རཀྟ། བྱང་ཤར་དུ་ཤུ་ལས་བྱང་སེམས། དེ་རྣམས་ཀྱི་སྟེང་དུ། དབུས་ནས་རིམ་པས། ཡ་ཀྵེ་མ་མེ་ད། བསམས་ནས། དེ་ལས་འོད་འོག་ཏུ་འཕྲོས་པས་རླུང་གཡོས། མེ་སྦར། རྫས་རྣམས་བཞུ། ཡིག་འབྲུ་ལྔ་ལས་འོད་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་དང༌། བརྟན་གཡོའི་བཅུད་ཐམས་ཅད་བསྡུས། ཡིག་འབྲུ་དང་བཅས་པ་ཐོད་པའི་ནང་དུ་ཐིམ་ཞིང༌། འདྲེས་པ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསྐྱེད་ལ། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ་བོ། །དེ་ནས་མདུན་གྱི་ནམ་མཁར་རང་གིས་བསྒོམས་པ་ལྟ་བུའི་དཀྱིལ་འཁོར་གྱི་འཁོར་ལོ་སྐད་ཅིག་ལ་དམིགས་ལ། རང་གི་སྙིང་ག་ནས་འོད་འཕྲོས་རང་བཞིན་གྱི་གནས་ནས། དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་ལ་མདུན་བསྐྱེད་ལ་བསྟིམ། ཡང་འོད་འཕྲོས་པས་འཇིག་རྟེན་སྐྱོང་བ་དང༌། འབྱུང་པོའི་ཚོགས་ཐམས་ཅད་བཀུག་པ། དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་གནས་པར་བསྒོམས་ལ། སྔགས་གསུམ་གྱི་མཐར། ཨི་དཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་བིགྷྣཱན་ཤ་ཏྲཱུན་མཱ་ར་ཡ་ཧཱུྃ་ཕཊ། ཅེས་གསུམ་མམ་བདུན་གྱིས་དཀྱིལ་འཁོར་གྱི་ལྷ་རྣམས་དང༌། ཨོཾ་ཨོཾ་བྷུ་ཙ་ར་ནཾ་ཡ་སཏྭ་ལ་ཙ་ར་ནཾ་མན་ཁ་ཙ་ར་ནི། ཏ་པཱུརྦ་ཨ་དྷི་གྷ་ནཾ། ཀ་དཀྵི་ནི། ཨ་དི་གྷ་ནཾ། ཧཱུྃ་པཤྩི་མ་ཨ་དྷི་ག་ནི་ཕཊ། ཨུཏྟ་ར་ཨ་དྷི་གྷ་ནཾ། ཨོཾ་ཨི་ཧྲཱིཿ ཡཥྚྲིཿབ་ཝི་ཀུ་ཀྲྀ་ཨི་ཏ་ཨ། ན་ནི་ནཱ་བ་ཧཱུྃ་བྷོ། ཕཊ་སརྦ་བྷཱུ་ཏེ་བྷྱ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། ཅེས་པ་བདུན་གྱིས་འཇིག་རྟེན་པ་རྣམས་ལ་ཕུལ་ལ། མཆོད་ཅིང་བསྟོད་ནས་ཕྲིན་ལས་བཅོལ་ལ་དངོས་གྲུབ་གནང་བར་བསམས་ནས། བཟོད་པར་གསོལ་ལ་གཤེགས་སུ་གསོལ་ཏེ་གཏོར་མ་གཏོང་ངོ༌། །དེ་ནས་གཏོར་མ་ལྟར་ཁ་ཟས་བྱིན་གྱིས་བརླབས་ལ། རང་གི་རྡོ་རྗེ་འཇིགས་བྱེད་དུ་མོས་ཏེ། ལྟེ་བར་གཏུམ་མོའི་མེ་འབར་བའི་མེ་ལྕེའི་ཁྲོད་ན། སྙིང་གར་ལྷ་བཞི་བཅུ་ཞེ་དགུའི་དཀྱིལ་འཁོར་གཙོ་བོའི་རིགས་བདག་ཏུ་བླ་མ་བཞུགས་པ་དང༌། ལྟོ་བར་འཇིག་རྟེན་སྐྱོང་བ་དང༌། འབྱུང་པོའི་ཚོགས་མ་ལུས་པ་དམིགས་ཤིང༌། ལག་པ་གཉིས་དགང་བླུགས་ཀྱིས། བཟའ་བཏུང་རྣམས་བསྲེག་རྫས་ཀྱི་ཚུལ་དུ་དམིགས་ལ། མེའི་ཐབ་ཁུང་དུ་ཕུལ་བས། འཁོར་འདས་ཀྱི་ལྷ་རྣམས་མཉེས་པར་བསམ་ཞིང༌། སྡང་ཞེན་མེད་པར་ལོངས་སྤྱད་དོ། །ཁ་ཟས་ཀྱི་རྣལ་འབྱོར་རོ། །དེ་ནས་སྤྱོད་ལམ་ལ་འཇུག་པའི་ཚེ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གསལ་བཏབ་ནས། སྲུང་བའི་འཁོར་ལོ་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བ། གཞལ་ཡས་ཁང་ལམ་གྱི་ཆོས་རྣམ་པར་དག་པ། ལྷ་རྣམས་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་དང༌། ཡོན་ཏན་དང་ཕྲིན་ལས་རྣམ་པར་དག་པ། བཅོམ་ལྡན་འདས་ནི་འདོད་ཆགས་དག་ཅིང་འདུལ་བའི་ཕྱིར། ལིངྒ་གྱེན་དུ་རྒྱས་པ། ཞེ་སྡང་དག་ཅིང་འདུལ་བས་ཕྱག་སུམ་ཅུ་སོ་བཞི། ཨཱ་ལི་རྣམ་པར་དག་པས་ཞབས་བཅུ་དྲུག སངས་རྒྱས་ཀྱི་ཡོན་ཏན་རྫོགས་པས་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང༌། ཕྲིན་ལས་སྣ་ཚོགས་པས་སེམས་ཅན་གྱི་དོན་མཛད་པས་ཕྱག་མཚན་དང་གདན་སྣ་ཚོགས་པ་སྤྲུལ་པ་དུ་མ་འཕྲོ་བའོ། །ཞེས་དག་པ་དྲན་པར་བྱས་ནས། གཞལ་ཡས་ཁང་དང་འཁོར་རྣམས་རང་ལ་བསྡུས་ལ། བདག་དང་སྣང་བ་ལྷ། བརྗོད་པ་དང་གྲག་པ་སྔགས། སེམས་ཀྱི་རྣམ་པར་རྟོག་པ་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་དམིགས་ཏེ། སྣང་བ་སྣ་ཚོགས་སུ་སྣང་བ་སྤྲུལ་པའི་སྐུ། རང་བཞིན་སྟོང་པ་ཆོས་ཀྱི་སྐུ། ངོ་བོ་ཟུང་འཇུག་ལོངས་སྐུར་དམིགས་ཏེ། སྡང་བ་དང༌། ཞེན་པ་དང༌། དོགས་པ་མེད་པའི་ཚུལ་གྱིས་ཅི་བདེ་བར་སྤྱད་དོ། །སྤྱོད་ལམ་གྱི་རྣལ་འབྱོར་རོ། །དེ་ནས་ནུབ་མོ་གཉིད་ལོག་པའི་ཚེ། ལྷ་རྣམས་བསྡུས་ནས་སྟོང་པ་ཉིད་ཀྱི་ངང་ལ་ཉལ་ལོ། །གཉིད་སད་པའི་ཚེ། ཆུ་བུར་རྡོལ་པའི་ཚུལ་གྱིས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དང༌། སྣོད་བཅུད་ཐམས་ཅད་གསལ་བར་དམིགས་ལ་ལྡང་ངོ༌། །ཁྲུས་ནི་དབང་གི་སྐབས་དང་འདྲ་བ་ཉིད་དོ། །བསྐྱེད་པའི་རིམ་པ་ཡན་ལག་དང་བཅས་པའོ། །རྫོགས་པའི་རིམ་པ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཇི་ལྟར་དབུགས་ནི་མེ་ལོང་ལ། །རང་ཉིད་ངེས་པར་ཐིམ་པ་ལྟར། །དེ་བཞིན་རྣལ་འབྱོར་ཡང་དག་མཐའ། །ཡང་དང་ཡང་དུ་མངོན་དུ་བྱེད། །ཅེས་འབྱུང་བ་ལྟར། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཀྱི་སྤྲོ་བསྡུས། སྣོད་བཅུད་དང་དཀྱིལ་འཁོར་རྣམས་གསལ་བ་དང༌། གཡོ་བ་དང༌། རིམ་གྱིས་བསྡུ་བ་བྱས་ནས་མཐར་སྟོང་པ་ཉིད་ལ་ཞུགས་ཏེ། འོད་གསལ་གྱི་ངང་ལ་མཉམ་པར་གཞག་གོ །རྫོགས་པའི་རིམ་པའོ། །དེ་ནས་རྫོགས་རིམ་ལས་ལངས་ནས། བསྐྱེད་རིམ་ལ་འཇུག་པའི་ཚེ། ཇི་ལྟར་ཆུ་ཀླུང་དྭངས་པ་ལས། །ཉ་དག་ཡོངས་སུ་འཕར་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་པ་ལས། །སྒྱུ་འཕྲུལ་དྲྭ་བ་བཞེངས་པར་མཛད། །ཅེས་པའི་ཚུལ་གྱིས་སྐད་ཅིག་གིས་ལྷའི་སྐུ་སྒྱུ་འཕྲུལ་དྲྭ་བར་བཞེངས་ནས། རྣལ་འབྱོར་གཞན་ལ་འཇུག་པར་བྱའོ། །རྫོགས་པའི་རིམ་པ་མཚམས་སྦྱར་དང་བཅས་པའོ། །ལས་ཚོགས་ཀྱི་ཆོ་ག་ཞིབ་མོ་ནི་གཞུང་གཞན་དུ་ཤེས་པར་བྱའོ། །བརྒྱུད་པའི་རིམ་པ་ནི། འཇམ་དཔལ། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ་ཆེ་བ། ཨ་མོ་གྷ་བཛྲ་ཆུང་བ། བླ་མ་སྐྱོ་འོད་འབྱུང༌། རྩང་ཡང་དག་འབར། ཡང་དག་རྡོ་རྗེ། རྔོག་རྡོ་རྗེ་རྒྱལ་པོ། གཟི་བ་དོན་གྲུབ་ཡེ་ཤེས། ཁམས་སྟོན་ཤཱཀྱ་རྡོ་རྗེ། སློབ་དཔོན་སངས་རྒྱས་འབུམ་རྣམས་སོ། །ཞི་བའི་མཐར་ཐུག་འཇམ་པའི་དཔལ་ཡིན་ཏེ། །དྲག་པོའི་མཐར་ཐུག་རྡོ་རྗེ་འཇིགས་བྱེད་དཔལ། །གཉིས་ཀའང་ཟུང་འཇུག་བདེ་བའི་མཐར་ཐུག་དཔལ། །ཆོས་ཚུལ་འདི་ནི་ཐབས་ཀྱི་མཐར་ཐུག་ཡིན། །དེ་འདྲ་བདག་གིས་རྣམ་པར་བསྡེབས་པ་ཡི། །དགེ་བས་ཟུང་འཇུག་ཆེན་པོའི་དཔལ་ཐོབ་ནས། །སྲིད་ཞིར་གནས་པའི་འབྱུང་པོ་མ་ལུས་པ། །ཟུང་འཇུག་བདེ་བའི་དཔལ་ལ་འགོད་པར་ཤོག །རྡོ་རྗེ་འཇིགས་བྱེད་རྟོག་པ་ནི། །སུམ་བརྒྱ་པ་སྟེ་འཇམ་དཔལ་གྱི། །རྒྱུད་ལས་དཔལ་གྱི་སྒྲུབ་པའི་ཐབས། །ཅུང་ཟད་ཙམ་ཞིག་ཕྱུང་ནས་བཏུས། །ཞེས་གསུངས་པའི་ཚུལ་གྱིས་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་རྒྱས་པ་ལས། སྒྲུབ་པའི་ཐབས་རྒྱ་ཆེར་གསུངས་པའི་དོན། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་ལ་ལི་ཏ་བཛྲ་ས་མཛད་པའི་གཞུང་ཉམས་སུ་བླང་བའི་ཚུལ་བདེ་བར་བཀྲོལ་བ་འདི་ནི། སྔགས་འཆང་བའི་དགེ་སློང་འཕགས་པས་ཤིང་མོ་ཕག་གི་ལོ་ཐ་སྐར་གྱི་ཟླ་བའི་ཚེས་བརྒྱད་ལ། མདོ་ཁམས་ཀྱི་སའི་ཆ་ཙོམ་མདོ་གནས་གསར་ཞེས་བྱ་བར་སྦྱར་བའི་ཡི་གེ་པ་ནི་ཟི་སྟོན་གཞོན་ནུ་དཔལ་ལོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply