གཤེད་དམར་གྱི་སྒྲུབ་ཐབས་འཇིགས་མེད་རྣམ་རོལ་ཚོགས་འཁོར་དང་བཅས་པ།

༼ཕ༽

༄༅། །གཤེད་དམར་གྱི་སྒྲུབ་ཐབས་འཇིགས་མེད་རྣམ་རོལ་ཚོགས་འཁོར་དང་བཅས་པ་བཞུགས།།

༄༅། །དཔལ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་པའི་ཐབས་འཇིགས་པ་མེད་པར་རྣམ་པར་རོལ་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དཔལ་མཆོག་བླ་མ་འཇམ་པའི་དབྱངས། །གདུག་པ་འདུལ་ཕྱིར་གཤིན་རྗེ་ཡི། །གཤེད་དུ་གྱུར་ལ་ཕྱག་འཚལ་ནས། །དེ་ཡི་སྒྲུབ་པའི་རིམ་པ་བཤད། །བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌། འདི་སྒྲུབ་པར་འདོད་པའི་གང་ཟག་གིས། སྟན་བདེ་བ་ལ་བསྡད་ལ། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། གནས་སྐབས་སུ་བདུད་དང༌། གཤིན་རྗེའི་འཇིགས་པ་ཐམས་ཅད་ཞི་བར་བྱ་བའི་དོན་དུ་གཤིན་རྗེ་གཤེད་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ་མོ། །དེ་ནས་རང་གི་སྙིང་གི་ནང་དུ་པདྨ་དང༌། ཉི་མའི་སྟེང་དུ་ཧཱུྃ་དམར་པོ་ལས་འོད་འཕྲོས་པས། ཐོག་མར་རང་གི་ལུས་གང་བས་སྡིག་པ་ཐམས་ཅད་སྦྱངས། དེ་ནས་སྣའི་སྒོ་ནས་འཕྲོས་པའི་འོད་ཀྱིས་མདུན་གྱི་ནམ་མཁར་གཤིན་རྗེ་གཤེད་དམར་པོ། བླ་མ་རྡོ་རྗེ་སེམས་དཔའི་རྣམ་པས་དབུར་བརྒྱན་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། ན་མོ་གུ་རུ་བྷྱཿས་བླ་མ་དང༌། ཤྲཱི་ས་མ་ཏ་རཀྟ་ཡ་མཱ་རི་པཱ་ད་ནཾ་བནྡྷ་ནཾ་ཀ་རོ་མི། ཞེས་པས། གཤིན་རྗེ་གཤེད་ལ་ཕྱག་འཚལ་ནས། ཨོཾ་བཛྲ་ལཱ་སྱ་ཧཱུྃ། ཨོཾ་བཛྲ་མཱ་ལེ་ཏྲཱྃ། ཨོཾ་བཛྲ་གཱིརྟི་ཧྲཱིཿ ཨོཾ་བཛྲ་ནིརྟི་ཨཱཿ ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཏྲྃ། ཨོཾ་བཛྲ་དཱི་པི་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿ ཞེས་བརྗོད་པས། ལྷ་མོ་བརྒྱད་ཀྱིས་མཆོད་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ལ་སོགས་པས་ཡན་ལག་བདུན་པ་ལན་གསུམ་བྱས་པའི་མཐར། ཨོཾ་བཛྲ་མུཿ ཞེས་བརྗོད་པས་ཚོགས་ཀྱི་ཞིང་གཤེགས་སུ་གསོལ་ནས། ཚད་མེད་པ་རྣམ་པ་བཞི་བསྒོམ་པ་ནི་བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་ཕྱི་ནང་གི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམས་ལ། མི་དམིགས་པ་སྟོང་པ་ཉིད་དུ་བསྒོམས་པ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དེ་ནས་སྟོང་པའི་ངང་ལས་སྐད་ཅིག་གིས་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་ཤིན་ཏུ་རྒྱ་ཆེ་བའི་སྟེང་དུ། རང་གི་ཤེས་པ་ཧཱུྃ་དམར་པོ་ལས་རྡོ་རྗེ་སྔོན་པོ་དང་མི་མགོ་སེར་པོས་མཚན་པའི་དབྱུག་པ་དཀར་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་ཐམས་ཅད་གཤིན་རྗེ་གཤེད་དམར་པོར་གྱུར། ཚུར་འདུས་ནས་ཡོངས་སུ་གྱུར་པ་ལས་པདྨ་དང་ཉི་མའི་དཀྱིལ་འཁོར་རྒྱ་ཆེ་བའི་སྟེང་དུ། མ་ཧེ་དམར་པོ་རྭ་དང་རྨིག་པ་སྔོན་པོ་ཤིན་ཏུ་ཁྲོས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པའི་སྟེང་ན་གཤིན་རྗེ་ཁས་ཕུབ་ཏུ་བསྒྱེལ་བའི་སྟེང་དུ། རང་ཉིད་བཅོམ་ལྡན་འདས་གཤིན་རྗེ་གཤེད་སྐུ་མདོག་དམར་པོ། ཞབས་གཡས་པ་བསྐུམ་པས་མ་ཧེའི་རྭའི་བར་དང༌། གཡོན་པ་བརྐྱང་པས་ཚང་རའི་སྟེང་དུ་བརྫིས་པ། ཕྱག་གཡས་པས་རྡོ་རྗེ་དང༌། མི་མགོ་དང་བཅས་པའི་དབྱུག་པ་འཕྱར་ཞིང༌། གཡོན་པས་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང༌། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། དབུ་སྐྲ་སེར་པོ་གྱེན་དུ་འབར་ཞིང་དམར་ལ་ཟླུམ་པའི་སྤྱན་གསུམ་པ། མཆེ་བ་རྣམ་པར་གཙིགས་ཤིང༌། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། སྒེག་པ་དང༌། དཔའ་བ་དང༌། མི་སྡུག་པ་དང༌། དགོད་པ་དང༌། དྲག་ཤུལ་དང༌། འཇིགས་སུ་རུང་བ་དང༌། སྙིང་རྗེ་དང༌། རྔམ་པ་དང༌། ཞི་བའི་གར་གྱི་ཉམས་དགུ་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་རོ་ལངས་མ་སྐུ་མདོག་དམར་མོ་ཕྱག་གཡས་གྲི་གུག་དང༌། གཡོན་པ་ཁྲག་གིས་གང་བའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསྒོམ་མོ། །གཉིས་ཀའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་རང་གིས་བསྒོམས་པ་དང༌། རྗེས་སུ་མཐུན་པ་གཤིན་རྗེ་གཤེད་རིགས་ལྔ་ལ། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་དང༌། ཁྲོ་མོའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲང༌། དེ་རྣམས་ལ་སྔ་མ་བཞིན་དུ་མཆོད་ནས། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་ཆུས་བདག་གི་སྤྱི་བོ་ནས་དབང་བསྐུར་ཞིང༌། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང༌། དབང་བསྐུར་བའི་ཆུ་རྒྱུན་སྤྱི་གཙུག་ནས་ཞུགས་པས། རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པས་སྤྱི་བོར་རྡོ་རྗེ་སེམས་དཔས་དབུར་བརྒྱན་ནས། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས། དབང་གི་ལྷ་དེ་རྣམས་ཡེ་ཤེས་པའི་ཚུལ་གྱིས་རང་ལ་གཉིས་སུ་མེད་པར་བསྟིམ་པ་དང༌། རང་གི་སྙིང་གར་པདྨ་དང༌། ཉི་མའི་སྟེང་དུ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་མཚོན་གང་བ་དང༌། དེའི་ཐུགས་ཀར་ཧཱུྃ་དམར་པོ་ནས་འབྲས་ཙམ་ཏིང་ངེ་འཛིན་སེམས་དཔའ་དམིགས་ནས། ཡུམ་གྱི་བྷ་ག་པདྨ་འདབ་མ་བརྒྱད་པ་དང༌། ཡབ་ཀྱི་གསང་གནས་རྡོ་རྗེ་རྩེ་མོ་ལྔ་པར་བསྐྱེད་ནས། སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེས་ཡབ་ཡུམ་གཉིས་ཀའི་སྐུ་ཡོངས་སུ་གང་ནས་རྗེས་སུ་ཆགས་པ་ལས་བྱུང་བའི་ཟག་པ་མེད་པའི་བདེ་བས་གཉིས་ཀ་མཉེས་པར་བྱས། དེའི་སྟོབས་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་གཉིས་སུ་མེད་པའི་བདེ་བས་མཉེས། སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་ཞི། ཟག་པ་མེད་པའི་བདེ་བ་དང་ལྡན་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །དེ་ནས་ཐིག་ལེ་རྣམས་བ་སྤུའི་བུ་ག་ནས་འོད་ཟེར་གྱི་ཚུལ་དུ་འཕྲོས་པའི་རྩེར། མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་གནས་པས་བདག་ཉིད་ལ་མཆོད་པར་བསམ་ཞིང༌། གོང་དུ་བརྗོད་པའི་སྔགས་རྣམས་དང༌། །གཟུགས་སྒྲ་ལ་སོགས་དྲུག་པོ་འདི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང༌། །ཤེལ་ལ་ཚོན་ནི་ཇི་བཞིན་ནོ། །འདོད་པ་ལྔ་དང་ཆོས་རྣམས་ལ། །རྣལ་འབྱོར་རྟག་ཏུ་སྤྱོད་པར་ཤོག །ཨ་ལ་ལ་ཧོ། རོལ་དུ་གསོལ། གནས་པར་མཛོད། མི་འཛིན་སྒྱུ་མ་ལྟ་བུ་ལ། །དགྱེས་པའི་གར་གྱིས་རོལ་པར་མཛོད། །རེག་བྱ་འགག་པ་མེད་པ་ལ། །མིག་ཡོར་བཞིན་དུ་རོལ་དུ་གསོལ། །ཧོ་ཆགས་པ་མེད་བཞིན་ཆགས་པར་མཛོད། །ཅེས་བརྗོད་ཅིང་མཆོད་ནས། སླར་ཡང་དེ་དག་ཉིད་ཀྱིས། ཀྱེ་ཀྱེ་གཤིན་རྗེ་གཤེད་དམར་པོ། །བླ་མ་སྲིན་པོའི་གཟུགས་རང་བཞིན། །ཁྱོད་མཐོང་བ་ན་བདག་འཇིགས་ཏེ། །བླ་མ་ཁྲོ་བོའི་རང་བཞིན་སྤངས། །ཁྱོད་ཀྱིས་གར་མཛད་ས་སྟེང་དང༌། །ས་བླ་དང་ནི་ས་འོག་གཡོ། །ཆགས་པས་བརྒྱན་པ་ཁྲོ་བོའི་ཡིད། །གར་མཛད་ཁྱོད་ནི་རོ་ལངས་གཟུགས། །སྐུ་ལུས་སྦོམ་ཐུང་དམར་པོ་སྟེ། །རྣམ་པ་སྣ་ཚོགས་སྐུ་སྤྲུལ་ཞིང༌། །རྡོ་རྗེ་དབྱངས་ཅན་མ་ཡིས་འཁྱུད། །གར་མཛད་ཁྱོད་ནི་བདེ་བ་ཆེ། །ཁྱོད་ཀྱི་ཧྲཱིཿཥྚྲཱིའི་གསང་སྔགས་ཀྱིས། །ས་གསུམ་པོའི་འཁྲུལ་པ་སེལ། །རྗེ་བཙུན་སྙིང་རྗེ་ཡིས་ནི་ཁྲོ། །གར་མཛད་འཇིག་རྟེན་ཁྱོད་གཟིགས་འདུད། །ཅེས་པས་བསྟོད་ནས། མཆོད་པའི་ལྷ་མོ་དེ་རྣམས་རང་གི་སྙིང་གར་བསྡུས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །དེ་ནས་ལྷའི་སྐུ་སེམས་དཔའ་སུམ་བརྩེགས་དེ་ཉིད་ལ་དམིགས་ལ་ཡིད་མཉམ་པར་གཞག་གོ །བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པ་བསྒོམ་པར་འདོད་ན། གཞན་དང་མཚུངས་པར་བསྒོམས་དང་འགལ་བ་ནི་མེད་དོ། །འདིའི་བླ་མ་བརྒྱུད་པའི་མན་ངག་གིས་ནི་འོད་གསལ་བསྒོམ་པ་ཉིད་ལ་གཙོ་བོར་མཛད་དོ། །དེའི་རིམ་པ་ནི། རང་གི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཕོག་ཅིང༌། དེ་རྣམས་བསྡུས་ནས་གདན་དང་བཅས་པ་རང་ལ་ཐིམ། རང་ཡང་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ལ། ཧཱུྃ་ཡང་ནམ་མཁའ་ལ་འཇའ་ཚོན་ཡལ་བ་ལྟར་མི་དམིགས་པར་གྱུར་ནས་སྟོང་པ་ཉིད་འོད་གསལ་བའི་ངང་ལ་མཉམ་པར་གཞག་གོ །རྫོགས་པའི་རིམ་པའོ། །དེ་ནས་མཉམ་གཞག་ལས་ལྡང་བའི་ཚེ། ཧཱུྃ་ཞེས་བརྗོད་པས་བདག་ཉིད་གཤིན་རྗེ་གཤེད་སྣོད་བཅུད་ཐམས་ཅད་དེ་བཞིན་གཤེགས་པའི་ངོ་བོའི་དཀྱིལ་འཁོར་དུ་སྐད་ཅིག་གིས་བལྟ་བར་བྱའོ། །དེ་ནས་སྔགས་ཟློ་བར་འདོད་པའི་ཚེ། རང་གི་སྙིང་གར་ཏིང་ངེ་འཛིན་སེམས་དཔའ་མཐའ་མར་སྔགས་ཀྱི་ཕྲེང་བས་གཡས་སྐོར་དུ་འཁོར་བའི་འོད་ཀྱི་རང་གི་ལུས་ཀྱི་ནང་ཡོངས་སུ་གང་བས་སྡིག་པ་དང༌། སྒྲིབ་པ་ཐམས་ཅད་སྦྱངས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས། ཕྱིར་འཕྲོས་པས་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ཚར་བཅད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཞི་བར་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྒྱུད་བསྐུལ་ནས་དེ་དག་གི་ཡེ་ཤེས་དང༌། བྱིན་རླབས་ཡིག་འབྲུའི་རྣམ་པས་སྤྱན་དྲངས་པ་རང་གི་སྙིང་གར་ཐིམ་པར་བསམ་ཞིང༌། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའི་སྔགས་སོ། །ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཉེ་བའི་སྙིང་པོའོ། །དེ་དག་ཇི་སྲིད་ནུས་ཀྱི་བར་དུ་བཟླས་པར་བྱའོ། །གྲངས་ཀྱི་བསྙེན་པའི་ཚད་ནི། སྙིང་པོ་ལ་འབུམ་ཕྲག་བཅུ་བཞི་དང༌། ཉེ་བའི་སྙིང་པོ་ལ་འབུམ་ཕྲག་བདུན་ནོ། །མཆོག་བསྒྲུབ་པ་ལ་ནི་ཚད་མེད་དོ། །བཟླས་པའི་རྣལ་འབྱོར་རོ། །སྤྱོད་ལམ་སྣ་ཚོགས་ལ་འཇུག་པའི་ཚེ། བདག་ཉིད་གཤིན་རྗེ་གཤེད་ཡབ་ཡུམ་དང༌། སྣང་བ་ཐམས་ཅད་དེ་བཞིན་གཤེགས་པའི་སྐུར་བསྒོམས་ནས། ཨོཾ་ཞེས་བྱ་བ་དང༌། བརྗོད་པ་དང་གྲག་པ་ཐམས་ཅད་སྔགས་སུ་བསྒོམས་ནས། ཨཱཿཞེས་བྱ་བ་དང༌། སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་བར་བསམས་ལ། ཧཱུྃ་ཞེས་བརྗོད་ནས་དེ་དག་ཐམས་ཅད་ཀྱང་རྣམ་པ་སྒྱུ་མ་ལྟར་གསལ་བར་སྣང་ལ། རང་བཞིན་སྟོང་པ་ཉིད་དུ་ལྷུན་གྱིས་གྲུབ་པ་ངོ་བོ་ཟུང་འཇུག་ཏུ་གནས་པར་ཤེས་པས། ལྷས་ལྷ་ལ་མཆོད་པར་བསམ་ཞིང༌། འདོད་པའི་ཡོན་ཏན་ཐམས་ཅད་ལ་སྡང་ཞེན་མེད་པར་ལོངས་སྤྱོད་དོ། །སྤྱོད་ལམ་གྱི་རྣལ་འབྱོར་རོ། །ཉལ་བའི་རྣལ་འབྱོར་ནི་འོད་གསལ་ལ་འཇུག་པ་དང་འདྲ་ཞིང༌། ལྡང་བའི་རྣལ་འབྱོར་ནི་འོད་གསལ་ལས་ལྡང་བ་དང་འདྲ་ལ། རྗེས་སུ་ཆགས་པའི་རྣལ་འབྱོར་ནི། བསྐྱེད་རིམ་གྱི་སྐབས་ཀྱི་བདེ་བ་ཆེན་པོ་བསྒོམ་པའི་ཚུལ་དང་འདྲ་བ་ཉིད་དོ།།  །།ཚོགས་ཀྱི་འཁོར་ལོ་བྱེད་པར་འདོད་པས། རྟེན་དང་ནང་གི་མཆོད་པ་དང༌། ཆུ་གཉིས་སྔོན་དུ་འགྲོ་བའི་ཕྱིའི་མཆོད་པ་དང༌། གཏོར་མ་གསུམ་དང༌། གཞན་ཡང་འདིར་མཁོ་བའི་ཡོ་བྱད་རྣམས་སྟ་གོན་བྱས་ནས། རིམ་པ་གཉིས་བཟླས་པ་དང་བཅས་པ་རྫོགས་པ་དང༌། ཡི་གེ་བདུན་པའི་སྔགས་ཀྱིས་མཆོད་པ་རྣམས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡི་གེ་གསུམ་ལས་བྱུང་བའི་མཆོད་པའི་རྫས་བསམ་གྱིས་མི་ཁྱབ་པ་བསྐྱེད་ནས། སོ་སོའི་སྔགས་ཀྱི་བྱིན་གྱིས་བརླབ་བོ། །དེ་ནས་མདུན་དུ་དམིགས་པའི་རྟེན་ཡོད་དམ། མེད་ཀྱང་རུང༌། བདག་བསྐྱེད་ཇི་ལྟ་བ་བཞིན་དུ་བསྒྲུབས་པའི་བཅོམ་ལྡན་འདས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་དམིགས་ནས། རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲུལ་པ་རྣམས་ཀྱིས། གོང་གི་མཆོད་རྫས་ཐོགས་ནས་མཆོད་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་རཀྟ་ཡ་མཱ་རི། ཞེས་ཀུན་ལ་སྦྱར་ལ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་ཞལ་བསིལ། བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་བདུག་སྤོས། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི། བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་གིས་ཞལ་ཟས། བཛྲ་ཤབྡ་ཨཱཿཧཱུྃ་གིས་རོལ་མོ་རྣམས་ཕུལ་ལ། ནང་གི་མཆོད་པ་གཏོར་མ་ལྟར་བྱིན་གྱིས་བརླབས་ནས། མཐེབ་སྲིན་གྱི་ཐོར་མས་ཕུལ་ལ་ཐོད་པ་བདུད་རྩིས་གང་བ་དཔག་ཏུ་མེད་པར་གྱུར་པས་མཆོད་པར་བསམ་ཞིང༌། ཐོག་མར་རྩ་བའི་བླ་མ་ལ་དབུལ། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད། སློབ་དཔོན་བིརྺ་པ། ཌོཾ་བི་ཧེ་རུ་ཀ དཔལ་འཛིན། ཛ་ཡ་རི་པ། བཱི་ར་ཌི་པ། གམྦྷི་ར་མ་ཏི། ནིཥྐ་ལངྐ་དེ་ཝ། ར་ཝན་པྲ་བྷ། བླ་མ་ཤེས་རབ་རིན་ཆེན། ཞེས་བརྒྱུད་པའི་བླ་མ་དང༌། ཡི་དམ་གྱི་ལྷ་རྣམས་ལ་ཕུལ་ནས། རང་གི་ལྕེ་དང༌། དཔྲལ་བ་དང༌། མགྲིན་པ། སྙིང་ག་རྣམས་སུ་རེག་པས་ལུས་ཀྱི་ལྷ་མཆོད་ནས། ཆོས་སྐྱོང་དང༌། འཇིག་རྟེན་པ་རྣམས་ལའང་མཆོད་པར་བྱའོ། །དེ་ནས་འདོད་པའི་ལོངས་སྤྱོད་ཐམས་ཅད་དང༌། ཟག་པ་མེད་པའི་བདེ་བས་མཆོད་པར་བསམ་ཞིང༌། གཟུགས་སྒྲ་ལ་སོགས་དྲུག་པོ་འདི། །ཞེས་པ་ལ་སོགས་པས་མཆོད་ནས། བདག་དང་མཆོད་པའི་ལྷ་མོ་ཉིད་ཀྱིས་བསྟོད་པར་བསམ་ཞིང༌། ཀྱེ་ཀྱེ་གཤིན་རྗེ་གཤེད་དམར་པོ། །ཞེས་པ་ལ་སོགས་པས་བསྟོད་ནས། མཆོད་པའི་ལྷ་མོ་དེ་དག་ཚོགས་ཀྱི་ཞིང་གི་ཐུགས་ཀར་ཐིམ་པར་བསམ་མོ། །དེ་ནས་གཏོར་མ་སྦྱང་བའི་དང་པོ་ཡི་གེ་བདུན་པས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཀྃ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨཱཿལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤར་དུ་གོ་ལས་བ་ལང་གི་ཤ ལྷོར་ཀུ་ལས་ཁྱིའི་ཤ ནུབ་ཏུ་ད་ལས་རྟའི་ཤ བྱང་དུ་ཧ་ལས་གླང་པོ་ཆེའི་ཤ དབུས་སུ་ན་ལས་མིའི་ཤ དེ་རྣམས་ཀྱི་སྟེང་དུ། ཤར་དུ་བི་ལས་དྲི་ཆེན། དབུས་སུ་མུ་ལས་དྲི་ཆུ། ནུབ་ཏུ་ཤུ་ལས་བྱང་ཆུབ་ཀྱི་སེམས། བྱང་དུ་མ་ལས་ཤ་ཆེན་གྱི་དྭངས་མ། ལྷོར་ར་ལས་རཀྟ་དང༌། དེ་རྣམས་ཀྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དང༌། མི་མགོས་མཚན་པའི་དབྱུག་པ་བསྐྱེད་ནས། དེ་ལས་འོད་འཕྲོས་པས་རླུང་གཡོས། མེ་སྦར། ཤ་ལྔ་བདུད་རྩི་ལྔ་བཞུ་ནས་ཁ་དོག་དམར་ཞིང་རེག་བྱ་ཚ་བར་གྱུར། ཡང་དབྱུག་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་པ་དབྱུག་པ་དང་བཅས་པ་ཐོད་པའི་ནང་དུ་བབས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཁ་དོག་དཀར་ཞིང༌། རེག་བྱ་བསིལ་བ། དྲི་དང༌། རོ་དང༌། ནུས་པ་ཕུན་སུམ་ཚོགས་པར་གྱུར་ནས། ཨོཾ་ཨཱཿཧཱུྃ། ཞེས་ཡང་ཡང་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་གཏོར་མའི་མགྲོན་དུ། དཔལ་གཤིན་རྗེ་གཤེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་པར་བསམ་ཞིང༌། ཨོཾ་ཧྲཱིཿཧཿབྷོ་མ་ཧཱ་ཀྲོ་དྷ་ཨཱ་གཙྪ་ཨཱ་གཙྪ། པྲ་སཱ་དེ་པཱུ་ཛཾ་པྲ་ཏི་གྲྀཧྞ་པྲ་སཱ་དཾ་མ་དི་མ་ནཾ་ཀུ་རུ་སྭཱ་ཧཱ། ཞེས་པས་སྤྱན་དྲངས་པར་བསམ་ཞིང༌། ཚོགས་ཀྱི་ཞིང་ལ་གཉིས་སུ་མེད་པར་བསྟིམ་པའི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་བས་གསོལ་བར་བསམ་ཞིང༌། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་རཀྟ་ཡ་མཱ་རི་ཨི་མཾ་བ་ལིཾ་གྲྀཧྞ་མ་མ་བིགྷྣཱན་ཧ་ར་ཧ་ར་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་གསུམ་མམ་བདུན་གྱིས་དབུལ། སྔ་མ་བཞིན་དུ་མཆོད་ནས་འདོད་པའི་དོན་གསོལ་བ་གདབ་པར་བྱའོ། །གཉིས་པ་རྡོ་རྗེ་ནག་པོ་ཆེན་པོ་ལ་དབུལ་ལོ། །གསུམ་པ་མཁའ་འགྲོ་སྤྱི་གཏོར་བཞིན་བྱིན་གྱིས་བརླབས་ལ། རང་གི་སྙིང་ག་ནས་འོད་འཕྲོས་པས། ཕྱོགས་སྐྱོང་བཅུ། ཉི་ཟླ་དང༌། ཐག་ཟངས་རིསདང༌། ཁྱབ་འཇུག་དང་བཅས་པའི་ཕྱོགས་སྐྱོང་བཅུ་བཞི་སྤྱན་དྲངས་ལ། གཤིན་རྗེ་གཤེད་ཀྱི་འཁོར་དུ་བསྐོར་བར་བསམས་ནས། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་འོད་འཕྲོས་པས་ཕྱོགས་སྐྱོང་བཅུ་བཞི་ལ་ཕོག་པས། བཅོམ་ལྡན་འདས་ཀྱི་རྣམ་པར་གྱུར་པ་རྣམས་ལ་གཏོར་མ་ཕུལ་བར་བསམ་ཞིང༌། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧི་ཧི་ཧི། ཧཱུྃ་ཧཱུྃ་ཧཱུྃ། ཕེཾ་ཕེཾ་ཕེཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ་ནས་འདོད་པའི་དོན་ལ་གསོལ་བ་གདབ་བོ། །དེ་ནས་ཚོགས་ཀྱི་ཡོ་བྱད་མངོན་དུ་བྱས་པ་གཏོར་མ་ལྟར་བྱིན་གྱིས་བརླབས་ཤིང༌། ནང་མཆོད་ཀྱིས་བྲན་ནས། ཡོ་བྱད་རྣམས་བཏེག་པའམ། བཏེག་པར་མོས་ལ་མདུན་བསྐྱེད་དང༌། བདག་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་ལ་ཕུལ་བར་བསམ་ཞིང༌། གཟུགས་སྒྲ་ལ་སོགས་དྲུག་པོ་འདི། །ཞེས་པ་ལ་སོགས་པ་ལན་གསུམ་དུ་བརྗོད་དོ། །དེ་ནས་ཕུད་དབུལ་བ་དང༌། དམ་ཚིག་དྲང་བ་གཞན་དང་འདྲ་ལ། ཕུད་ཀྱིས་ནང་མཆོད་ཀྱི་སྐབས་ལྟར་མཆོད་ནས། སླར་ཡང་རང་ཉིད་གཤིན་རྗེ་གཤེད་དུ་གསལ་བར་དམིགས་པའི་ལྟེ་བ་ནས་གཏུམ་མོའི་མེ་འབར་བས་ལུས་ཀྱི་ནང་ཐམས་ཅད་གང་བའི་སྙིང་གར་གཤིན་རྗེ་གཤེད། བླ་མ་རིགས་ཀྱི་བདག་པོའི་རྣམ་པས་དབུར་བརྒྱན་པའི་མཐའ་མ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་དང༌། ལྟོ་བར་ཕྱོགས་སྐྱོང་བཅུ་བཞི་ལ་འཇིག་རྟེན་པའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་དམིགས་ལ། ལག་པ་གཉིས་དགང་བླུགས་ཀྱི་སྦྱོར་བས་ཁ་ཧོམ་ཁུང་དུ་ཕུལ་བས། འཕགས་པ་མཆོད་པ་དང༌། སེམས་ཅན་ཚིམ་པར་བསམ་ཞིང༌། ཟས་ལ་མ་ཞེན་པར་ལོངས་སྤྱོད་དོ། །ལྷག་མའི་གཏོར་མ་འབར་བའི་ཕྱག་རྒྱའི་ནང་ནས་ཆང་གི་ཁ་ཕྲུ་བཏབ་ནས། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས་ཏེ། ལྷག་མ་ལ་དབང་བའི་འབྱུང་པོ་ཐམས་ཅད་མདུན་དུ་དམིགས་པ་ལ་བྱིན་པར་བསམ་ཞིང༌། ཨོཾ་ཨུ་ཙིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་བྱིན་ནས། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང༌། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱིས་དེང་འདིར་གསོལ། །ཞེས་ཤེས་པ་བརྗོད་ནས། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐངས་ལ། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་བ། །དེས་ནི་སངས་རྒྱས་ཉིད་ཐོབ་ཤོག །ཅེས་སྨོན་ལམ་བཏབ་ནས། རྟེན་ཡོད་ན་གཤེགས་སུ་མི་གསོལ་ཞིང༌། མེད་ན་བཛྲ་མུཿས་གཏོར་མའི་མགྲོན་དང་བཅས་པ་གཤེགས་སུ་གསོལ། ལས་ཀྱི་རྗེས་བསྡུས་ནས། རང་གི་གནས་བསྲུངས་ལ་ཅི་བདེ་བར་སྤྱད་དོ། །མཆོད་པའི་རིམ་པའོ། །རྗེས་ཀྱི་བྱ་བ་རྣམས་ཀྱང་གཞན་དང་འདྲ་བ་ཉིད་དོ། །ཚོགས་ཀྱི་འཁོར་ལོ་དང་མ་འབྲེལ་བའི་ཁ་ཟས་ཀྱི་རྣལ་འབྱོར་ཡང་གོང་དུ་བསྟན་པའི་ཚུལ་ཉིད་ཀྱིས་བྱའོ། །དམ་ཚིག་དང་སྡོམ་པ་ལ་གནས་ན་འདི་ལྟར་སྤྱོད་པའི་རྣལ་འབྱོར་པ་ནི་རིང་པོར་མི་ཐོགས་པར་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་ཞིང༌། ཐུན་མོང་གི་དངོས་གྲུབ་ནི་ཞར་ལས་འགྲུབ་པ་ཉིད་དོ། །དཔལ་འབྱོར་ཀུན་མཆོག་བདེ་དང་གྲོལ་བ་སྟེ། །དེ་ཡི་རྩ་བ་ཤེས་རབ་ཁོ་ན་ཡིན། །འཚེ་བའི་མཐར་ཐུག་བདུད་དང་གཤིན་རྗེ་སྟེ། །དེ་ཡི་རྩ་བ་མ་རིག་པ་ལས་བྱུང༌། །དེ་ཕྱིར་ཞི་བས་ཤེས་རབ་སྐྱེད་བྱེད་ཅིང༌། །ཁྲོ་བར་གྱུར་པས་ཉེས་པ་དྲུངས་འབྱིན་པ། །འཇམ་པའི་དཔལ་དང་དཔལ་མགོན་གཤིན་རྗེ་གཤེད། །ཞི་དང་ཁྲོ་དང་གཉིས་ཀ་ཟུང་འཇུག་ཏུ། །ཐུབ་པ་ཉིད་ཀྱིས་རྣམ་པར་འཕྲུལ་པ་གང༌། །གདུལ་བྱ་འཕགས་པའི་སྐྱེས་མཆོག་ལས་བརྒྱུད་ནས། །བརྒྱུད་པ་མཆོག་ནས་མཆོག་ལ་བརྒྱུད་གྱུར་ཏེ། །ཀུན་གྱི་བྱིན་བརླབས་མན་ངག་ལ་འབབ་ཅིང༌། །དེ་ཡང་དེ་འདྲར་མཁྱེན་པའི་མཁྱེན་བཟང་ཞིང༌། །དེ་སོགས་དེ་འདྲར་འདུན་པའི་འདུན་པ་ཅན། །ཇིམ་གྱིམ་གྱིས་ནི་རྒྱལ་ལ་རྒྱལ་སྲས་བཞིན། །བདག་ལ་བསྐུལ་ནས་བསྐུལ་བཞིན་བདག་གིས་སྦྱར། །སྦྱར་བའི་དགེ་དང་དགེ་བ་དེ་ལས་གཞན། །གཞན་དང་བདག་གིས་བདག་གིར་བྱས་པ་གང༌། །གང་ཡོད་དེ་ཡིས་དེ་དང་དེ་དག་ཀུན། །ཀུན་མཁྱེན་ཀུན་བཟང་ཀུན་ནས་ཐོབ་གྱུར་ཅིག །དཔལ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་པའི་ཐབས། འཇིགས་པ་མེད་པར་རྣམ་པར་རོལ་པ་ཞེས་བྱ་བ་འདི་ནི། བླ་མ་དགེ་བའི་བཤེས་གཉེན་གློ་བོ་ལོ་ཙཱ་བ་ལས་ཐོབ་པ་དང༌། ཐོས་པ་བཞིན་དགེ་སློང་སྔགས་འཆང་བ་འཕགས་པ་ཞེས་བྱ་བས་ས་མོ་སྦྲུལ་གྱི་ལོ་དཔྱིད་ཟླ་ར་བ་ལ་ཅོང་ཏོའི་ཕོ་བྲང་སར་པའི་དག་བྱེད་ཁྲུས་ཁང་གི་གླིང་དུ་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*