གཤེད་དམར་ལྷན་སྐྱེས་ཀྱི་སྒྲུབ་ཐབས།

༼ཕ༽

༄༅། །གཤེད་དམར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་བཞུགས།།

༄༅། །དཔལ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །འདི་བསྒོམ་པར་འདོད་པས། སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལན་གསུམ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་དཔལ་གཤིན་རྗེ་གཤེད་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ། དེ་ནས་རང་གི་སྙིང་གི་ནང་དུ། པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་དམར་པོ་བསྒོམས་པ་ལས་འོད་ཟེར་འཕྲོས་པས་རང་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་པས། རང་གཤིན་རྗེ་གཤེད་དུ་གྱུར་པ་ནི། པདྨ་དང་ཉི་མའི་སྟེང་དུ་མ་ཧེ་དམར་པོའི་གདན་ལ་བཞུགས་པ་ནི། གཤིན་རྗེ་གཤེད་སྐུ་མདོག་དམར་པོ། ཞབས་གཡས་བསྐུམ་པས་མ་ཧེའི་རྭ་བར་དང༌། གཡོན་བརྐྱང་བས་ཚང་རའི་སྟེང་ན་བརྫིས་པ། ཕྱག་གཡས་པས་རྡོ་རྗེ་དང་མི་མགོ་དང་བཅས་པའི་རྡོ་རྗེ་དབྱུག་ཏོ་འཕྱར་ཞིང༌། གཡོན་པས་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང༌། ཀླུ་ཆེན་པོ་བརྒྱད་ཀྱི་རྒྱན་གྱིས་བརྒྱན་པ། དབུ་སྐྲ་སེར་པོ་གྱེན་ལ་འབར་ཞིང༌། དམར་ལ་ཟླུམ་པའི་སྤྱན་གསུམ་པ། མཆེ་བ་རྣམ་པར་གཙིགས་པ། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། དེའི་པང་ན་ཡུམ་རྡོ་རྗེ་རོ་ལངས་མ་སྐུ་མདོག་དམར་མོ། །ཕྱག་གཡས་པས་གྲི་གུག་དང༌། གཡོན་པས་ཁྲག་གིས་གང་བའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསྒོམ། གཉིས་ཀའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །དེ་ནས་སྙིང་ག་ནས་འོད་འཕྲོས་པས། གཤིན་རྗེ་གཤེད་རིགས་ལྔ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱ་དྱཾ། བཛྲ་པུཥྤེ་ཨཱཿཧཱུྃ། བཛྲ་དཱི་པེ་ཨཱཿཧཱུྃ། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། བཛྲ་གྷནྡྷེ་ཨཱཿཧཱུྃ། བཛྲ་ནཻ་བི་དྱེ་ཨཱཿཧཱུྃ། བཛྲ་ཤབྡ་ཨཱཿཧཱུྃ་གིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་དེ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར་ཞིང༌། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་གི་ཆུ་རྒྱུན་དེས་རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པས། སྤྱི་བོར་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་བསམ། དེ་ནས། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས། དབང་གི་ལྷ་དེ་རྣམས་ཡེ་ཤེས་པའི་ཚུལ་གྱིས་རང་ལ་བསྟིམ་པས་རང་གི་སྙིང་གར་ཉི་མའི་སྟེང་དུ། རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་མཚོན་གང་བ་དང༌། དེའི་ཡང་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་སྔོན་པོ་ནས་འབྲུ་ཙམ་ཞིག་བསམས་ནས། སེམས་དཔའ་གསུམ་པོ་དེ་ལ་དམིགས་ལ་ཡིད་མཉམ་པར་གཞག་གོ །དེ་ནས་སྔགས་བཟླ་བར་འདོད་ན་སྙིང་གའི་ཧཱུྃ་གི་མཐའ་མ་ལ། སྔགས་ཀྱི་ཕྲེང་བ་གཡས་ཕྱོགས་སུ་འཁོར་བའི་འོད་ཀྱིས་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་བསྐུལ་བར་བསམ་ཞིང༌། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་པ་བཟླའོ། །གཏོར་མ་ལེགས་པར་བཤམས་ལ། ཨོཾ་ཨཱཿཧཱུྃ། ཞེས་ཡང་ཡང་བརྗོད་པས། རྒྱ་མཚོ་ཆེན་པོར་བྱིན་གྱིས་བརླབས་ནས། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། གཤིན་རྗེ་གཤེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ལ། དེ་རྣམས་ལ་གཏོར་མ་ཕུལ་བས་གསོལ་བར་བསམ་ཞིང༌། ཨོཾ་རཏྐ་ཡ་མ་ཨ་རི། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དབུལ། འདོད་པའི་དོན་གསོལ་བ་བཏབ་ནས། ཨོཾ་བཛྲ་མུཿ ཞེས་བརྗོད་ནས་གཤེགས་སུ་གསོལ། ཁ་ཟས། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས་ནས། རང་གི་ལུས་ཀྱི་དེ་བཞིན་གཤེགས་པ་མཆོད་པའི་བསམ་པས་བཟའ་བར་བྱའོ། །ཉལ་པའི་ཚེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་ལ་ཉལ་ཞིང༌། ལྡང་བའི་ཚེ། ལྷའི་ང་རྒྱལ་གྱིས་ལངས་ནས། སྤྱོད་ལམ་ཐམས་ཅད་ལྷའི་ང་རྒྱལ་གྱིས་ཅི་བདེར་སྤྱད་དོ། །གཤིན་རྗེ་གཤེད་དམར་སྒྲུབ་པའི་ཐབས། །སྔགས་འཆང་འཕགས་པས་སྦྱར་ནས་ནི། །རྒྱལ་བུ་མངྒ་ལ་ལ་ཕུལ། །དགེ་དེས་སངས་རྒྱས་ཐོབ་པར་ཤོག །གཤིན་རྗེ་གཤེད་དམར་ལྷན་ཅིག་སྐྱེས་པའི་སྒྲུབ་པའི་ཐབས་ས་ཕོ་འབྲུག་གི་ལོ་ཁྱིའི་ཟླ་བའི་ཚེས་བཅོ་ལྔའི་ཉིན་པར་ཅོང་ཏོར་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*