༼ཕ༽
༄༅། །འོད་དཔག་མེད་ཀྱི་སྒོ་ནས་སྡིག་པ་སྦྱོང་བའི་ཐབས་བཞུགས།།
༄༅། །བླ་མ་དང་འཇམ་པའི་དབྱངས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སངས་རྒྱས་འོད་དཔག་ཏུ་མེད་པའི་སྒོ་ནས་སྡིག་པ་སྦྱོང་ཞིང་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་འདོད་པའི་རྣལ་འབྱོར་པས་སྟན་བདེ་བ་ལ་བསྡད་ནས། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་འོད་དཔག་ཏུ་མེད་པ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་རང་འདུག་པའི་འཇིག་རྟེན་གྱི་ཁམས་དེ་བདེ་བ་ཅན་ཡིན་ལ། རང་གི་མདུན་ན་རིན་པོ་ཆེའི་ཁྲི་ཆེན་པོ། པདྨ་དང་ཟླ་བའི་གདན་དང་བཅས་པའི་སྟེང་ན། སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པར་བསམ། དེ་ལ། ན་མོ་བྷ་ག་ཝ་ཏེ་ཨ་མི་ཏཱ་བྷཱ་ཡ། ཞེས་པས་ཕྱག་འཚལ། མེ་ཏོག་ལ་སོགས་པས་མཆོད་པར་བསྒོམས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་སྐྱབས་སུ་མཆིའོ། །སྡིག་པ་ཐམས་ཅད་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དགེ་བའི་རྩ་བ་འདིས་སངས་རྒྱས་འོད་དཔག་ཏུ་མེད་པའི་གོ་འཕང་ཐོབ་པར་གྱུར་ཅིག ཅེས་ཡན་ལག་བདུན་པ་ལན་གསུམ་བྱ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པས་བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱང་ཞིང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེས་ནས་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་མཛད་དུ་གསོལ། ཞེས་པ་ལན་གསུམ་དུ་གསོལ་བ་གདབ་པ་དང༌། དེ་ནས་དབུགས་ཕྱིར་རྒྱུ་བའི་ཚེ་རང་གི་རྣམ་པར་ཤེས་པ་སྣ་བུག་གཡོན་པ་ནས་འཐོན། བཅོམ་ལྡན་འདས་ཀྱི་ཤངས་བུག་གཡས་སུ་ཞུགས་ནས་ཐུགས་ཀར་ཐིམ། ནང་དུ་འཇུག་པའི་ཚེ་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་འོད་ཟེར་ཅིག་ཤངས་བུག་གཡོན་ནས་འཐོན། རག་གི་སྣ་བུག་གཡས་ནས་ཞུགས་ཏེ་སྙིང་གར་ཐིམ། དེ་ལྟ་བུ་གྲངས་མི་བཟུང་བར་ཅི་ཙམ་ནུས་ཀྱི་བར་དུ་བྱ། མཐར་དབུགས་ནང་དུ་འཇུག་པ་དང་བསྟུན་ནས། བཅོམ་ལྡན་འདས་རང་ལ་ཐིམ་པས་རང་ཉིད་ཀྱང་འོད་དཔག་ཏུ་མེད་པར་གྱུར་པར་བསྒོམ་པ་ནི་རིན་པོ་ཆེའི་ཁྲི། པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཀྱིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་ཤིང༌། སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུར་བསྒོམས་པ་ལ་དམིགས་པ་གཏད་དེ། ཨོཾ་ཨ་མི་ཏཱ་བྷཱ་ཧྲཱིཿསྭཱ་ཧཱ། ཞེས་ཅི་ནུས་སུ་བཟླ། དེ་ནས། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །ཅེས་བསྔོ་བ་བྱས་ནས། ཨོཾ་བཛྲ་མུཿ ཞེས་པས་རང་ལ་བསྟིམ་པའི་སངས་རྒྱས་བདེ་བ་ཅན་དུ་གཤེགས་པར་བསམས་ལ། རང་གི་དཔྲལ་བ། མགྲིན་པ། སྙིང་ག་རྣམས་སུ་ཨོཾ་ཨཱཿཧཱུྃ་བཀོད་པས་བསྲུངས་ལ་ཅི་བདེར་སྤྱད་དོ། །གནས་སྐབས་ཐམས་ཅད་དུ་རང་འདུག་པའི་གནས་དེ་བདེ་བ་ཅན་གྱི་ཞིང་ཁམས་སུ་བསམས་ལ། རྟག་ཏུ་སངས་རྒྱས་འོད་དཔག་ཏུ་མེད་པ་དང་མི་འབྲལ་བར་བསྒོམ། འགྲོ་བའི་ཚེ་རང་གི་མདུན་ན་སངས་རྒྱས་འོད་དཔག་ཏུ་མེད་པ་བཞུགས་པའི་ཕྱོགས་སུ་འགྲོ་བར་བསམ་མོ། །དེ་ལྟར་རྟག་ཏུ་རྣལ་འབྱོར་དུ་བྱས་ན་ཚེ་འདི་ལ་ཚེ་རིང་ཞིང་བར་ཆད་ཞི་བ་དང༌། སྐྱེ་བ་ཕྱི་མ་ལ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །རྗེ་བ་རི་ལོ་ཙཱ་བ་ལས་བརྒྱུད་པ། ཆོས་རྗེ་ས་སྐྱ་པའི་མན་ངག་ཟབ་མོ་འདི་ནི་རང་གི་སློབ་མ་དོ་ད་ཞེས་བྱ་བའི་དོན་དུ། འཕགས་པས་ཤིང་ཕོ་ཁྱིའི་ལོ་སྨིན་དྲུག་གི་ཟླ་བའི་ཚེས་ཉི་ཤུ་གསུམ་ལ་སྐུ་ཞོང་བོང་ལུང་བར་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply