༼ཕ༽
༄༅། །ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་བཞུགས།།
༄༅། །བླ་མ་དང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ཕྱག་ན་རྡོ་རྗེ་བསྒོམ་པར་འདོད་པས། སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཕྱག་ན་རྡོ་རྗེ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་རང་གི་སྙིང་གི་ནང་དུ་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་བསྒོམས་པ་ལས་འོད་དཔག་ཏུ་མེད་པ་འཕྲོས་པས་སྤྱི་གཙུག་ནས་རྐང་པའི་མཐིལ་གྱི་བར་གྱི་ལུས་ཐམས་ཅད་གང༌། སྡིག་སྒྲིབ་ཐམས་ཅད་སྦྱངས་ནས། རང་ཉིད་ཕྱག་ན་རྡོ་རྗེར་གྱུར་པ་ནི། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བས་འགྱིང་བག་དང་བཅས་ཏེ་བཞེངས་པ། སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པ་ཐུགས་ཀར་སྡིགས་མཛུབ་མཛད་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་ཤིང༌། ཀླུ་ཆེན་པོ་བརྒྱད་དང༌། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མི་བསྐྱོད་པས་དབུར་བརྒྱན་ཞིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ་ནས། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་དེ་ཉིད་ལ་ཡིད་གཏད་དེ་མཉམ་པར་གཞག་གོ །དེ་ནས་སྔགས་ཟློ་བར་འདོད་ན། རང་གི་སྙིང་གི་ནང་དུ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་རང་གི་ཤེས་པ་ཡེ་ཤེས་ལྔའི་ངོ་བོ་ཡི་གེ་ཧཱུྃ་དུ་བསྒོམས་པའི་མཐའ་མར་སྔགས་ཀྱི་ཕྲེང་བས་འཁོར་བའི་འོད་ཀྱིས། ཐོག་མར་བདག་གི་སྡིག་སྒྲིབ་དང་གདོན་སྦྱངས། འོད་ཕྱི་རོལ་དུ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཤིང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་བསྐུལ་བས་བདག་ལ་བྱིན་གྱིས་རློབ་པར་བསམ་ཞིང༌། ཨོཾ་ནཱི་ལཱམྦར་དྷ་ར་བཛྲ་པཱ་ཎི་རཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་ཇི་སྲིད་མི་སྐྱོའི་བར་དུ་བཟླ་བར་བྱའོ། །ཕྲེང་བའི་མདོ་འཛིན་བཟུང་བ་ནས་བརྩམས་ཏེ་མདོ་འཛིན་ལ་མ་སླེབས་ཀྱི་བར་དུ་ངག་གཞན་གྱིས་བར་མ་ཆོད་པར་བཟླས་པར་བྱའོ། །གྲངས་ཀྱི་བསྙེན་པའི་ཚད་ནི་འབུམ་ཕྲག་བཅོ་བརྒྱད་དོ། །བྱང་ཆུབ་བསྒྲུབ་པ་ལ་ནི་ཚད་མེད་དོ། །བཟླས་པ་ཚར་བ་དང༌། དགེ་བའི་རྩ་བ་སངས་རྒྱས་སུ་བསྔོ། སྤྱོད་ལམ་ཐམས་ཅད་ལྷའི་ང་རྒྱལ་གྱིས་བྱའོ། །གཏོར་མ་གཏོང་བའི་ཚེ་དཀར་གཏོར་བཤམས་པ་ཨ་མྲི་ཏས་མ་དག་པ་བསངས། སྭ་བྷཱ་ཝས་སྟོང་པར་བསམ། སྟོང་པའི་ངང་ལས། ཨོཾ་ཞེས་བརྗོད་པས་རིན་པོ་ཆེའི་སྣོད་རྒྱ་ཆེན་པོ་དང༌། ཨཱཿཞེས་བརྗོད་པས་ལྷའི་བདུད་རྩིས་གང་བ་དང༌། ཧཱུྃ་ཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་ཞིང༌། སླར་ཡང༌། ཨོཾ་ཨཱཿཧཱུྃ་ཞེས་ཡང་ཡང་བརྗོད་པས་བྱིན་གྱིས་བརླབས་པས་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས། ཕྱག་ན་རྡོ་རྗེ་ལ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཆོས་སྐྱོང་བ་དང༌། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ནས། མདུན་དུ་བཞུགས་པ་ལ་གཏོར་མ་ཕུལ་བས་གསོལ་བར་བསམ་ཞིང༌། ཨོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་རཛྙཱ་པ་ཡ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ཞེས་པ་གསུམ་མམ་བདུན་གྱིས་ཕུལ་ནས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག དེ་བཞིན་དུ་དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤབྡ་ཞེས་པས་རོལ་མོའི་བར་དུ་ཕུལ་ནས། ཧཱུྃ་འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པའི། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ནས། བདག་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ནས་གཤེགས་སུ་གསོལ། ཉལ་བའི་ཚེ་སྟོང་པ་ཉིད་ཀྱི་ངང་ལ་ཉལ་ལོ། །ལྡང་བའི་ཚེ་སྐད་ཅིག་གིས་ལྷའི་སྐུའི་ང་རྒྱལ་གྱིས་ལྡང་བར་བྱའོ། །གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས། དཔལ་ས་སྐྱ་པའི་གསུང་ལས་འབྱུང་བ་བཞིན་འཕགས་པས་སྦྱར་བ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply