༼ཕ༽
༄༅། །རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་སྐོར་བྱབ་སྲུང་སྦྱིན་སྲེག་དང་བཅས་པ་བཞུགས།།
༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་པའི་ཐབས། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །གང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས། །རྡོ་རྗེ་རིན་ཆེན་ཀུན་ནས་འབར་བའི་མཐུས། །བདུད་བཞིའི་སྟོབས་རྣམས་རྣམ་པར་འཇོམས་མཛད་པ། །རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །དེ་མཉེས་བྱེད་པའི་ཆོ་གའི་རིམ་པ་ནི། །དོན་གཉེར་སྐྱེ་བོས་རབ་ཏུ་བསྐུལ་གྱུར་པས། །དཔལ་ལྡན་རིན་ཆེན་གྲགས་པའི་རྗེས་འབྲངས་ཏེ། །ཤིན་ཏུ་གསལ་བར་བདག་གིས་བཤད་པར་བྱ། །དེ་ལ་བསྒོམ་བཟླས་དང༌། བུམ་པའི་ཆོ་ག་དང༌། གཏོར་མ་དང༌། སྦྱིན་སྲེག་དང་བཞིར་ཤེས་པར་བྱའོ། །དང་པོ་ནི། ཁྲུས་དང་གཙང་སྦྲ་སྔོན་དུ་སོང་ནས་སྟན་བདེ་བ་ལ་འཁོད་ལ། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་རྡོ་རྗེ་རྣམ་པར་འཇོམས་པ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ། དེ་ནས་རང་གི་སྙིང་གི་ནང་དུ་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་ལྗང་སྔོན་བསམས་ལ། དེ་ལས་འོད་འཕྲོས་པས་ལུས་ཐམས་ཅད་གང་བས་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་ནས། སྣའི་བུ་ག་ནས་ཕྱིར་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བ་སྤྱན་དྲངས་ལ་ཡིད་ཀྱིས་ཕྱག་འཚལ་ཏེ་མཆོད་པ་ཐམས་ཅད་ཀྱིས་མཆོད་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ལ་སོགས་པའི་ཡན་ལག་བདུན་པ་ལན་གསུམ་བྱས་ནས་ཚད་མེད་པ་བཞི་བསྒོམ་པར་བྱ་སྟེ། བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས། སྭ་བྷཱ་ཝའི་སྔགས་བརྗོད་པས་ཆོས་ཐམས་ཅད་སྟོང་པར་བསྒོམས་པ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །སྟོང་པའི་ངང་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་དམིགས་ནས། དེ་ལས་འོད་འཕྲོས་པས་རྡོ་རྗེའི་ས་གཞི། རྭ་བ། དྲ་བ། གུར། བླ་རེ། ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོར་གྱུར་པར་བལྟའོ། །དེའི་དབུས་སུ་པྃ་དང་རྃ་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་དོན་བྱས། སླར་འདུས་ནས་ཡོངས་སུ་གྱུར་པ་ལས་རང་ཉིད་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། གཡས་པས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཞིང༌། གཡོན་པ་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་འཛིན་པ། སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། རབ་ཏུ་གདངས་པའི་སྤྱན་གསུམ་དང་ལྡན་པ། ཁྲོ་གཉེར་ཅུང་ཟད་བསྡུས་ཤིང་ཡིད་ཙམ་འཛུམ་པ། ཤིན་ཏུ་བརྗིད་ཅིང་སྤྲུལ་པ་དུ་མ་འཕྲོ་བ། སྣང་ལ་རང་བཞིན་མེད་པའི་སྐུར་བསམ་མོ། །དེའི་དཔྲལ་བ། མགྲིན་པ། སྙིང་གར་ཨོཾ་ཨཱཿཧཱུྃ་བཀོད་ནས། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བ་སྤྱན་དྲངས་པ་ལ་མཆོད་པ་རྣམས་ཀྱིས་མཆོད་ནས། ཨོཾ་བཛྲ་བི་དཱ་ར་ཎ། ཞེས་ཀུན་ལ་སྦྱར་ལ། བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བྃ། བཛྲ་གྷཎྜེ་ཧོཿ ཞེས་བརྗོད་པས་རང་དང་གཉིས་སུ་མེད་པར་བསྟིམ་མོ། །སླར་ཡང་ཧཱུྃ་ལས་འོད་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ནས། མཆོད་པ་རྣམས་ཀྱིས་མཆོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་སངས་རྒྱས་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང༌། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་ནས། ཆུ་ལྷག་མ་ཡར་ལུད་པས་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་བསམ་མོ། །དེ་ནས་མཆོད་ཡོན་ལ་སོགས་པས་མཆོད་ནས། ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ནང་དུ་ཧཱུྃ་གི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་ལ་བཟླས་པ་བྱའོ། །དེའང་འདི་སྐད་བདག་གིས་ཐོས་པ་ནས། རབ་ཏུ་སྨྲས་སོའི་བར་གྱིས་ལྷ་དང་སྔགས་ཀྱི་ཆེ་བ་དྲན་པར་བྱས་ནས། སྔགས་ཀྱི་དངོས་གཞི་ཅི་ནུས་པ་བཟླས་ལ། སྡིག་པ་ཐམས་ཅད་སྦྱང་བྱས་ནས། །ཞེས་པ་ནས། ཁྲུས་གྱིས་ཤིག ཅེས་པའི་བར་གྱིས་ཆོ་ག་དང་ཕན་ཡོན་དྲན་པར་བྱ་ཞིང༌། ལན་ཅིག་བརྗོད་དེ། དེ་ནས་རང་གི་ཡེ་ཤེས་པ་ཕྱེ་ནས། མཆོད་ཅིང་བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་ལོ། །མཐར་དགེ་བའི་རྩ་བ་རྫོགས་པའི་སངས་རྒྱས་སུ་བསྔོ་ཞིང༌། སྤྱོད་ལམ་ཐམས་ཅད་དམ་ཚིག་པའི་ང་རྒྱལ་གྱིས་སྤྱད་དོ། །ཚུལ་འདིས་ཐུན་གཉིས་སམ་བཞི་ལ་སོགས་པར་བསྒོམ་བཟླས་བྱའོ། །བསྙེན་པའི་ཚད་ནི་འབུམ་ཕྲག་བཞིའོ། །གཉིས་པ་བུམ་པའི་ཆོ་ག་ནི། གསེར་རམ་དངུལ་ལས་བྱས་པའི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་ཆུ་གཙང་མ་དང༌། ནོར་བུ་ཡུངས་ཀར་དཱུར་བ་དང༌། །རིན་ཆེན་རྨ་མེད་ཙནྡན་བཅས། །ཤེལ་དང་རྡོ་རྗེ་མེ་ཏོག་དང༌། །ཞེས་འབྱུང་བའི་བཅུད་རྣམས་བཅུག་ནས་མཎྜལ་གྱི་སྟེང་དུ་པདྨ་འདབ་མ་བརྒྱད་བྲིས་པའི་དབུས་སུ་མེ་ཏོག་ཚོམ་བུ་བཀོད་པའི་སྟེང་དུ་གཞག་གོ །དེའི་སྟེང་དུ་རྡོ་རྗེ་ལ་གཟུངས་ཐག་བཏགས་པ་བཞག་ནས། ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། དཀར་གཏོར་གསུམ་བཤམ་པར་བྱའོ། །དེ་ནས་གོང་དུ་བསྟན་པ་བཞིན་བདག་བསྐྱེད་བསྒོམས་ལ་བཟླས་པ་དང་མཆོད་བསྟོད་བྱས་ནས། མདུན་གྱི་མཆོད་པ་རྣམས་བྱིན་གྱིས་བརླབས་ལ། བུམ་པ་ཡང་སྙིང་གི་སྔགས་ཀྱིས་བསངས་ཤིང༌། སྭ་བྷཱ་ཝས་སྦྱངས་ནས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ཡངས་ཤིང་མགྲིན་པ་ཕྲ་བ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ལྷའི་གོས་ཀྱི་མགུལ་ཆིངས་དང་ལྡན་པར་གྱུར་པའི་ནང་དུ། པྃ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་རྣམ་པར་འཇོམས་པ་བསྐྱེད་ནས། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་པར་བསམ་ཞིང༌། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ལ་སོགས་པའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར། ཨེ་ཧྱེ་ཧི། ཞེས་བརྗོད་པས་མདུན་གྱི་གནས་སུ་བྱོན་པར་བསམ་མོ། །དེ་ལ་མཆོད་པ་རྣམས་ཀྱིས་མཆོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་བཛྲ་ཨཾ་ཀུ་ཤ་ཛཿ ལ་སོགས་པས་ཡེ་ཤེས་པ་དང་གཉིས་སུ་མེད་པར་བསྟིམ་པ་ལ་དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་གདབ་བོ། །དེ་ནས་མདུན་དུ་བཤམས་པའི་མཆོད་པ་རྣམས་ཀྱིས་མཆོད་ནས། ཅི་ཤེས་པས་བསྟོད་ལ་འཆད་པར་འགྱུར་བའི་གཏོར་མ་དབུལ་ལོ། །དེ་ནས་བུམ་པའི་ལྷའི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བ་སྟོང་པར་བསྒོམས་པའི་ནང་དུ་བསྒྲུབ་བྱ་དམིགས་ནས་རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང་བས། བུམ་པའི་ལྷའི་རྒྱུད་བསྐུལ་བས། ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་པས། སྣ་ཚོགས་རྡོ་རྗེའི་ནང་གི་བསྒྲུབ་བྱའི་ལུས་ལ་ཐིམ་པས་ནད་དང་སྡུག་བསྔལ་ཞི་ཞིང༌། ཚེ་དང་འབྱོར་པ་དང་བསོད་ནམས་རྒྱས་པར་བྱས་ནས། བདུད་རྩིའི་ལྷག་མ་རྣམས་ཀྱིས་བུམ་པ་གང་བར་བསམས་ལ། ལྷ་དང་སྔགས་ཀྱི་ཆེ་བ་དྲན་པར་བསམ་ཞིང༌། ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོའི་བར་ལན་ཅིག་བརྗོད་ལ། གཟུངས་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག ཡང་ན་གཟུངས་རྫོགས་པ་ཉི་ཤུ་རྩ་གཅིག ཡང་སྙིང་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །ཅེས་པའི་བར་ལན་ཅིག་བརྗོད་ནས་བུམ་པའི་ལྷ་ལ་མཆོད་པ་དང༌། བསྟོད་པ་རྣམས་ཀྱིས་བསྟོད་ལ་བཟོད་པར་གསོལ་ཏེ། ཡེ་ཤེས་པ་གཤེགས་སུ་གསོལ་ནས་དམ་ཚིག་པ་ཞུ་བ་བུམ་པའི་ཆུ་དང་གཉིས་སུ་མེད་པར་གྱུར་པར་བསམ་མོ། །དེ་ནས་བུམ་པའི་ཆུ་དེས་བཀྲུ་བ་ལ་སོགས་པ་རང་གཞན་གྱི་དོན་དུ་བྱ་སྟེ། རང་ངམ་བསྒྲུབ་བྱའི་ལུས་དངོས་སམ་བྲིས་པ་ལ་སོགས་པ་རིམ་གྱིས་བཀྲུ་ཞིང༌། གཟུངས་ཚར་གཅིག་བརྗོད་པའི་རྗེས་སུ་ཡང་སྙིང་གི་མཐར། སརྦ་པཱ་པཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་པ་དང༌། དེ་བཞིན་དུ་སྦྱར་ཏེ། སརྦ་བིགྷྣཱན། སརྦ་རོ་ག སརྦ་དུཥྚཱ་ན། སརྦ་ཛྭ་རེ། སརྦ་ཨུ་པ་དྲ་བེ། སརྦ་གྲ་ཧེ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ། སརྦ་དུརྶཝ་པྣི། སརྦ་དུརྨི་ཏྟེ། སརྦ་ཙི་ཏ་ཀུ་ལེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་བཀྲུའོ། །དེ་ནས་རྡོ་རྗེ་རྨ་བྱའི་མཇུག་སྒྲོ་དང་བཅས་པས་བྱབ་ཅིང༌། ཡང་སྙིང་གི་མཐར། སརྦ་པཱ་པཾ་ཨ་པ་ན་ཡ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། སརྦ་བིགྷྣཱན་ལ་སོགས་པ་གོང་དུ་བརྗོད་པའི་མཐར། ཨ་པ་ན་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་བྱབ་བོ། །དེ་ནས་སླར་བགེགས་མི་འཇུག་པར་བྱ་བའི་དོན་དུ་སྤྱི་བོར་རྡོ་རྗེ་བཞག་ལ། ཡང་སྙིང་གི་མཐར། སརྦ་བིགྷྲཱན་བྷྱ་རཀྵ་རཀྵ་ཞེས་བརྗོད། དེ་བཞིན་དུ་ཐམས་ཅད་ཀྱི་མཐར། རཀྵ་རཀྵ་ཞེས་སྦྱར་བ་བརྗོད་ཅིང་བསྲུང་བར་བྱའོ། །དེ་ནས་གཟུངས་རྫོགས་པ་ཚར་གཅིག་བརྗོད་ལ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༌། །རྡོ་རྗེ་རྣམ་པར་འཇོམས་པའི་བྱིན་རླབས་གྱིས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཅེས་བརྗོད་ནས། མེ་ཏོག་གཏོར་ཞིང་རོལ་མོའི་སྒྲ་དང་བཅས་པས་བཀྲ་ཤིས་བརྗོད་དོ། །འདི་ནི་སྡིག་པ་དང་གནས་སྐབས་ཀྱི་ཉེ་བར་འཚེ་བ་སྦྱང་བ་དང་བསྲུང་བའི་དབང་དུ་བྱས་པ་ཡིན་ལ། རྒྱས་པ་དང་དབང་དུ་བྱ་བའང་བུམ་པའི་ཆོ་ག་འདི་ཉིད་ཀྱིས་འགྲུབ་པར་འགྱུར་ཏེ། བསྒྲུབ་བྱའི་ལུས་དངོས་སམ་བྲིས་པ་ལ་སོགས་པ་དངོས་སུ་འམ་མེ་ལོང་ལ་ཤར་བ་ལ་བཀྲུ་ཞིང༌། ཡང་སྙིང་གི་མཐར། ཨཱ་ཡུཿཔུཥྚིཾ་ཀུ་རུ་ཨོཾ། པུ་ཎྱ་པུཥྚིཾ་ཀུ་རུ་ཨོཾ། ལ་སོགས་པ་རྒྱས་པའི་ལས་དང་ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཧོཿཞེས་པ་དབང་གི་ལས་དང་དྲག་པོའི་ལས་གཞན་ཡང་དེ་བཞིན་དུ་སྦྱར་བས་འགྲུབ་པར་འགྱུར་རོ། །བུམ་པའི་ཆོ་གའོ། །གསུམ་པ་གཏོར་མའི་ཆོ་ག་ལ། དཀར་གཏོར་གསུམ་བསངས་ཤིང་སྦྱངས་པའི་ཐོག་མ་བཅོམ་ལྡན་འདས་ལ་དབུལ་བར་བྱས་ཏེ། རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་གཏོར་མའི་བགེགས་སྦྱོང༌། རྡོ་རྗེའི་མེའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ་གྱིས་ཡེ་ཤེས་ཀྱི་མེ་སྦར་བས་མ་དག་པ་ཐམས་ཅད་བསྲེགས་ནས་རིན་པོ་ཆེའི་སྣོད་ཆེན་པོ་ཁ་དོག་དང་དྲི་དང་ནུས་པ་དང་བཅུད་ཕུན་སུམ་ཚོགས་པར་བསམས་ལ། རྡོ་རྗེ་བསྡམས་པའི་ཚུལ་དང༌། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱས་འདོད་དགུ་འབྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བྱིན་གྱིས་བརླབ་བོ། །དེ་ནས་མདུན་དུ་རྡོ་རྗེ་རྣམ་པར་འཇོམས་པ་བསྐྱེད་ལ། རང་གི་སྙིང་ག་ནས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་ལ་བསྟིམ་ནས། དེ་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་བས་གཏོར་མ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་བཅས་ལ། ཡང་སྙིང་གི་མཐར། ཨ་ཀཱ་རོ་སྦྱར་བ་བདུན་ལ་སོགས་པས་ཕུལ་ལ། མཆོད་ཡོན་ལ་སོགས་པས་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་གྱུར་པ་ཡི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་པ་ལ་ཕྱག་འཚལ། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡི། །མི་ཕྱེད་སྲུང་བའི་འཁོར་ལོ་ནི། །ཀུན་ནས་འབར་བའི་མེ་དཔུང་གིས། །བསྐོར་བའི་གནས་ལ་ཕྱག་འཚལ་ལོ། །རྣམ་པར་རྒྱལ་པ་པདྨ་ཡི། །སྙིང་པོར་ཉི་མའི་དཀྱིལ་འཁོར་ལ། །བསྒྱིངས་པའི་ཚུལ་གྱིས་ལེགས་བཞུགས་པ། །རྡོ་རྗེ་རྣམ་འཇོམས་དཔལ་ལ་འདུད། །སྣ་ཚོགས་ཕྲིན་ལས་བསྒྲུབ་པའི་ཕྱིར། །སྐུ་མདོག་མརྒད་ལྟར་གསལ་བ། །རྒྱན་རྣམས་ཀུན་གྱིས་རྣམ་པར་སྤྲས། །སྤྲུལ་པའི་འོད་ཟེར་འཕྲོ་ལ་འདུད། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །ཞི་དང་ཁྲོ་དང་འཛུམ་པ་དང༌། །དཔའ་དང་བརྩེ་བའི་ཉམས་དང་ལྡན། །དབང་ཕྱུག་དམ་པ་ཁྱོད་ལ་འདུད། །སྣ་ཚོགས་རྡོ་རྗེ་ཕྱག་གཡས་ཀྱིས། །ཉིད་ཀྱི་ཐུགས་ཀར་བསྒྱིངས་ནས་བསྣམས། །གཡོན་པས་དྲིལ་བུ་དཀུར་འཛིན་པ། །རྣམ་རོལ་ཁྱོད་ལ་ཕྱག་འཚལ་ལོ། །གསུང་གི་རིག་སྔགས་ང་རོའི་དབྱངས། །འབྲུག་སྒྲ་སྟོང་བཞིན་རྣམ་སྒྲོགས་པས། །བདུད་དཔུང་མ་ལུས་ཟིལ་གནོན་ཅིང༌། །འདོད་དགུ་སྦྱིན་པར་མཛད་ལ་འདུད། །ཁྱོད་ཐུགས་ཟབ་པས་ཉེར་ཞི་ཡང༌། །རྒྱ་ཆེ་རོལ་པས་ཀུན་ཁྱབ་མཛད། །མི་གཡོ་ཀུན་འགྲོ་རྟག་བརྟན་པ། །ཡེ་ཤེས་དབང་ཕྱུག་ལ་ཕྱག་འཚལ། །ཡོན་ཏན་ཕྲིན་ལས་རིན་ཆེན་གྱི། །མི་བཟད་གཏེར་གྱུར་མགོན་ཁྱོད་ལ། །རྟག་ཏུ་གུས་པས་གསོལ་འདེབས་ཀྱི། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཞེས་བསྟོད་ཅིང་གསོལ་བ་གདབ་པར་བྱའོ། །གཏོར་མ་གཉིས་པ་ཕྱོགས་སྐྱོང་རྣམས་ལ་དབུལ་བར་བྱ་སྟེ། སྔ་མ་བཞིན་བྱིན་གྱིས་བརླབས་ནས། ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨི་ཧྱེ་ཧི། ཞེས་བརྗོད་ཅིང༌། སྙིང་ག་ནས་འཕྲོས་པས་འོད་ཀྱིས་ཕྱོགས་སྐྱོང་བཅུ་འཁོར་དང་བཅས་པ་སྤྱན་དྲངས་ལ། པདྨ་ཀ་མ་ལ་ཡ་སྟྭཾ་གྱིས་གདན་ཕུལ་ལ། ས་མ་ཡ་སྟྭཾ་ཞེས་པས་དམ་ཚིག་ལ་གནས་པར་བྱས་ཏེ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་ཨིནྡྲཱ་ཡ། ཨགྣཱ་ཡེ། ཡ་མཱ་ཡ། ནཻར་རྀ་ཏྱཱ་ཡ། བ་རུ་ནཱ་ཡ། ཝཱ་ཡ་ཝེ། ཀུ་བེ་རཱ་ཡ། ཨཱི་ཤ་ནཱ་ཡ། ཨུརྡྷཾ་བྲཧྨ་ཎཱ་ཡ། སཱུརྻ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། ཨ་དྷིའ་པྲྀཐྭཱི་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤུ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏེ་སྭཱ་ཧཱ། ཞེས་བརྗོད་ཅིང་སེ་གོལ་བརྡབ་པ་གསུམ་མམ་བདུན་ལ་སོགས་པས་ཕུལ་ལ་མཆོད་པ་ལྔས་མཆོད་ནས་འདོད་པའི་དོན་གསོལ་བ་གདབ་བོ། །གསུམ་པ་འབྱུང་པོ་རྣམས་ལ་དབུལ་བར་བྱ་སྟེ། སྔ་མ་ལྟར་བྱིན་གྱིས་བརླབས་ནས། ཨོཾ་སརྦ་བྷཱུ་ཏ་ཨེ་ཧྱེ་ཧི། ཞེས་བརྗོད་ཅིང་སྙིང་ག་ནས་འཕྲོས་པའི་འོད་ཀྱིས་འབྱུང་པོ་ཐམས་ཅད་བཀུག་པ་ལ། གདན་ཕུལ་ནས་དམ་ཚིག་ལ་གནས་པར་བྱས་ཏེ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་དེ་ཝ། ནཱ་ག ཡཀྵ། གནྡྷརྦ། ཨ་སུ་ར། ག་རུ་ཌ། ཀིནྣ་ར། མ་ཧོ་ར་ག མ་ནུ་ཥྱ། ཨ་མ་ནུ་ཥྱ། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ། ཨུངྒ་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏེ་སྭཱ་ཧཱ། ཞེས་བརྗོད་ཅིང༌། སེ་གོལ་བརྡབ་པ་གསུམ་མམ་བདུན་གྱིས་ཕུལ་ནས། མཆོད་པ་ལྔས་མཆོད་དེ། འདོད་པའི་དོན་གསོལ་བ་གདབ་བོ། །གཏོར་མ་འོག་མ་གཉིས་རྒྱས་པར་གཞན་དུ་ཤེས་པར་བྱའོ། །དེ་ནས། ཨོཾ་བཛྲ་མུཿས་ཡེ་ཤེས་པ་དང༌། ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གཙྪས་ཕྱོགས་སྐྱོང་རྣམས་དང༌། ཨོཾ་སརྦ་བྷཱུ་ཏ་གཙྪས་འབྱུང་པོའི་ཚོགས་གཤེགས་སུ་གསོལ་ལ་གཏོར་མ་རྣམས་གཏོང་ངོ༌། །གཏོར་མའོ། །བཞི་པ་སྦྱིན་སྲེག་ནི། གསང་སྔགས་མ་བཟླས་མི་འགྲུབ་ཅིང༌། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །བཟླས་བརྗོད་འབུམ་ཕྲག་གཅིག་ལ་ནི། །སྦྱིན་སྲེག་ཁྲི་ཕྲག་བྱ་བར་བཤད། །ཅེས་འབྱུང་བས་སྔགས་ཀྱི་ནུས་པ་དབྱུང་བ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ཕྱིར། བསྙེན་པ་ཇི་ཙམ་སོང་བའི་བཅུ་ཆ་སྦྱིན་སྲེག་བྱ་སྟེ། ཆོ་ག་ནི་གཞན་དང་མཚུངས་པ་ཉིད་དོ། །དེ་ལྟ་ནའང་ཁྱད་པར་ཅུང་ཟད་ཡོད་པ་ནི་འཆད་པ་པོའི་ངག་ལས་ཤེས་པར་བྱའོ། །ལས་སོ་སོ་དང་འབྲེལ་པའི་སྦྱིན་སྲེག་ལ། ནང་གསེས་གྱིས་ཕྱེ་བའི་ལས་ཚོགས་མང་དུ་ཡོད་ཀྱང་རྩ་བའི་ལས་བཞིར་འདུ་བས་ཐབ་ཁུང་ཞི་བ་ལ་ཟླུམ་པོ་དཀར་པོ། རྒྱས་པ་ལ་གྲུ་བཞི་སེར་པོ། དབང་ལ་ཟླ་གམ་དམར་པོ། དྲག་པོ་ལ་གྲུ་གསུམ་ནག་པོ། ཁྲུ་གང་ལ་སོགས་པ་ཇི་ཙམ་ཡོད་པའི་རྒྱའི་ཕྱེད་ཟབས་སུ་བྲུ་ཞིང༌། སོར་བཞི་པ་ལ་སོགས་པའི་ཁ་ཁྱེར་བསྐྱེད་ནས། དེ་ཉིད་ཀྱི་ཚད་ཀྱི་མུ་རན་བརྩིགས་པ་ལ་ཞི་བ་ལ་རྡོ་རྗེ། རྒྱས་པ་ལ་རིན་པོ་ཆེ། དབང་ལ་པདྨ། དྲག་པོ་ལ་རྡོ་རྗེ་གདེངས་པའི་མཚན་མ་དགོད་ཅིང༌། དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ་སྣ་ཚོགས་རྡོ་རྗེ་བྲི་བར་བྱའོ། །བུད་ཤིང་ནི་ཞི་བ་ལ་འོ་མ་ཅན། རྒྱས་པ་ལ་འབྲས་བུ་ཅན། དབང་ལ་མེ་ཏོག་དམར་པོ་ཅན། དྲག་པོ་ལ་ཚེར་མ་ཅན། ཇི་ལྟར་རིགས་པ་བརྩིགས་ལ། རྒྱུ་དེ་དག་ལས་བྱས་པའི་ཡམ་ཤིང་དང༌། ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། གཏོར་མ་གཉིས་བཅས་ལ། ཞི་བ་ལ་ཏིལ། ཚེ་རྒྱས་པ་ལ་དཱུར་བའི་མྱུ་གུ། ལོངས་སྤྱོད་རྒྱས་པ་ལ་ཞོ་ལས་བྱས་པའི་ཟས་མཆོག ཁྱིམ་གྱི་འབྱོར་པ་རྒྱས་པ་ལ་འབྲུ་སྣ་ཚོགས། ཤེས་རབ་རྒྱས་པ་ལ་དྲི་བཟང་པོ་དང༌། སྦྲང་རྩི་སྦྱར་བའི་རི་ལུ། དྲག་པོ་ལ་ཡུངས་ཀར་དང༌། དུག་སྣ་ཚོགས་དང༌། ཐུན་མོང་དུ་མར་གྱི་བསྲེག་རྫས་རྣམས་བསགས་ལ། འཇམ་པོ་གསུམ་ལ་བསྲེག་རྫས་གཡས། མཆོད་རྫས་གཡོན་དུ་བཤམས་ཤིང་དྲག་པོ་ལ་དེ་ལས་བཟློག་པར་བཤམ་མོ། །དེ་ནས་ཞི་བ་ལ་ཤར། རྒྱས་པ་ལ་བྱང༌། དབང་ལ་ནུབ། དྲག་པོ་ལ་ལྷོར་ཕྱོགས་ནས་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་བཟླས་པ་ཅི་རིགས་པ་བྱས་ལ། ལས་དང་རྗེས་སུ་མཐུན་པའི་མེའམ་ཁ་ན་མ་ཐོ་བ་མེད་པའི་མེ་སྦར་ནས། ཧཱུྃ་ལས་རྒྱ་དང་ཚད་མ་ཉམས་པའི་ཐབ་བུད་ཤིང་གི་རྩིག་པ་དྭངས་ཤིང་ཐོགས་པ་མེད་པ་དང་ལྡན་པར་བསྐྱེད་ལ། ཧཱུྃ་གི་སྔགས་ཀྱི་བྱིན་གྱིས་བརླབ་བོ། །དེ་ནས་ཐབ་ཀྱི་དབུས་སུ་པདྨའི་གདན་ལ་རྃ་ལས་བྱུང་བའི་མེ་ལྷ་ལས་དང་རྗེས་སུ་མཐུན་པའི་མདོག་ཅན་ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་བཞི་པ། གཡས་པ་གཉིས་ཀྱིས་མཆོག་སྦྱིན་དང་བགྲང་ཕྲེང༌། གཡོན་པ་གཉིས་ཀྱིས་དབྱུ་གུ་གསུམ་པ་དང་རིལ་བ་སྤྱི་བླུགས་འཛིན་པ། དྲང་སྲོང་གི་ཆ་ལུགས་འཛིན་པ། བསྐྱེད་པའི་གནས་གསུམ་དུ། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས་ལ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་བརྗོད་ཅིང༌། སྙིང་ག་ནས་འཕྲོས་པའི་འོད་ཀྱིས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་ལ། ཛཿཧཱུྃ་བྃ་ཧོཿས་དམ་ཚིག་པ་ལ་བསྟིམ་ནས། ཨོཾ་ཨགྣ་ཡེ་ཞེས་སྔོན་དུ་འགྲོ་བའི་ཨརྒྷཾ་ལ་སོགས་པས་མཆོད་ནས། འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སྲས། །མེ་ལྷའི་རྒྱལ་པོས་མཆོག་ཏུ་དབང་བསྐུར་ཞིང༌། །ཤེས་རབ་མེ་ཡིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད་ལ། ཡམ་ཤིང་དང༌། མར་དང༌། ལས་དང་རྗེས་སུ་འབྲེལ་པའི་བསྲེག་རྫས་རྣམས། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པས་ཕུལ་ནས། ཤིན་ཏུ་མཉེས་པར་གྱུར་པར་བསམས་ནས། སླར་ཡང་མཆོད་ཅིང་བསྟོད་ལ། ཨོཾ་ཨགྣ་ཡེ་ཛྭ་ལ་རྃ། ཞེས་བརྗོད་པས་མེ་ལྷ་འབར་བའི་དབུས་སུ་རྡོ་རྗེ་རྣམ་པར་འཇོམས་པ་བདག་བསྐྱེད་བཞིན་རྫོགས་པར་བསྐྱེད་པའི་མཐར། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་དམིགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ཎ། ས་པ་རི་ཝཱ་ར་ཞེས་སྔོན་དུ་འགྲོ་བས་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ལ་སོགས་པ་རྣམས་ཀྱིས་མཆོད་ནས་ཅི་ཤེས་པ་རྣམས་ཀྱིས་བསྟོད་ནས། སྔར་སྨོས་པའི་བསྲེག་རྫས་ཐམས་ཅད་ཡང་སྙིང་འབའ་ཞིག་གིས་དབུལ་ལོ། །དེའང་ཞི་བ་ལ་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་རྒྱས་པ་ལ་ཚེ་དང་བསོད་ནམས་པུཥྚིཾ་ཀུ་རུ་ཨོཾ་དང༌། དབང་དུ་བྱ་བ་ལ་ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཧོཿདང༌། དྲག་པོ་ལ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་སྤེལ་ཚིག་རྣམས་བརྗོད་པར་བྱའོ། །འཇིག་རྟེན་པའི་མེ་ལྷའང་ཚུལ་འདི་བཞིན་དུ་སྦྱར་བར་བྱའོ། །དེ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མེ་ལྷ་ལ་སླར་ཡང་མཆོད་ཅིང་བསྟོད་ནས་འདོད་པའི་དོན་གསོལ་བ་བཏབ་ལ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐངས་ནས། དགེ་བའི་རྩ་བ་བསྔོས་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ ཞེས་པས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུ། སླར་ཡང་འབར་བ་མེ་ལྷའི་རྣམ་པར་གྱུར་པ་ལ་སྔ་མ་བཞིན་མཆོད་ཅིང་བསྟོད་ནས། འདོད་པའི་དོན་གསོལ་བ་བཏབ་ལ་ནོངས་པར་སྤྱད་པ་བཟོད་པར་གསོལ་ནས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་གཙྪ། ཞེས་བརྗོད་ནས། ཡེ་ཤེས་པ་རང་གི་གནས་སུ་གཤེགས་སུ་གསོལ་ལ། དམ་ཚིག་པ་བདག་ལ་བསྡུས་ནས། རང་གི་གནས་གསུམ་ཡི་གེ་གསུམ་གྱིས་བསྲུངས་ལ། ཐལ་བ་མི་འགོམ་པའི་སར་རོལ་མོ་དང་བཅས་པས་རྒྱ་མཚོར་འབབ་པའི་ཆུ་བོར་དོར་ཏེ། ལས་ཀྱི་རྗེས་མི་མངོན་པར་བྱས་ལ་དགའ་སྟོན་ལ་ལོངས་སྤྱད་པར་བྱའོ། །སྦྱིན་སྲེག་གི་ཆོ་གའོ། །གཞུང་གི་འབྲུ་གཉེར་བར་འདོད་ན། གཞན་དུ་ཤེས་པར་བྱའོ། །བརྒྱུད་པའི་རིམ་པ་ནི། རྫོགས་སངས་རྒྱས་དང་ཕྱག་ན་རྡོ་རྗེ་དཔལ། །ཛེ་ཏཱ་རི་དང་རྡོ་རྗེ་གདན་པ་དང༌། །རྡོ་རྗེ་གདན་པ་གཉིས་པར་གྲགས་པ་དང༌། །རྗེ་བཙུན་བ་རི་ཆོས་རྗེ་ས་སྐྱ་པ། །དཔལ་ལྡན་རྩེ་མོའི་ཞབས་དང་རྒྱལ་མཚན་ཞབས། །ཆོས་ཀྱི་བཟང་པོའི་ཞབས་ཀྱི་ཞལ་སྔ་ནས། །བདག་གིས་གུས་པའི་ཡིད་ཀྱིས་ནོས་པའོ། །དེ་ལྟར་བརྒྱུད་པའི་རིམ་པ་ལས་འོངས་པའི། །སྒྲུབ་ཐབས་རིམ་པ་རབ་ཏུ་གསལ་བ་འདི། །རྒྱལ་མཚན་དཔལ་ལ་སོགས་པས་གསོལ་བཏབ་ནས། །སྔགས་འཆང་འཕགས་པ་ཞེས་བྱས་སྦྱར་བ་ཡིན། །དེ་ལས་བྱུང་བའི་དགེ་བ་རྡོ་རྗེ་ཡིས། །བདུད་ཀྱི་དཀྱིལ་འཁོར་མ་ལུས་རབ་བཅོམ་ནས། །བདག་དང་གཞན་གྱིས་རྡོ་རྗེ་རྣམ་འཇོམས་པའི། །གོ་འཕང་དམ་པ་ཉེ་བར་ཐོབ་པར་ཤོག །བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་ཀྱི་རིམ་པ་རྗེ་བཙུན་ཆེན་པོའི་ཞལ་སྔ་ནས་མཛད་དུ་ཟིན་ཡང༌། ཤིན་ཏུ་གསལ་བར་ཕྱེ་བ་ལ་མོས་པ་རྣམས་ཀྱི་དོན་དུ་ཆུ་ཕོ་ཁྱིའི་ལོ་སྨལ་པོའི་ཟླ་བའི་ཡར་གྱི་ངོ་ལ་རྒྱལ་པོ་ཆེན་པོའི་ཕོ་བྲང་དུ་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply