༼ཕ༽
༄༅། །སེང་གེ་སྒྲའི་སྒྲུབ་ཐབས་བཞུགས།།
༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་བསྒོམ་པར་འདོད་པས། གནས་དབེན་བར་ཁྲུས་དང་གཙང་སྦྲ་བྱས་ལ་སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལན་གསུམ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨསྶྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས། བདག་དང་སྣང་བ་ཐམས་ཅད་སྟོང་པར་བསྒོམ། སྟོང་པའི་ངང་ལས་ཨྃ་ལས་རིན་པོ་ཆེའི་ཁྲིའི་སྟེང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། ཡི་གེ་ཨཱཿདཀར་པོ་ཚེག་དྲག་དང་བཅས་པ་ཡོངས་སུ་གྱུར་པ་ལས་སེང་གེ་དཀར་པོ་ཁ་གྱེན་དུ་ཕྱོགས་ཤིང༌། རལ་པ་དམར་པོ་འཕྱང་བའི་སྟེང་དུ་རང་ཉིད་སེང་གེ་སྒྲ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་དྲང་སྲོང་གི་ཆ་ལུགས་ཅན། ཕྱག་གཡས་པ་བརྐྱང་ཞིང་གཡོན་པ་གདན་ལ་བཙུགས་པས་དཀུ་བརྟན་པ། རྒྱན་ཐམས་ཅད་སྤངས་ཞིང་མཆོད་ཕྱིར་ཐོགས་འཆང་བ། རི་དྭགས་ཁྲི་སྙན་ས་ལེའི་པགས་པའི་སྟོད་གཡོགས་དང༌། དར་དམར་པོའི་སྨད་གཡོགས་ཅན། སྐུ་མཛེས་ཤིང་ཅུང་ཟད་རིད་པ། གཡོན་ན་པདྨ་དཀར་པོའི་སྟེང་ན་རལ་གྲི་འབར་བ་སྙན་གྱི་ཐད་སོར་སླེབས་པ། ཡལ་ག་གྱེས་པའི་སྟེང་ན་ཀླུ་ཤིང་གི་མེ་ཏོག་གིས་གང་བའི་ཐོད་པ་དང༌། གཡས་ཀྱི་ཕྱོགས་སུ་ཏྲི་ཤཱུ་ལ་ལ་སྦྲུལ་དཀར་པོ་འཁྲིལ་པ་ཡོད་པར་བསྒོམ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། སྙིང་གི་ནང་དུ་ཧྲཱིཿབསམ། དེ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་སྤྱན་དྲངས་ལ། ཛཿཧཱུྃ་བྃ་ཧོཿས་རང་ལ་གཉིས་སུ་མེད་པར་བསྟིམ། ཡང་འོད་འཕྲོས་པས་སངས་རྒྱས་རིགས་ལྔ་སྤྱན་དྲངས། ཨོཾ་ཨརྒྷཾ། པཱ་དྱཾ། བཛྲ་པུཥྤེ་ཨཱཿཧཱུྃ། བཛྲ་དྷུ་པེ་ཨཱཿཧཱུྃ། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། བཛྲ་གནྡྷེ་ཨཱཿཧཱུྃ། བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ། ཞེས་པས་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བས་དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པས་འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་བསམ། དེའི་ཚེ་རིགས་ལྔའི་འཕྲོ་བ་འགྲུབ་སྟེ། སྤྱི་གཙུག་ཏུ་འོད་དཔག་མེད། ཕྲག་པ་གཡས་པའི་སྟེང་དུ་རྣམ་པར་སྣང་མཛད། ཕྲག་པ་གཡས་པའི་འོག་ཏུ་རིན་ཆེན་འབྱུང་ལྡན། ཕྲག་པ་གཡོན་པའི་སྟེང་དུ་མི་བསྐྱོད་པ། ཕྲག་པ་གཡོན་པའི་འོག་ཏུ་དོན་ཡོད་གྲུབ་པ་བཀོད་པར་བསམ། དེ་ནས་སྙིང་གི་ནང་གི་ཧྲཱིཿའི་མཐའ་མ་སྔགས་ཀྱི་ཕྲེང་བས་འཁོར་བའི་འོད་ཀྱིས། རང་གི་སྡིག་པ་དང་སྒྲིབ་པ་དང་ནད་དང་སྡུག་བསྔལ་སྦྱངས་པར་བསམ་ཞིང༌། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། ཅི་ནུས་པ་བཟླ། བཟླས་པ་ཚར་བ་དང༌། ཨོཾ་བཛྲ་མུཿས་རང་ལ་བསྟིམ་པའི་ཡེ་ཤེས་པ་གཤེགས་སུ་གསོལ། རང་དམ་ཚིག་པའི་ང་རྒྱལ་གྱིས་གནས་པར་བྱའོ། །དེ་ནས་གཏོར་མ་གཏོང་བར་འདོད་པས། དཀར་གཏོར་བཤམས་ལ། ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབ། མདུན་དུ་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་སྤྱན་དྲངས་པ་ལ་ཕུལ་བར་བསམ་ཞིང༌། སྔགས་སྔ་མ་བཞིན་ལན་གསུམ་མམ་བདུན་བརྗོད་པས་ཕུལ་ལ། ཨརྒྷཾ་ལ་སོགས་པས་མཆོད་ནས། ཐམས་ཅད་མཁྱེན་པའི་སྤྱན་རས་ཀྱིས། །སེམས་ཅན་ཀུན་ལ་རབ་གཟིགས་ཤིང༌། །སྟོབས་དང་མི་འཇིགས་མངའ་བ་པོ། །སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས། བདག་གི་ནད་དང་གདོན་དང་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་འདོད་པའི་དོན་གསོལ་བ་བཏབ། དེ་ནས་གཏོར་མའི་མགྲོན་གཤེགས་སུ་གསོལ། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས་མདོར་བསྡུས་པ་རྗེ་ས་སྐྱ་པའི་མན་ངག་འདི། ལས་དང་པོ་པ་རྣམས་ཀྱི་དོན་དུ་འཕགས་པས་མེ་ཕོ་བྱི་བའི་ལོ་ཟླ་བ་གསུམ་པའི་ཉི་ཤུ་གསུམ་ལ་སྒང་རར་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་རའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply