བྱམས་པའི་སྒྲུབ་ཐབས།

༼ཕ༽

༄༅། །བྱམས་པའི་སྒྲུབ་ཐབས་བཞུགས།།

༄༅། །རྗེ་བཙུན་བླ་མ་དམ་པ་དང༌། འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་བསྒོམ་པར་འདོད་པའི་རྟེན་གྱི་གང་ཟག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐོག་མར་གདོང་ལ་སོགས་པ་དག་པར་བྱས་ཏེ། སྟན་བདེ་བ་ལ་འདུག་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་མགོན་པོ་བྱམས་པ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ། དེ་ནས་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། མཻཾ་དམར་སེར་གཅིག་བསམ། དེ་ལས་འོད་བྱུང་བས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཕོག རྒྱུད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་པ་ལས་རང་གི་ལུས་ཀྱི་དྲི་མ་དང༌། ཚེ་ཐོག་མ་མེད་པ་ནས་བསགས་པའི་ལས་ཀྱི་སྒྲིབ་པ་དང་བར་དུ་གཅོད་པ་ཐམས་ཅད་དག་སྟེ། ལུས་ཤེལ་སྒོང་དག་པ་ལྟར་སངས་ཀྱིས་དག་པར་བསམ། དེ་ནས་སྐད་ཅིག་ལ་མགོན་པོ་བྱམས་པ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་མཆོག་སྦྱིན་པ། གཡོན་ཆོས་འཆད་པའི་ཕྱག་རྒྱ་མཐེབ་མཛུབ་སྦྱར་བའི་བར་ན་ཀླུ་ཤིང་གི་མེ་ཏོག་འཛིན་པ། དེའི་སྟེང་ན་རིལ་བ་སྤྱི་བླུགས་བཞག་པ། རལ་པའི་ཐོར་ཚུགས་ཀྱི་གསེབ་ན་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཡོད་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང༌། སྨད་གཡོགས་ཅན། པདྨ་དང་ཟླ་བའི་གདན་ལ་སྐྱིལ་མོ་ཀྲུང་ངམ། སྐྱིལ་མོ་ཀྲུང་ཕྱེད་པས་བཞུགས་པར་བསམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་མཻཾ་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པའི་ཚོགས་ཐམས་ཅད་སྤྱན་དྲངས་ལ་བདག་ལ་བསྟིམ་མོ། །དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་ནག་པོའི་བྱིན་གྱིས་བརླབས། སྤྱི་བོར་མི་བསྐྱོད་པས་དབུར་བརྒྱན་པར་བསམས་ལ། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཻཾ་གྱི་མཐའ་མ་ན་ཕར་ལ་སྔགས་ཀྱིས་བསྐོར་བར་བསམས་ལ། ཇི་སྲིད་དུ་བློ་གནས་ཀྱི་བར་དུ་བསྒོམ། གལ་ཏེ་རྣམ་པར་རྟོག་པ་འཕྲོ་ན་གསང་སྔགས་བཟླ་བར་བྱ་སྟེ། སྙིང་གའི་ཡི་གེ་ལ་ཟློག་པ་ལྟ་བུར་དམིགས་ལ། ཨོཾ་ཨཱཿམཻཾ་མཻ་ཏྲི་ཡེ་ཧཱུྃ་སྭཱ་ཧཱ། ཞེས་བཟླ་བར་བྱའོ། །འགྲོ་འཆག་ཉལ་འདུག་སྤྱོད་ལམ་རྣམ་པ་བཞི་ཀ་འཕགས་པ་བྱམས་པའི་ང་རྒྱལ་དང་ལྡན་པར་བྱའོ། །བསྒོམ་བཟླས་ཀྱི་རྣལ་འབྱོར་རོ། །གལ་ཏེ་ཐུན་མཚམས་སུ་གཏོར་མ་གཏོང་བར་འདོད་ན། ཅི་འབྱོར་པའི་གཏོར་མ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ལ། མདུན་དུ་འཕགས་པ་བྱམས་པ་དམ་ཚིག་པ་བསྐྱེད། དེ་ལ་ཡེ་ཤེས་པ་སྤྱན་དྲངས་ལ། དེའི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་བསམ་ཞིང༌། རང་གི་སྔགས་ལན་གསུམ་གྱིས་དབུལ། མཉེས་ཤིང་ཚིམ་པར་བསམས་ལ་མཆོད་པ་ལྔས་མཆོད། བསྟོད་པས་བསྟོད། ཇི་ལྟར་འདོད་པའི་དོན་ལ་གསོལ་བ་བཏབ། སྤྱན་དྲངས་པ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྟིམ། གཏོར་མ་ས་གཙང་སར་གཏང་ངོ༌། །ཐུན་མཚམས་སུ་བསྒྲུབ་པའི་མཎྜལ་བྱེད་པར་འདོད་ན། མཎྜལ་ཁྲུ་གང་པ་ལ་མེ་ཏོག་གི་ཚོམ་བུ་དགུ་ལ་དབུས་སུ་མགོན་པོ་བྱམས་པ་ལ་དེ་བཞིན་གཤེགས་པ་རིགས་བཞི་དང༌། ཡུམ་བཞིས་བསྐོར་བར་བསམས་ལ། དེ་ལ་མཆོད་པ་ལྔ་དང་གཏོར་མ་ཕུལ་ལ་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ། དངོས་གྲུབ་བླངས་ལ་ཚར་བ་དང་མི་དམིགས་པར་བསམ་མོ། །གཟུངས་ཆོག་བྱེད་པར་འདོད་ན། བུམ་པ་བཅའ་བ་ལ་སོགས་གཞུང་གཞན་དང་མཐུན་པར་བྱས་ལ། བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གསང་སྔགས་དགོད། བུམ་པའི་སྟེང་དུ་འཕགས་པ་བྱམས་པ་བསྒོམ། དེའི་ཕྱག་ལས་བདུད་རྩིའི་ཆུ་བྱུང་བས་བུམ་པའི་ཡི་གེ་ལ་ཐིམ་པས་ཡི་གེ་འོད་དུ་ཞུ་བས་བུམ་པའི་ནང་ཁེངས་པར་བསམ་ཞིང་གསང་སྔགས་བཟླ། བཟླས་པ་ཚར་བ་དང༌། འཕགས་པ་བྱམས་པ་ལ་མཆོད་པ་དང་གཏོར་མས་མཆོད་ལ་གཤེགས་སུ་གསོལ། ཆུ་དེས་རང་དང་གཞན་ལ་ཕན་གདགས་པར་བྱས་ན། ཕན་ཡོན་བསམ་གྱིས་མི་ཁྱབ་གསུང༌། དེ་ཉིད་ལ་སྔགས་འདག་བྱེད་ནའང་ཁྲུས་ཆུས་ས་དཀར་པོ་དྲི་མ་མེད་པ་སྦྲུས་པ་རི་ལུ་བྱ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གསང་སྔགས་བཀོད་པ་དེ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་བས་རི་ལུ་ལ་ཐིམ་པས་བདུད་རྩིས་མེར་གྱིས་གྱུར་པར་བསྒོམས་ལ། དེ་ལྟ་བུའི་རིལ་བུས་བདག་གཞན་ལ་ཕན་གདགས་པར་བྱའོ། །སྲུང་སྐུད་བྱེད་ན་སྐུད་པ་གཙང་མ་ལ་རྡོ་རྗེའི་མདུད་པ་གསུམ་མམ་ལྔ་བྱས་ལ། སྙིམ་པའི་བར་དུ་བཅུག་ལ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གསང་སྔགས་བཀོད་ལ་འོད་དུ་ཞུ་བ་ལས་བྱུང་བའི་སྐུད་པར་བསྒོམས་ལ། དེ་ལ་རྟེན་འབྲེལ་གྱི་སྔགས་གསུམ་མམ་ལྔ་བཟླས་པས་རབ་གནས་བྱས་ལ་ཕན་གདགས་པར་བྱའོ། །འདི་ཉམས་སུ་བླངས་པའི་ཕན་ཡོན་དཔག་ཏུ་མེད་པ་ནི་གཞུང་གཞན་ལྟར་ཤེས་པར་བྱའོ། །འཕགས་པ་བྱམས་པའི་ཆོས་སྐོར་ཡན་ལག་དང་བཅས་པ་རྫོགས་སོ། །བླ་མ་བ་རི་ལོ་ཙཱ་བའི་གདམས་ངག་ས་སྐྱ་པའི་ཞལ་གདམས་ཡི་གེར་བཀོད་པའོ། །ས་མཱཔྟ་མི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*