༼ཕ༽
༄༅། །མི་གཡོ་བའི་སྒྲུབ་ཐབས་བཞུགས།།
༄༅། །བླ་མ་དང་རྗེ་བཙུན་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །རྗེ་བཙུན་མི་གཡོ་བ་བསྒོམ་པར་འདོད་པའི་གང་ཟག་གིས། སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་རྗེ་བཙུན་མི་གཡོ་བ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་རང་གི་སྙིང་གི་ནང་དུ་ཉི་མའི་སྟེང་དུ། ཧཱུྃ་སྔོན་པོ་བསྒོམས་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སྤྱི་གཙུག་ནས་རྐང་པའི་མཐིལ་གྱི་བར་དུ་ལུས་ཡོངས་སུ་གང༌། སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས། ཕྱིར་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། སླར་རང་ལ་འདུས་པས། རང་ཉིད་རྗེ་བཙུན་ཁྲོ་བོའི་རྒྱལ་པོར་གྱུར་པ་ནི། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། པུས་མོ་གཡོན་པའི་ལྷ་ང་གཞི་ལ་བཙུགས་ཤིང༌། གཡས་པ་བཞེངས་སྟབས་ཀྱི་ཚུལ་གྱིས་བཞུགས་པ། ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་སྔོན་པོ། ཕྱག་གཡས་པས་ཡེ་ཤེས་ཀྱི་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད་པ་ལ་རྡོ་རྗེའི་ཞགས་པས་དཀྲིས་པ། སྤྱན་གསུམ་གྱི་གཡས་པ་སྟེང་དུ་གཟིགས་པས་ལྷའི་བདུད་ཚར་གཅོད་ཅིང༌། གཡོན་པ་འོག་ཏུ་གཟིགས་པས་ཀླུའི་བདུད་ཚར་གཅོད་པ། དབུས་མ་ཐད་ཀར་གཟིགས་པས་བགེགས་ཕྲ་མོ་ཐམས་ཅད་འཇོམས་ཤིང༌། ཡ་སོས་མ་མཆུ་མནན་པ། ཀླུ་དང་ས་བདག་དབང་དུ་འདུས་པའི་རྟགས་སུ་སྦྲུལ་དཀར་པོ་སེ་རལ་ཁར་བྱས་ཤིང༌། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཞིང༌། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་པའི་སྟེང་དུ། སངས་རྒྱས་མི་བསྐྱོད་པས་དབུར་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསྒོམ་པར་བྱའོ། །དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དེ་ཉིད་དང་འདྲ་བ། དེའི་ཡང་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ནས་འབྲུ་ཙམ་ཞིག་དམིགས་ནས། དེ་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་དམིགས་པ་ལ་ཡིད་གཏད་ལ་མཉམ་པར་གཞག་གོ །དེ་ནས་སྔགས་ཟློ་བར་འདོད་ན། ཏིང་ངེ་འཛིན་སེམས་དཔའི་མཐའ་མར་སྔགས་ཀྱི་ཕྲེང་བ་འཁོར་བའི་འོད་ཀྱིས་བདག་གི་སྡིག་སྒྲིབ་དང༌། གདོན་ཐམས་ཅད་སྦྱངས་ཤིང༌། ཕྱིར་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་སྦྱངས་ནས། ཁྲོ་རྒྱལ་ཀྱི་གོ་འཕང་ལ་བཀོད། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་བསྐུལ་བས་བདག་ལ་བྱིན་གྱིས་རློབ་པར་བསམ་ཞིང༌། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་ཇི་སྲིད་མི་སྐྱོའི་བར་དུ་བཟླའོ། །ཕྲེང་བའི་མདོ་འཛིན་ནས་བཟུང་ནས་མདོ་འཛིན་ལ་མ་སླེབས་ཀྱི་བར་དུ་ངག་གཞན་གྱིས་བར་མ་ཆོད་པར་བྱའོ། །གྲངས་ཀྱི་བསྙེན་པའི་ཚད་ནི་འབུམ་ཕྲག་བརྒྱད་ཅུའོ། །བྱང་ཆུབ་བསྒྲུབ་པ་ལ་ནི་ཚད་མེད་དོ། །བཟླས་པ་ཚར་བ་དང༌། དགེ་བའི་རྩ་བ་སངས་རྒྱས་སུ་བསྔོས་ལ། སྤྱོད་ལམ་ཐམས་ཅད་ལྷའི་ང་རྒྱལ་གྱིས་བྱའོ། །གཏོར་མ་གཏོང་བའི་ཚེ། དཀར་གཏོར་དྲུག་ཅུ་རྩ་བཞི་ལ་སོགས་པ་བཤམས་ལ། ཨོཾ་བཛྲ་ཨ་མྲྀ་ཏས་མ་དག་པ་བསངས། ཨོཾ་སྭ་བྷཱ་ཝས་སྟོང་པར་བསམ། སྟོང་པའི་ངང་ལས། ཨོཾ་ཞེས་བརྗོད་པས། རིན་པོ་ཆེའི་སྣོད་རྒྱ་ཆེན་པོ་དང༌། ཨཱཿཞེས་བརྗོད་པས། དེ་ལྷའི་བདུད་རྩིས་གང་བ་དང༌། ཧཱུྃ་ཞེས་བརྗོད་པས། ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་ཞིང༌། སླར་ཡང་ཨོཾ་ཨཱཿཧཱུྃ། ཞེས་ཡང་ཡང་བརྗོད་པས་བྱིན་གྱིས་བརླབས་ནས། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་མི་གཡོ་བ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་པ་ལ་གཏོར་མ་ཕུལ་བས་གསོལ་བར་བསམ་ཞིང༌། སྔགས་སྔ་མ་ཉིད་ཀྱིས་ལན་བདུན་དུ་ཕུལ་ནས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་བདུག་སྤོས། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། ཨོཾ་བཛྲ་གྷནྡྷེ་ཨཱཿཧཱུྃ་གིས་དྲི་དང༌། ཨོཾ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་གིས་ཞལ་ཟས་རྣམས་ཕུལ་ནས། ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མ་གཡོས་ཤིང༌། །སྤྲུལ་པའི་གཟུགས་ཀྱིས་འགྲོ་དོན་དཔག་མེད་མཛད། །འཇིགས་བྱེད་ཆེན་པོས་འགྲོ་བ་ཀུན་སྒྲོལ་ཞིང༌། །སྲིད་པ་གསུམ་ན་དགྱེས་པའི་གར་མཛད་དེ། །སྲིད་པའི་ཆུ་བོ་སྐེམས་ཤིང་མི་མཐུན་བདུད་རྣམས་འཇོམས། །སྲིད་པའི་རླུང་གིས་མ་གཡོས་ཐུགས་རྗེ་མི་གཡོ་མགོན། །རབ་བརྗིད་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ནས། གཤེགས་སུ་གསོལ་ལོ། །ཉལ་བའི་ཚེ་ཆོས་ཐམས་ཅད་རང་གི་སེམས་སུ་བསྡུས་ལ། སེམས་ཧཱུྃ་གི་རྣམ་པས་ཉལ་བར་བྱའོ། །ལྡང་བའི་ཚེ་སྐད་ཅིག་གིས་ལྷའི་ང་རྒྱལ་གྱིས་ལྡང་བར་བྱའོ། །རྗེ་བཙུན་མི་གཡོ་བའི་སྒྲུབ་པའི་ཐབས། རྗེ་ས་སྐྱ་པའི་གསུང་བཞིན་འཕགས་པས་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply