༼ཕ༽
༄༅། །རི་ཁྲོད་ལོ་མ་ཅན་གྱི་བསྟོད་པ་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་པར་འཕྲུལ་པ་ལས་བྱུང་བའི། །ལྷ་མོ་གང་གིས་སྒྲུབ་པོའི་ནད་གདོན་བགེགས། །ཀུན་དུ་ཞི་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞིང་དང་ཡུལ་རྣམས་ཀུན་དུ་རྣམ་འཕྲུལ་ཞིང༌། །ཁྱད་པར་རི་ཁྲོད་གནས་སུ་རྣམ་རོལ་ནས། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བ། །རི་ཁྲོད་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །སྣ་ཚོགས་ཞལ་དང་ཕྱག་ཞབས་སྣ་ཚོགས་དང༌། །སྣ་ཚོགས་མདོག་དང་སྣ་ཚོགས་ཆ་ལུགས་དང༌། །སྣ་ཚོགས་རྒྱན་དང་སྣ་ཚོགས་ཕྱག་མཚན་གྱིས། །རྣམ་པར་སྒེག་པ་ཁྱེད་ལ་ཕྱག་འཚལ་ལོ། །ཁྱད་པར་གང་གིས་འདུལ་བའི་ཐབས་མཁྱེན་ནས། །མེ་ཏོག་འབྲས་བུ་དུ་མས་རྣམ་སྤུད་པའི། །ཤིང་ལོ་གསར་པའི་ན་བཟས་རབ་ཀླུབས་པ། །ལོ་མ་གྱོན་པ་ཁྱོད་ལ་ཕྱག་འཚལ་ལོ། །གསུང་གི་རིག་སྔགས་ཞི་བའི་ང་རོ་ཡིས། །འགྲོ་བའི་རིམས་དང་སྡུག་བསྔལ་ཞི་མཛད་ཅིང༌། །དྲག་པོའི་གསང་སྔགས་འབྲུག་ལྟར་ཆེར་བསྒྲགས་པས། །གདུག་པ་འཇོམས་མཛད་གསུང་ལ་ཕྱག་འཚལ་ལོ། །ཉིད་ཐུགས་ཞི་བས་འགྲོ་བ་ཞི་མཛད་ཅིང༌། །བརྩེ་བས་རྗེས་ཆགས་དགྱེས་པ་ཆེན་པོ་ཡིས། །ཚེ་དང་དཔལ་འབྱོར་རྣམ་པར་རྒྱས་མཛད་མ། །རྣམ་གྲོལ་ཡངས་པའི་ཐུགས་མངའ་ཁྱེད་ལ་འདུད། །སྒྲུབ་དང་བཟླས་བརྗོད་བརྩོན་པས་ཉིད་ཀྱི་ཐུགས། །བསྐུལ་བས་བདག་ལ་བརྩེ་བ་ཉེར་དགོངས་ནས། །བགེགས་དང་ནད་སོགས་སྡུག་བསྔལ་ཞི་བ་དང༌། །ཚེ་དང་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། །སྐྱེ་བ་ཀུན་དུ་བདག་གི་མགོན་མཛད་དེ། །ཉམ་ངའི་འཇིགས་པ་ཀུན་ལས་བསྐྱབ་པ་དང༌། །སྲིད་ཞིའི་བདེ་དགའ་རྒྱ་མཚོས་རབ་འབྱོར་ཅིང༌། །རྫོགས་སངས་ཡོན་ཏན་རྒྱ་མཚོར་འགྱུར་བར་མཛོད། །རྗེ་བཙུན་མ་རི་ཁྲོད་ལོ་མ་ཅན་གྱི་བསྟོད་པ། དགེ་སློང་རྡོ་རྗེ་འཛིན་པ་འཕགས་པས་ཆུ་མིག་དཔལ་གྱི་བདེ་ཆེན་དུ་སྦྱར་བའོ།། །།ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་དུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏི་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply