ཨ་རོག་ཆེ་ལ་གནང་བའི་བཀྲ་ཤིས།

༼ཕ༽

༄༅། །ཨ་རོག་ཆེ་ལ་གནང་བའི་བཀྲ་ཤིས་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། རྣམ་འདྲེན་བླ་མ་མཆོག་དང་དཀོན་མཆོག་དང༌། །ལྷ་མཆོག་རྣམས་དང་སྔགས་དང་གྲུབ་པའི་རྫོངས། །བཀྲ་ཤིས་ཡིད་འོང་འབྱུང་གནས་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པ་ཁྱེད་ལ་སྦྱིན་གྱུར་ཅིག །ཤར་གྱི་ཕྱོགས་སུ་ཉོན་མོངས་ཀུན་བསྐྱོད་པའི། །ཞིང་དུ་བཞུགས་པའི་སངས་རྒྱས་རྗེས་སྤྱོད་ཀྱི། །འཁོར་དང་བཅས་པའི་བཀྲ་ཤིས་ཕུན་ཚོགས་ཀྱིས། །རྒྱལ་སྲས་འཁོར་བཅས་ཤར་དུ་བདེ་ལེགས་ཤོག །ལྷོ་ཕྱོགས་མུན་པ་བཅོམ་པ་སེམས་བསྐྱེད་པ། །ཡིད་མཛད་བསྙེངས་བྲལ་མངོན་འཕགས་རྒྱལ་པོ་ནི། །འཁོར་དང་བཅས་པའི་བཀྲ་ཤིས་ཕུན་ཚོགས་ཀྱིས། །རྒྱལ་སྲས་འཁོར་བཅས་ལྷོ་རུ་བདེ་ལེགས་ཤོག །ནུབ་ཀྱི་ཕྱོགས་ཀྱི་འཇིག་རྟེན་ཡུལ་ཕེབས་པར། །ཐུབ་པ་འཁོན་དང་རྒྱགས་པ་རྣམ་གནོན་ནི། །འཁོར་དང་བཅས་པའི་བཀྲ་ཤིས་ཕུན་ཚོགས་ཀྱིས། །རྒྱལ་སྲས་འཁོར་བཅས་ནུབ་ཏུ་བདེ་ལེགས་ཤོག །བྱང་ཕྱོགས་སངས་རྒྱས་སྤོབས་པ་ཅན་ཞེས་བྱར། །བདེ་གཤེགས་རིན་ཆེན་གཟུགས་བཀོད་འོད་གནོན་ནི། །འཁོར་དང་བཅས་པའི་བཀྲ་ཤིས་ཕུན་ཚོགས་ཀྱིས། །རྒྱལ་སྲས་འཁོར་བཅས་བྱང་དུ་བདེ་ལེགས་ཤོག །བྱང་ཤར་བདུད་ཀྱི་སྡེ་བཅོམ་ཞེས་བྱ་བར། །བདུད་དང་ཡིད་གཉིས་ཀུན་འཇོམས་རྣམ་གནོན་པ། །འཁོར་དང་བཅས་པའི་བཀྲ་ཤིས་ཕུན་ཚོགས་ཀྱིས། །རྒྱལ་སྲས་བྱང་ཤར་ཕྱོགས་སུ་བདེ་ལེགས་ཤོག །ཤར་ལྷོ་རྟག་ཏུ་སྣང་བའི་འཇིག་རྟེན་དུ། །དང་པོ་སེམས་བསྐྱེད་ཕྱིར་མི་ལྡོག་པ་ཡི། །འཁོར་ལོ་འབྱུང་དཔལ་འཁོར་བཅས་བཀྲ་ཤིས་ཀྱིས། །རྒྱལ་སྲས་ཤར་ལྷོ་ཕྱོགས་སུ་བདེ་ལེགས་ཤོག །ལྷོ་ནུབ་གསེར་གྱི་དྲ་བས་གཡོགས་པ་རུ། །བདེ་གཤེགས་རིན་ཆེན་གདུགས་འཕགས་སྣང་བ་ནི། །འཁོར་དང་བཅས་པའི་བཀྲ་ཤིས་ཕུན་ཚོགས་ཀྱིས། །རྒྱལ་སྲས་འཁོར་བཅས་ལྷོ་ནུབ་བདེ་ལེགས་ཤོག །ནུབ་བྱང་ཡོངས་དག་རབ་གནས་མངོན་འཕགས་པར། །བཅོམ་ལྡན་བྱང་ཆུབ་སེམས་དཔའ་འདུལ་བ་ནི། །འཁོར་དང་བཅས་པའི་བཀྲ་ཤིས་ཕུན་ཚོགས་ཀྱིས། །རྒྱལ་སྲས་འཁོར་བཅས་ནུབ་བྱང་བདེ་ལེགས་ཤོག །སྟེང་ཕྱོགས་དམིགས་མེད་ཡིད་ལ་བྱེད་པར་ནི། །སྐྲག་མེད་མུན་བྲལ་ཏིང་འཛིན་མངོན་འཕགས་རྒྱལ། །འཁོར་དང་བཅས་པའི་བཀྲ་ཤིས་ཕུན་ཚོགས་ཀྱིས། །རྒྱལ་སྲས་འཁོར་བཅས་ཀུན་དུ་བདེ་ལེགས་ཤོག །འོག་ཕྱོགས་ཡོན་ཏན་ཀུན་གྱིས་བརྒྱན་པ་རུ། །དང་པོ་སེམས་བསྐྱེད་ཐེ་ཚོམ་གཅོད་མཛད་པ། །ཉོན་མོངས་བསྐྱོད་པ་འཁོར་བཅས་བཀྲ་ཤིས་ཀྱིས། །རྒྱལ་སྲས་འཁོར་བཅས་ཀུན་དུ་བདེ་ལེགས་ཤོག །དབུས་ཀྱི་ཞིང་ཁམས་མི་མཇེད་འདི་ཉིད་དུ། །སྟོན་པ་སྐྱོབ་པ་ཤཱཀྱ་ཐུབ་པ་ནི། །འཁོར་དང་བཅས་པའི་བཀྲ་ཤིས་ཕུན་ཚོགས་ཀྱིས། །རྒྱལ་སྲས་གནས་དུས་ཀུན་དུ་བདེ་ལེགས་ཤོག །དེ་ལྟར་བཀྲ་ཤིས་ཕུན་ཚོགས་ཐམས་ཅད་ཀྱིས། །ཤིས་པས་རྒྱལ་བུ་ཁྱོད་ལ་ཤིས་བྱའི་ཕྱིར། །དགེ་སློང་འཕགས་པ་ཞེས་བྱས་ཉེར་བསྡེབས་ནས། །རྒྱལ་བུ་ཨ་རོག་ཆེ་ལ་ཕུལ་བ་ལགས། །མེ་ཕོ་བྱི་བའི་ལོ་གསར་པ་བཀྲ་ཤིས་པར་བྱ་བའི་ཕྱིར། ཕྱོགས་བཅུ་མུན་པ་རྣམས་པར་སེལ་བའི་མདོའི་རྗེས་སུ་འབྲང་བའི་བཀྲ་ཤིས་ཀྱི་ཚིགས་དུ་བཅད་པ་རྣམ་པར་སྤེལ་བ་འདི། ཤིང་མོ་ཕག་གི་ལོ་རྒྱལ་གྱི་ཟླ་བ་ཚེས་ཉི་ཤུ་གཅིག་གི་ཉིན་པར་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བའོ།།  ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*