རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པའི་རྣམ་པར་བཤད་པ་གསུང་རབ་གསལ་བའི་རྒྱན།

༼ཕ༽

༄༅། །རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པའི་རྣམ་པར་བཤད་པ་གསུང་རབ་གསལ་བའི་རྒྱན་ཞེས་བྱ་བ་བཞུགས་སོ།།

༄༅། །རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པའི་རྣམ་པར་བཤད་པ་གསུང་རབ་གསལ་བའི་རྒྱན་ཞེས་བྱ་བ། སངས་རྒྱས་ཀུན་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡོན་ཏན་བརྒྱ་ཕྲག་ཁྲག་ཁྲིག་གཟི་ཡིས་རབ་འབར་ཞིང༌། །ཉེས་པའི་ཚང་ཚིང་ཚོགས་ཀུན་ཀུན་ནས་བཅོམ་གྱུར་ནས། །འགྲོ་བའི་གཏི་མུག་རབ་རིབ་རབ་ཏུ་འཕྲོག་བྱེད་པའི། །ཀུན་མཁྱེན་ཉི་མར་མི་ཕྱེད་དད་པས་ཕྱག་འཚལ་ནས། །རྒྱལ་བའི་གསུང་རབ་རྒྱ་མཚོ་ཆེན་པོའི་ངོགས། །བདེ་བླག་ཉིད་དུ་རྟོགས་བྱེད་ཆོས་རྒྱལ་གསུང༌། །མི་དབང་རྒྱལ་པོའི་དོན་དུ་བསྙད་པ་འདི། །རྒྱལ་བའི་བཀའ་དང་བླ་མའི་གསུང་བཞིན་བཤད། །དེ་ལ་འདིར་བདེ་བར་གཤེགས་པའི་གསུང་རབ་རབ་འབྱམས་མ་ལུས་པའི་སྙིང་པོ་དམ་པའི་གསུང་གིས་ལེགས་པར་བསྡུས་ཏེ། བདེ་བླག་ཏུ་ཉམས་སུ་ལེན་པའི་ཚུལ་སྟོན་པ། རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པ་འདི། བླ་མ་དམ་པ་དེ་ཉིད་ཀྱི་གསུང་ལས་ཇི་ལྟར་བྱུང་བ་བཞིན་དུ་བདག་གིས་ཇི་ལྟར་ནུས་པས་བཤད་པར་བྱའོ། །དེ་ལ་བསྟན་བཅོས་རྩོམ་པར་འདོད་པས། བདག་ཉིད་དམ་པའི་སྤྱོད་པ་དང་མཐུན་པ་དང༌། བསྟན་བཅོས་རྩོམ་པའི་བྱ་བ་མཐར་ཕྱིན་པར་བྱ་བ་དང༌། བདག་དང་རྗེས་འཇུག་གི་རྒྱུད་ལ་བསོད་ནམས་རྒྱ་ཆེན་པོ་བསྐྲུན་པར་བྱ་བའི་དོན་དུ་སྟོན་པ་ལ་མཆོད་པར་བརྗོད་པའི་ངག་ཉེ་བར་བཀོད་ནས། འཆད་པར་དམ་བཅའ་བ་ནི། སྙན་པར་གྲགས་པའི་སྒྲ་ཡིས་དཔལ་དང་ནི། །ཡོན་ཏན་རྨད་བྱུང་དོན་གྱི་དཔལ་མངའ་བ། །སངས་རྒྱས་དཔལ་གྱི་ཕུལ་ལ་ཕྱག་འཚལ་ནས། །དབང་ཕྱུག་དམ་པའི་དཔལ་ལ་འདི་གསོལ་ལོ། །ཞེས་གསུངས་ཏེ་ཕྱག་འཚལ་ཞེས་ཁྱད་པར་གྱི་གཞིར་བླངས་ལ། གང་ལ་ཕྱག་འཚལ་ཞེ་ན་སངས་རྒྱས་ལའོ། །སངས་རྒྱས་དེ་ཇི་ལྟ་བུ་ཞེ་ན་དཔལ་གྱི་ཕུལ་དུ་བྱུང་ཞིང་ཁྱད་པར་དུ་འཕགས་པའོ། །དཔལ་དེ་ནི་རྣམ་པ་གཉིས་ཏེ། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །ཞེས་པའི་ཚུལ་གྱིས་སྙན་པའི་གྲགས་པ་རྒྱ་ཆེ་བ་སྒྲའི་དཔལ་མངའ་བའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་རིགས་པ་དང་གྲོལ་བའི་ཡོན་ཏན་ཅི་རིགས་པ་ཡོད་ཀྱང༌། སྙན་པའི་གྲགས་པ་རྒྱ་ཆེ་བ་མེད་དོ། །སྙན་པར་གྲགས་པ་རྒྱ་ཆེ་བ་སྒྲ་ཙམ་ནི། ཚངས་པ་དང་དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་པ་ལ་ཡང་ཡོད་པའི་ཕྱིར། ཁྱད་པར་དུ་འཕགས་པར་མི་འཐད་དོ་སྙམ་པའི་དོགས་པ་སྤང་བའི་ཕྱིར། ཡོན་ཏན་རྨད་བྱུང་ཞེས་གསུངས་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྩད་ནས་བཅད་ཅིང༌། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡོན་ཏན་ངོ་མཚར་ཞིང་རྨད་དུ་བྱུང་བ་དོན་གྱི་དཔལ་ནི་སངས་རྒྱས་འབའ་ཞིག་ལ་མངའི། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་མེད་ན། འཇིག་རྟེན་པའི་སྟོན་པ་ཚངས་པ་ལ་སོགས་པ་ལ་ལྟ་ཅི་སྨོས། སློབ་དཔོན་མ་ཏི་ཙི་ཏྲས་ཀྱང༌། ཐམས་ཅད་མཁྱེན་ལ་ཡོན་ཏན་ཀུན། །མངའ་ལ་དེ་ཡང་ཉམས་མི་མངའ། །ཉེས་པ་བག་ཆགས་དང་བཅས་པའང༌། །སྐྱོབ་པ་གཅིག་པུ་ལ་མི་མངའ། །ཞེས་སོ། །དེའི་ཕྱིར་འཇིག་རྟེན་ན་ཆེ་བའི་ཆེ་བར་གྲགས་པ་དེ་དག་གིས་ཀྱང་བསྟོད་ཅིང་བཀུར་བས་ན། སྙན་པའི་གྲགས་པ་ཡང་མཐའ་མེད་པ་ཡིན་ནོ། །གང་ཟག་གང་གིས་ཕྱག་འཚལ་ཞེ་ན། བསྟན་བཅོས་མཛད་པ་པོ་ཉིད་ཀྱིས་སོ། །དེ་ལྟ་བུའི་ཡུལ་ཁྱད་པར་དུ་འཕགས་པ་ལ་མཆོད་པར་བརྗོད་ནས། བྱ་བ་ཅི་ལ་འཇུག་ཅེ་ན། དབང་ཕྱུག་དམ་པའི་དཔལ་ལ་གདམས་པའི་གཞུང་འདི་སྙན་དུ་གསོལ་བའོ། །དབང་ཕྱུག་ནི་རྒྱལ་སྲིད་ལ་དབང་བསྒྱུར་བའི་ཕྱིར་རྒྱལ་པོའི་མིང་ཡིན་ལ། དེ་ནི་རྒྱལ་པོ་ཕལ་པ་ལ་ཡང་བརྗོད་པའི་ཕྱིར། དེ་ལས་ཁྱད་པར་འཕགས་པར་བསྟན་པའི་ཕྱིར། དམ་པ་ཞེས་གསུངས་ཏེ། དམ་པའི་ཆོས་ཀྱི་དཔལ་མངའ་ཞིང༌། །དམ་པའི་སྤྱོད་པ་དང་ལྡན་པའི་ཕྱིར་རོ། །འདིས་ནི་ཆོས་སྐྱོང་བའི་རྒྱལ་པོར་ཡང་བསྟན་ཏོ། །དེ་ལྟར་མཆོད་པར་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱིས་བཤད་པར་དམ་བཅའ་བ་བསྟན་ནས་དེ་ལྟ་བུའི་རྒྱལ་པོ་དེ་ནི་ཡང་དག་པའི་དགེ་བའི་བཤེས་གཉེན་འདི་ཉིད་ཀྱིས་ཡོངས་སུ་བཟུང་བས་སྔར་ཡང་དེ་ཉིད་ཀྱི་ཞལ་སྔ་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་མང་པོ་གསན་ཞིང་འཇིག་རྟེན་དང་ཆོས་ཀྱི་ཚུལ་ལ་མ་རྨོངས་པའི་ཕྱིར་གཞུང་འདི་གདམས་པ་ལ་དགོས་པ་མེད་དོ་སྙམ་དུ་ལོག་པར་རྟོག་པ་དགག་པའི་ཕྱིར། ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་བཅོས་འདིའི་དགོས་འབྲེལ་གྱི་ངག་བསྟན་ཏེ། གཙུག་ལག་གཉིས་ཀྱི་མཆིད་ནི་སྙན་དགུ་ཞིག །ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། །སིལ་སྙན་མཁན་གྱི་གླུ་དང་སིལ་སྙན་ལྟར། །སྙན་ངག་མཁན་གྱིས་སླར་ཡང་ཅིས་མི་གླེང༌། །ཐུབ་པས་མཐའ་ཡས་གདུལ་བྱའི་དོན་སླད་དུ། །ཆོས་ཀྱི་ཕུང་པོ་བགྲང་ཡས་གང་གསུངས་པ། །ཀུན་ཀྱང་ཉམས་སུ་བླང་རྒྱུ་འབའ་ཞིག་སྟེ། །དེ་ཡི་ཚུལ་ཡང་འདི་བཞིན་མཁྱེན་པར་མཛོད། །ཅེས་གསུངས་ཏེ། དེ་ལ་ཚིགས་སུ་བཅད་པ་སྔ་མས་ནི་དོགས་པ་ལ་ལོག་པར་རྟོག་པ་བསལ་བ་ཡིན་ཏེ། འཇིག་རྟེན་དང་ཆོས་ཀྱི་གཙུག་ལག་གཉིས་ཀྱི་མཆིད་ནི་སྙན་དགུ་ཞིག ཁྱོད་ཀྱི་ཐུགས་སུ་སྔར་ལྟ་ཡང་ཆུད་ཟིན་མོད་ཀྱི་རྩེ་འཇོ་ཙམ་གྱི་དོན་དུ་ཡང་གླུ་དང་སིལ་སྙན་རྣམས་སྔར་ཐོས་ཟིན་ཀྱང་སིལ་སྙན་མཁན་རྣམས་ཀྱིས་ཉིན་རེ་ཞིང་སྒྲོགས་པ་ལྟར། སྙན་ངག་མཁན་གྱིས་ཤིན་ཏུ་དོན་ཆེ་བའི་དམ་པའི་ཆོས་ཀྱི་ཚུལ་སྙན་ངག་གི་ངག་གིས་བསྙད་ནས་སླར་ཡང་ཅིའི་ཕྱིར་མི་གླེང་སྟེ་གླེང་བར་འོས་སོ། །འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་པོ་བདེ་སྤྱོད་ལ་སྤྲིང་བ་ལས་ཀྱང༌། བདེ་བར་གཤེགས་པའི་བཀའ་ནི་སྙན་དགུ་ཞིག །ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། །རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ཀྱང༌། །ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས། །ཞེས་པ་དང་ཚུལ་མཐུན་པ་ཡིན་ནོ། །ཚིགས་སུ་བཅད་པ་ཕྱི་མས་དགོས་འབྲེལ་གྱི་ངག་དངོས་བསྟན་པ་ལས། བརྗོད་པར་བྱ་བ་ནི་ཆོས་ཀྱི་ཕུང་པོ་བགྲང་ཡས་གང་གསུངས་པ་དེ་ཐམས་ཅད་ཡིན་ནོ། །དགོས་པ་ནི་དེའི་ཚུལ་འདི་བཞིན་མཁྱེན་ཞིང་ཉམས་སུ་བླང་བགྱིར་ཤེས་པའོ། །དགོས་པའི་དགོས་པ་ནི་ཐུབ་པས་མཐའ་ཡས་གདུལ་བྱའི་དོན་གྲུབ་པ་བཞིན་རྒྱལ་པོས་ཀྱང་གྲུབ་པར་མཛོད་ཅེས་དོན་གྱིས་བསྟན་ཏེ། འོག་ནས་ཀྱང༌། མི་དབང་ཁྱོད་ཀྱང་དེ་འདྲར་མཛད་དུ་གསོལ། །ཞེས་འབྱུང་བས་སོ། །འབྲེལ་པ་ནི་ཤུགས་ཀྱིས་གོ་བའི་ཕྱིར་མ་གསུངས་སོ། །དེ་ལ་ཐུབ་པ་ནི་སྐུ་དང་གསུང་ཐུགས་ཐུབ་པ་ཐུན་མོང་མ་ཡིན་པ་མངའ་བའི་ཕྱིར་སངས་རྒྱས་ཏེ། དེས་མཐའ་ཡས་པའི་གདུལ་བྱའི་ཁམས་དང་མོས་པ་དང་བག་ལ་ཉལ་དང་མཐུན་པར་ཆོས་ཀྱི་ཕུང་པོ་བགྲང་བ་ལས་འདས་པ་གསུངས་སོ། །དེ་ལ་ཆོས་ནི་དྷརྨའི་སྒྲ་ལས། དྷ། དྷ་ར་སྟེ་འཛིན་པ། མ། མ་ན་སྟེ་ཡིད་འཛིན་པའི་དོན་ཡིན་ལ། ཀུན་རྫོབ་ཏུ་ཆོས་ཐམས་ཅད་རང་རང་གི་མཚན་ཉིད་འཛིན་ལ། རྣམ་པར་བརྟགས་ན་ཆོས་གང་ལ་ཡང་མཚན་ཉིད་མེད་པས་དེའི་དོན་ལ་ཡིད་གཟུང་བས་འཁོར་བ་ལས་འཛིན་པར་ནུས་པའི་ཕྱིར་རོ། །ཕུང་པོ་ནི་སྐནྡྷ་སྟེ། ཡི་གེ་དང་མིང་དང་ཚིག་བསགས་ཤིང་ཚོགས་པའི་ཕྱིར་རོ། །ཆོས་ཀྱི་ཕུང་པོ་དེ་བརྒྱད་ཁྲིར་གསུངས་པ་མ་ཡིན་ནམ། ཅིའི་ཕྱིར་བགྲང་བ་ལས་འདས་ཤེ་ན། བརྒྱད་ཁྲིར་གསུངས་པ་ནི་ཀུན་དགའ་བོས་ཐོས་པ་རྣམས་ལ་ཚད་བྱས་པ་ཡིན་གྱི། མཐའ་ཡས་པའི་གདུལ་བྱའི་ཁམས་དང་མོས་པ་དང་བག་ལ་ཉལ་དང་མཐུན་པར་གསུངས་པའི་ཆོས་ཀྱི་ཕུང་པོ་ལ་སུས་ཚད་གཟུང་བར་ནུས། མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌། སུ་ཞིག་སངས་རྒྱས་ཆོས་ལ་ཚད་འཛིན་པ། །མི་དེའི་སེམས་ནི་ཤིན་ཏུ་མྱོས་པར་འགྱུར། །ཚད་ལས་འདས་པ་ལ་ནི་ཚད་གཟུང་མེད། །འདྲེན་པ་ཡོན་ཏན་ཐམས་ཅད་བསམ་མི་ཁྱབ། །ཅེས་གསུངས་སོ། །དེ་ལྟར་བགྲང་བ་ལས་འདས་པའི་ཆོས་ཀྱི་ཕུང་པོ་དེ་ཐམས་ཅད་ཐོས་པ་དང་རྩོད་པ་དང་ངན་གཡོ་ལ་སོགས་པ་ལྷུར་ལེན་པ་མ་ཡིན་གྱི། སྒྲུབ་པ་ཉམས་སུ་བླང་བགྱིར་འབའ་ཞིག་ལྷུར་ལེན་པ་ཡིན་ཏེ། ཐམས་ཅད་ཀྱང་ཕན་པ་དང་བདེ་བ་འབའ་ཞིག་སྟོན་པའི་ཕྱིར་རོ། །དེ་སྐད་དུ་ཡང་སློབ་དཔོན་མ་ཏི་ཙི་ཏྲས། ཕན་པ་གསུང་ཞིང་ཕན་པ་མཛད། །ཁྱོད་ཀྱི་བསྟན་པ་ཅི་སྨོས་ཏེ། །མགོ་ལ་ཞུགས་ནི་འབར་བས་ཀྱང༌། །ཅི་ཡི་སླད་དུ་བསྒྲུབ་མི་བགྱི། །ཞེས་གསུངས་ལ། རྣམ་འགྲེལ་ལས་ཀྱང༌། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། །འབྲས་མེད་ཕྱིར་ན་བརྫུན་མི་གསུང༌། །ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཡང༌། །གཞན་གྱི་དོན་དུ་སྦྱོར་བར་བྱེད། །ཅེས་མཁྱེན་པ་མངའ་བས་བརྫུན་མི་གསུངས་ལ། བརྩེ་བ་མངའ་བས་ཕན་པ་གསུང་བར་སྒྲུབ་བོ། །དེ་ལྟར་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྡེ་སྣོད་ཀྱང་བྱང་ཆུབ་སེམས་དཔས་ཉམས་སུ་བླང་བྱ་ཡིན་ནམ་ཞེ་ན། དེ་ལྟ་ཡིན་ཏེ་ཉན་ཐོས་དང་རང་རྒྱལ་གྱི་སྡེ་སྣོད་ལས་ནི་ལུས་ངག་གི་ཉེས་སྤྱོད་སྡོམ་པ་གཙོ་ཆེ་བར་སྟོན་ལ། དེ་དང་བྱང་ཆུབ་སེམས་དཔའི་བསླབ་པ་མི་འགལ་ཞིང་བསམ་པ་བྱང་ཆུབ་སེམས་ཀྱིས་ཡོངས་སུ་བཟུང་བས་རྫོགས་པའི་སངས་རྒྱས་ཀྱི་ལམ་དུ་འགྲོ་བ་ཡིན་ཏེ། སོ་སོ་ཐར་པའི་རིགས་བདུན་དག །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་སྐྱེ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་དག་དང་ལྡན། །དེ་ཕྱིར་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་དཔའ་ལས་ཁྱད་འཕགས། །ཞེས་སོ། །བྱང་ཆུབ་སེམས་དཔའི་བསླབ་པ་ནི་སེམས་ཀྱི་ཉེས་སྤྱོད་སྡོམ་པ་གཙོ་ཆེ་ལ་དེ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བསླབ་པ་དང་མི་འགལ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུ་དེ་ཡང་གཞན་དོན་རྒྱ་ཆེན་པོ་མི་འགྲུབ་པ་དང་ལམ་དང་རྣམ་པ་སྐྱེ་མེད་དུ་མི་ཤེས་པ་དང༌། ཤེས་བྱའི་སྒྲིབ་པ་མ་སྤངས་པ་ཆེད་དུ་གཉེར་བ་མ་ཡིན་གྱི། རང་གི་དོན་འགྲུབ་པ་དང༌། གཞི་སྐྱེ་མེད་དུ་ཤེས་པ་དང༌། ཉོན་མོངས་པའི་སྒྲིབ་པ་སྤངས་པའི་འབྲས་བུ་ཡིན་ལ་དེ་ནི་བྱང་ཆུབ་སེམས་དཔའི་ཡང་བསྒྲུབ་བྱའི་བྱེ་བྲག་ཡིན་པའི་ཕྱིར་རོ། །གཞན་ཡང་གདུལ་བྱ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་གདུལ་བའི་དོན་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་སྟོན་དགོས་ལ། དེ་རང་གིས་ཉམས་སུ་མ་བླངས་པ་ཐོས་པའི་དོན་ཙམ་བཤད་ཀྱང་དོན་དུ་མི་འགྱུར་ཏེ། རྣམ་འགྲེལ་ལས། བརྩེ་ལྡན་སྡུག་བསྔལ་གཞོམ་བྱའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་གསུངས་ལ། རྒྱལ་བའི་ཡུམ་ལས་ཀྱང༌། བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ལམ་ཤེས་པར་བྱ་ཞེས་པ་དང༌། བྱང་ཆུབ་སེམས་དཔས་རང་སངས་རྒྱས་ཀྱི་ལམ་ཤེས་པར་བྱའོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གཞན་ཡང་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་སློབ་པའི་དུས་ན་ཆོས་ཀྱི་ཕུང་པོ་བགྲང་ཡས་ལ་བསླབ་པ་ཡིན་ཏེ། འབྲས་བུའི་དུས་ན་ཆོས་ཀྱི་ཕུང་པོ་བགྲང་ཡས་ཤེས་པའི་ཕྱིར་རོ། །ཞེས་པའི་རིགས་པས་ཀྱང་གྲུབ་བོ། །ཆོས་ཀྱི་ཕུང་པོ་མཐའ་ཡས་པ་ཀུན་ཉམས་སུ་བླང་བྱར་འདུག་པ་ལ། ཚུལ་ཇི་ལྟར་ཉམས་སུ་ལེན་ཞེ་ན། དེའི་ཚུལ་ཡང་འོག་ནས་འབྱུང་བའི་ཚུལ་འགའ་ཞིག གཞི་འགའ་ཞིག་སྔོན་ལ་འགྲོ་ཞིང༌། མཉམ་གཞག་འགའ་ཞིག་རྗེས་ལ་བྱ་བ། འགའ་ཞིག་རྒྱས་གདབ་པའི་ཚུལ་གྱིས་ཉམས་སུ་བླང་བར་བྱ་བར་མཁྱེན་པར་མཛོད་ཅེས་པའོ། །དེ་ལྟར་བསྟན་བཅོས་ཀྱི་སྔོན་དུ་འགྲོ་བ་བཤད་ནས། བསྟན་བཅོས་ཉིད་འཆད་པར་བྱེད་པ་གཙོ་བོ་དམ་པའི་ཆོས་ཀྱི་གདམས་པ་དངོས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་གྱི། དང་པོ་གཞིའི་ཚུལ་དུ་ཉམས་སུ་བླང་བར་བྱ་བ་སྟོན་པ། ཇི་ལྟར་འཇིགས་དང་ངོ་ཚས་བསྡམས་པའི་མི། །རྒྱལ་པོས་བཅས་པའི་ཁྲིམས་ལས་མི་འདའ་བར། །ཚུལ་བཞིན་གནས་པས་འཚེ་མེད་དཔལ་འཕེལ་ཞིང༌། །རྒྱལ་པོ་ལས་ཀྱང་བསྔགས་པ་ཐོབ་པ་ལྟར། །ཞེས་པས་དཔེ་བསྟན་ཏེ་དཔེར་ན་རྒྱལ་པོའི་ཆད་པས་འཇིགས་ཤིང༌། སྐྱེ་བོ་གཞན་གྱིས་སྨད་པར་འགྱུར་དུ་དོགས་པའི་ངོ་ཚས་བསྡམས་པའི་མི་དེས། རྒྱལ་པོས་བཅས་པའི་ཁྲིམས་ལས་མི་འདའ་བར་ཚུལ་བཞིན་དུ་ཁྲིམས་ལ་གནས་པས་རྒྱལ་པོའི་ཆད་པ་ལ་སོགས་པའི་འཚེ་བ་མེད་ཅིང༌། ནོར་དང་རིགས་རྒྱུད་ལ་སོགས་པའི་དཔལ་འཕེལ་ལ། རྒྱལ་པོ་ལས་ཀྱང་བསྔགས་པའི་ཚིག་ཐོབ་པར་འགྱུར་ན། བློན་པོ་ལ་སོགས་པས་བསྔགས་པ་ལྟ་ཅི་སྨོས་ཏེ། དེ་བཞིན་དུ། ཐུབ་པས་དང་པོའི་ལས་ཅན་རྗེས་གཟུང་ཕྱིར། །ཐུན་མོང་ཐེག་པར་རྣམ་པར་བཅས་པའི་ཁྲིམས། །རང་གིས་བསྒྲུབ་པར་ནུས་བཞིན་ཡུལ་ལས་ནི། །ཆོ་གའི་ཡན་ལག་ཕུན་ཚོགས་ཀྱིས་བླངས་པ། །མཐོང་དང་མ་མཐོང་སྲིད་པའི་སྡུག་བསྔལ་གྱིས། །རྣམ་པར་འཇིགས་དང་ཕ་རོལ་གཟིགས་པ་ཡི། །འཕགས་པའི་ཚོགས་ཀྱི་ཐུགས་ཀྱིས་བས་འགྱུར་ཞེས། །ངོ་ཚས་བསྡམས་ཏེ་ཚུལ་བཞིན་བསྲུང་བགྱིས་ན། །མཐོང་དང་མ་མཐོང་སྲིད་པའི་བདེ་བ་དང༌། །རྣམ་གྲོལ་ཡོན་ཏན་ཀུན་གྱི་གཞིར་འགྱུར་ལ། །ལྷ་དང་མི་ཡི་མཆོད་པའི་གནས་འགྱུར་ཞིང༌། །སངས་རྒྱས་ལས་ཀྱང་བསྔགས་པ་ཐོབ་པར་འགྱུར། །ཞེས་གསུངས་ལ། ཐུབ་པ་སངས་རྒྱས་ཀྱིས་དང་པོའི་ལས་ཅན་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཡིན་ཏེ། ལྷས་བལྟས་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ནས། རལ་པ་ཅན་གྱི་བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་སངས་རྒྱས་ཀྱི་ཞིང་འདིར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ཏེ། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱི་འཁོར་འདི་ན་ཉན་ཐོས་དང་རང་སངས་རྒྱས་རབ་ཏུ་མང་ངོ་ཞེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ཀྱི་སངས་རྒྱས་ཀྱི་ཞིང་དེ་ན་གནས་པ་རྣམས་ནི་དར་ལ་བབ་པ་བྱང་ཆུབ་སེམས་དཔའ་ཤ་སྟག་ཡིན་ལ། ངའི་སངས་རྒྱས་ཀྱི་ཞིང་འདི་ན། བྱིས་པ་ལས་དང་པོ་པ་མང་བའི་ཕྱིར། ཉན་ཐོས་ཀྱི་འཁོར་རབ་ཏུ་མང་ངོ༌། །ཞེས་གསུངས་སོ། །དགོས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དེ་དག་རྗེས་སུ་གཟུང་བའི་ཕྱིར། ཐུན་མོང་གི་ཐེག་པ་འདུལ་བའི་སྡེ་སྣོད་ལས་རྣམ་པར་བཅས་པའི་ཁྲིམས་ནི་དགག་པ་དང་སྒྲུབ་པ་དང་གནང་བ་སྟེ་རྗེས་སུ་བཅས་པ་དང་བཅས་པའོ། །ངོ་བོ་བསྙེན་གནས་དང༌། དགེ་བསྙེན་དང༌། དགེ་ཚུལ་དང༌། དགེ་སློང་ལ་སོགས་པ་ཚུལ་རང་གིས་ཇི་ལྟར་བསྒྲུབ་པར་ནུས་པ་བཞིན་དུ། ཡུལ་མཁན་པོ་དང༌། སློབ་དཔོན་དང༌། དགེ་འདུན་ལ་སོགས་པ་ལས་ཆོ་ག་སྐྱབས་སུ་འགྲོ་བ་དང༌། གསོལ་བ་དང༌། བཞིའི་ལས་ལ་སོགས་པ་ཕུན་སུམ་ཚོགས་པ་ལས་བླང་བར་བྱ་བ་ཡིན་ཏེ། ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །འདུལ་བ་མདོ་ལས་ཀྱང༌། ཆོ་ག་ལས་འདས་ན་ལས་མི་འཆགས་སོ་ཞེས་གསུངས་སོ། །ཇི་ལྟར་བསྒྲུབ་པར་ནུས་པ་བཞིན་ལེན་པར་ཡང༌། སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོའི་མདོ་ལས། གང་དག་བསླབ་པའི་གཞི་ལྔ་པོ་དག་འཛིན་པ་དང༌། གང་དག་བསླབ་པའི་གཞི་བཅུ་པོ་དག་འཛིན་པ་དང༌། གང་དག་བསླབ་པའི་གཞི་བཞི་བརྒྱ་པོ་དག་འཛིན་པ་དང༌། ཁྱིམ་གྱི་ནང་ནས་བྱུང་བའི་དགེ་སློང་གང་དག་བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་པོ་དག་འཛིན་པ་དང༌། དགེ་སློང་མ་དག་བསླབ་པའི་གཞི་ལྔ་བརྒྱ་པོ་དག་འཛིན་པ་སྟེ། ཞེས་པ་དང༌། ཡང་དེ་ཉིད་ལས། དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གང་དག་གིས་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་ཏེ། ལོ་གཅིག་གམ། ཟླ་བ་གསུམ་དུ་བསླབ་པའི་གཞི་རྣམས་འཛིན་ཞིང་ཞེས་གསུངས་སོ། །བསྒྲུབ་པར་མི་ནུས་བཞིན་དུ་ཁས་ཆེར་བླངས་ན་ཉམས་ནས་སྡུག་བསྔལ་གྱི་རྒྱུར་འགྱུར་བ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཚུལ་ཁྲིམས་འཆལ་པ་ངན་འགྲོར་དེ་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་ནུས། །ཞེས་གསུངས་སོ། །རྒྱུ་གང་གིས་ཤེ་ན། མཐོང་བ་ཚེ་འདིའི་སྡུག་བསྔལ་དང༌། མ་མཐོང་བ་འཇིག་རྟེན་ཕྱི་མར་ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་གྱིས་རྣམ་པར་འཇིགས་པ་དང༌། མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །བསྟན་པ་བདག་ཀྱང་སྲུང་བར་མཛད། །དུས་ལའང་ཡེ་ཤེས་མ་བསྒྲིབས་པར། །དེ་ཕྱིར་བཏང་སྙོམས་མི་རུང་ངོ༌། །ཞེས་གསུངས་པ་དང༌། སྤྱོད་འཇུག་ལས་ཀྱང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་རྣམས་ཀྱི་སྤྱན་སྔར་ནི། །རྟག་པར་བདག་ནི་འཁོད་དོ་ཞེས། །ཞེས་གསུངས་པས། ཕ་རོལ་གཟིགས་པའི་འཕགས་པའི་ཚོགས་ཀྱི་ཐུགས་ཀྱིས་བས་ཏེ། ཁྲེལ་བར་འགྱུར་རོ་སྙམ་དུ་ངོ་ཚས་དབང་པོའི་སྒོ་བསྡམས་ཏེ་ཇི་ལྟར་བླངས་པ་ཚུལ་བཞིན་བསྲུང་བར་བགྱིས་ན། མཐོང་ཆོས་ཀྱི་འབྲས་བུ་ཚེ་འདི་ལ་ཚེ་རིང་བ་དང་ལོངས་སྤྱོད་ཆེ་བ་ལ་སོགས་པ་དང༌། མ་མཐོང་བ་སྐྱེ་བ་ཕྱི་མ་ལ་མཐོ་རིས་ཀྱི་བདེ་བ་ཐོབ་པ་ཡིན་ཏེ། མདོ་ལས། ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང༌། །ཚུལ་ཁྲིམས་ལྡན་པ་གནོད་མེད་གཞན་ཅི་སྨོས། །ཞེས་པ་དང༌། འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟམ་པ་ཡིན། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །སྲིད་པའི་བདེ་བ་ཐོབ་པར་མ་ཟད་ཀྱི། ཞི་བ་རྣམ་པར་གྲོལ་བའི་ཡོན་ཏན་མ་ལུས་པའི་གཞིར་ཡང་འགྱུར་ཏེ། གཞི་ཚུལ་ཁྲིམས་རྣམ་པར་དག་པའི་སེམས་གནོང་འགྱོད་མེད་ཅིང་རྣལ་དུ་ཕེབས་པ་ལས་ཞི་གནས་ཏིང་ངེ་འཛིན་སྐྱེ་ཞིང༌། ཞི་གནས་ལས་ལྷག་མཐོང་ཤེས་རབ་སྐྱེ་ལ། ལྷག་མཐོང་གིས་ཉོན་མོངས་པ་སྤོང་བར་བྱེད་དོ། །ཉོན་མོངས་པ་སྤངས་པས་འཁོར་བའི་སྡུག་བསྔལ་མི་འབྱུང་སྟེ། དེ་ཉིད་ཀྱིས་འཆིང་བ་མཐའ་དག་ལས་རྣམ་པར་གྲོལ་བ་ཐོབ་པ་ཡིན་ནོ། །དེ་ལྟར་ཡིན་པ་ཡང་སློབ་དཔོན་ཞི་བ་ལྷས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་སྤོང་བར་ཤེས་གྱིས་ལ། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་གསུངས་སོ། །སུམ་བརྒྱ་པ་ལས་ཀྱང༌། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང༌། །འཇིག་ཚོགས་ལྟ་བ་གདོན་གྱི་རྩ་བ་འཇོམས། །དཔལ་འབྱོར་པ་དང་མེ་ཏོག་མདའ་ཅན་འཇོམས། །ཅེས་གསུངས་སོ། །ལྷ་དང་མིའི་མཆོད་པའི་གནས་སུ་ཡང་འགྱུར་བ་ཡིན་ཏེ། སློབ་དཔོན་མ་ཏི་ཙི་ཏྲས། ཁྱོད་ནི་ཉན་ཐོས་སྲེད་བྲལ་ཞིང༌། །ཡ་མཚན་འཛིན་པ་ཆེད་རྣམས་ལ། །ལྷ་རྣམས་ཐལ་སྦྱོར་སྨོན་བགྱིད་ཅིང༌། །ཡ་མཚན་ཆེ་བ་ལྟ་བུར་མཆོད། །ཅེས་སོ། །ལྷ་དང་མིས་མཆོད་པར་ཡང་མ་ཟད་དེ། །དེ་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་བཤད། །ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་ཐོབ། །ཅེས་པ་ལ་སོགས་པ་སངས་རྒྱས་ལས་ཀྱང་བསྔགས་པ་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་ལུས་ངག་གི་སྤྱོད་པ་གཙོ་བོར་སྟོན་པ་ཉན་ཐོས་ཀྱི་སྡེ་སྣོད་ལས་འབྱུང་བའི་བསླབ་པ་ལ་བསླབ་དགོས་པར་བསྟན་ནས། སེམས་ཀྱི་སྤྱོད་པ་གཞན་གྱི་དོན་གཙོ་བོར་སྟོན་པ་བྱང་ཆུབ་ཀྱི་སེམས་ལ་སློབ་དགོས་པར་སྟོན་པ། སྲིད་གསུམ་འདི་དག་སྡུག་བསྔལ་འབའ་ཞིག་སྟེ། །མྱ་ངན་འདས་པའང་ཞི་བ་ཙམ་དུ་ཟད། །དེ་ཕྱིར་འཁོར་དང་མྱ་ངན་འདས་པ་ལ། །སྨོན་པ་སྙིང་རྗེའི་ཡུལ་དུ་བལྟས་ནས་དེས། །ཞེས་པ་འདིས་སེམས་བསྐྱེད་པའི་རྒྱུ་དང་པོ་བསྟན་ཏེ། མགོན་པོ་བྱམས་པས། འགྲོ་ལྔ་དག་ན་བདེ་བ་མེད། །མི་གཙང་བ་ལ་དྲི་ཞིམ་མེད། །ཅེས་པའི་ཚུལ་གྱིས་འདོད་པ་དངོས་སུ་སྤྱོད་ཅིང་སྡུག་བསྔལ་གྱི་རྒྱུ་འབྲས་གཉིས་ཀ་ལ་གནས་པའི་འདོད་ཁམས་པ་དང༌། འདོད་པ་ལ་དངོས་སུ་མི་སྤྱོད་ཀྱང་སྡུག་བསྔལ་གྱི་རྒྱུ་ལ་གནས་པའི་གཟུགས་ཁམས་པ་དང༌། གཟུགས་མེད་པ་འདི་དག་སྡུག་བསྔལ་འབའ་ཞིག་ཡིན་ཏེ། སློབ་དཔོན་མ་ཏི་ཙི་ཏྲས། ཁྱོད་ཀྱི་ཆོས་ལ་མི་ཕྱོགས་པའི། །སྐྱེ་བོ་གཏི་མུག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང༌། །སྡུག་བསྔལ་རབ་འབྱུང་སྲིད་པ་སྒྲུབ། །ཅེས་སོ། །དེ་ལྟ་ན་བདེ་བ་དང་བཏང་སྙོམས་ཀྱི་ཚོར་བ་མེད་དམ་ཞེ་ན། བདེ་བའི་གནས་སྐབས་ན་ཡང༌། །ནམ་ཞིག་འདི་དང་བྲལ་བར་འགྱུར་རོ། །སྙམ་དུ་འགྱུར་བའི་སྡུག་བསྔལ་ཡོད་པའི་ཕྱིར་རོ། །གཞན་ཡང་འདུས་བྱས་ཐམས་ཅད་ལ་མི་རྟག་པས་ཁྱབ་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་ཀྱང་སོ་སོ་སྐྱེ་བོ་ལ་མ་གསལ་བ་ཡིན་ཏེ། འདུ་བྱེད་སྡུག་བསྔལ་སྤུ་དང་འདྲ། །བྱིས་པ་རྣམས་ནི་ལག་མཐིལ་འདྲ། །འཕགས་པའི་སྐྱེ་བོ་མིག་དང་འདྲ། །དེ་ཕྱིར་བྱིས་པས་མི་མཐོང་ངོ༌། །ཞེས་སོ། །སྡུག་བསྔལ་མེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་ཡང་ཡོད་པའི་ཕྱིར་དེའི་ལམ་ཡང་བསྒྲུབ་བྱ་ཡིན་ནམ་ཞེ་ན། མྱ་ངན་འདས་པའང་སྡུག་བསྔལ་རགས་པ་ཉེ་བར་ཞི་བ་ཙམ་དུ་ཟད་ཀྱི། ཡིད་ཀྱི་རང་བཞིན་གྱི་ལུས་དང་དེའི་རྒྱུ་མ་རིག་པའི་བག་ཆགས་ཀྱིས་མ་སྤངས་པས་ན་བདེ་བ་ཆེན་པོའི་གོ་འཕང་མ་བརྙེས་པའི་ཕྱིར། ཐེག་པ་ཆེན་པོའི་སྙིང་རྗེའི་གནས་ཡིན་ཏེ། དཔལ་ཕྲེང་སེང་གེའི་ང་རོའི་མདོ་ལས། བཅོམ་ལྡན་འདས་དཔེར་ན་ལེན་པའི་རྐྱེན་ཅན་གྱི་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་བྱུང་བའི་སྲིད་པ་གསུམ་འབྱུང་བ་དེ་བཞིན་དུ། བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ཀྱི་ས་པའི་རྐྱེན་ཅན་གྱི་ཟག་པ་མེད་པའི་ལས་ཀྱི་རྒྱུ་ལས་བྱུང་བའི་དགྲ་བཅོམ་པ་དང་རང་སངས་རྒྱས་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འབྱུང་སྟེ། བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ནི་ས་གསུམ་པོ་འདི་དག་ཏུ་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་པོ་འདི་དག་འབྱུང་བ་དང༌། ཟག་པ་མེད་པའི་ལས་མངོན་པར་སྒྲུབ་པའི་རྐྱེན་ལགས་སོ། །ཞེས་རྒྱ་ཆེར་གསུངས་ལ། མགོན་པོ་བྱམས་པས་ཀྱང༌། ཆེར་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག །གཞན་དོན་སེམས་དང་དེ་ཡི་ཐབས་རྙེད་དང༌། །དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་བས། །བདེ་བ་དེ་སྤངས་ཞི་བར་འགྲོ་བར་འགྱུར། །ཞེས་གསུངས་སོ། །དེས་ན་ཞི་བ་དེ་དོན་དུ་མི་གཉེར་ཞིང༌། སྙིང་རྗེ་བསྒོམ་པ་ཡིན་ཏེ། བྱམས་པས། སྙིང་རྗེས་ཟིན་པའི་བརྩེར་ལྡན་རྣམས། །ཞི་ལའང་ཡིད་ནི་མི་གནས་ན། །འཇིག་རྟེན་བདེ་དང་རང་སྲོག་ལ། །ཆགས་པར་འགྱུར་བ་སྨོས་ཅི་དགོས། །ཞེས་པ་དང༌། དེ་བཞིན་གཤེགས་པ་དེ་ནི་དེར་བཞུགས་ནས། །རི་དབང་མཐོ་སྟེང་བཞུགས་བཞིན་འགྲོ་ལ་གཟིགས། །ཞི་ལ་མངོན་དགའི་འགྲོ་ལའང་ཐུགས་བརྩེ་ན། །སྲིད་ལ་མངོན་དགའི་སྐྱེ་བོ་གཞན་ཅི་སྨོས། །ཞེས་གསུངས་སོ། །དེའི་ཕྱིར་བདེ་བ་མེད་ཅིང་སྡུག་བསྔལ་བའི་འཁོར་བ་དང་སྡུག་བསྔལ་རགས་པ་སྤངས་ཀྱང༌། བདེ་བ་ཆེན་པོའི་གོ་འཕང་མ་ཐོབ་པའི་ཞི་བ་མྱ་ངན་ལས་འདས་པ་ལ་སྨོན་པ་གང་ཡིན་པ་དེ་ཐམས་ཅད་སྙིང་རྗེའི་ཡུལ་དུ་བལྟ་བར་བྱའོ། །སེམས་བསྐྱེད་པའི་རྒྱུ་གཉིས་པ་སྟོན་པ། སྡུག་བསྔལ་མེད་པས་སྡུག་བསྔལ་ཀུན་སེལ་དང༌། །བདེ་ཆེན་བརྙེས་པས་བདེ་བ་ཀུན་སྩོལ་བ། །སངས་རྒྱས་ཁོ་ན་ཡིན་ཞིང་དེ་ཡང་ནི། །བདག་འདྲ་བ་ལས་འབྱུང་ཞིང་དེ་ཡི་ཐབས། །བསྒྲུབ་པར་ནུས་པ་དེ་སླད་བདག་གིས་ཀྱང༌། །སངས་རྒྱས་ངེས་པར་ཐོབ་པར་བྱའོ་ཞེས། །དོན་གཉེར་ཞེས་བྱ་བ་འདི་ཡིན་ཏེ། རང་སྡུག་བསྔལ་མེད་པས་གཞན་གྱི་སྡུག་བསྔལ་ཀུན་སེལ་བ་དང༌། རང་བདེ་བ་ཆེན་པོའི་གོ་འཕང་བརྙེས་ནས་གཞན་ལ་བདེ་བའི་མཆོག་ཀུན་སྩོལ་བ་དེ་ནི་སངས་རྒྱས་ཁོ་ན་ཡིན་ཞིང༌། དེ་ལྟ་བུའི་སངས་རྒྱས་བདག་གིས་ཀྱང་ངེས་པར་ཐོབ་པར་བྱའོ་ཞེས་དོན་དུ་གཉེར་བར་བགྱིའོ། །ཞེས་གསུངས་པ་ནི་ཡུལ་གྱི་མདུན་དུ་ཁས་བླངས་པར་བསྟན་པ་ཡིན་ནོ། །སངས་རྒྱས་ཐོབ་པ་ལ་དགོས་པ་ཆེ་མོད་ཀྱང༌། བདག་འདྲ་བས་བསྒྲུབ་པར་མི་ནུས་སོ་སྙམ་ན་སངས་རྒྱས་དེ་ཡང་ནི་བདག་འདྲ་བ་ལས་བྱུང་ཞིང་དེའི་ཐབས་ལམ་ཉམས་སུ་བླངས་པས་འབྲས་བུ་སྤངས་པ་དང༌། རྟོགས་པ་ཕུན་སུམ་ཚོགས་པར་བསྒྲུབ་པར་ནུས་པ་དེའི་ཕྱིར་རོ། །སྤངས་པ་ཕུན་སུམ་ཚོགས་པ་བསྒྲུབས་པར་ནུས་པར་མ་གྲུབ་སྟེ་དྲི་མ་སེམས་ཀྱི་རང་བཞིན་ཡིན་པས་སྤང་བར་མི་ནུས་པའི་ཕྱིར་དང༌། གལ་ཏེ་སྤང་ནུས་ཀྱང་སྤོང་བའི་ཐབས་མི་ཤེས་པའི་ཕྱིར་དང༌། ལུས་ཀྱི་དྲི་མ་དང་འདྲ་སྟེ་སྤངས་ཀྱང་སླར་འབྱུང་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པའི་ཕྱིར་དང༌། རྒྱུ་སྤང་བའི་ཕྱིར་དང༌། དྲི་མའི་རྒྱུ་མི་ཤེས་པ་ཡིན་ཞིང་དེའི་གཉེན་པོ་ཤེས་རབ་ཡིན་ལ་དེ་གོམས་པས་སྤང་བའི་ཕྱིར་རོ། །རྣམ་འགྲེལ་ལས། རྒྱུ་ཡོད་ཕྱིར་དང་རྒྱུ་ཡི་ནི། །གཉེན་པོས་གོམས་པས་ཟད་ཕྱིར་དང༌། །རྒྱུ་ཡི་རང་བཞིན་ཤེས་པ་ཡིས། །དེ་ཤེས་པ་ཡང་གྲུབ་པ་ཡིན། །ཞེས་སོ། །རྟོགས་པ་ཕུན་སུམ་ཚོགས་པ་ཡང་བསྒྲུབ་པར་ནུས་པ་ཡིན་ཏེ། སྟོང་ཉིད་གོམས་པ་སེམས་ཀྱི་ཆོས་མིན་པས། །གོམས་ན་མཐའ་མེད་དུ་འགྱུར་བའི་ཕྱིར་རོ། །ཚད་མ་རིགས་པའི་གཏེར་ལས། ཐབས་དང་ཤེས་རབ་ལེགས་སྦྱངས་པས། །ཕན་ཚུན་རྒྱུ་དང་རྐྱེན་གྱུར་པས། །ཇི་ལྟ་བ་དང་ཇི་སྙེད་པའི། །ཡེ་ཤེས་གཟིགས་པ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་སེམས་ཅན་ལ་སྙིང་བརྩེ་བ་དང༌། སངས་རྒྱས་འདོད་པ་སྟེ་རྒྱུ་གཉིས་ཀྱིས་དོན་དུ་གཉེར་ལ་སེམས་བསྐྱེད་པར་བྱའོ། །ཞེས་ཡོངས་གཅོད་བསྒྲུབ་པའི་སྒོ་ནས་སེམས་བསྐྱེད་པར་གསུངས་ནས་རྣམ་གཅད་དགག་པའི་སྒོ་ནས་སྟོན་པ། མི་ཞུམ་སྒྱིད་ལུག་མེད་པ་ཡི། །གཡོ་མེད་བྱང་ཆུབ་སེམས་མཆོག་སྒོམ་པར་བགྱི་ཞེས་གསུངས་པ་སྟེ། དེ་ལྟར་འབད་ན་གྲོལ་བ་ཙམ་བསྒྲུབ་པར་ནུས་ཀྱང་སངས་རྒྱས་བསྒྲུབ་པར་མི་ནུས་ཏེ། དུས་བསྐལ་པ་གྲངས་མེད་པ་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་དགོས་པའི་ཕྱིར་དང༌། སེམས་ཅན་གྲངས་མེད་པའི་དོན་བྱ་དགོས་པའི་ཕྱིར་དང༌། ཤེས་བྱ་མཐའ་མེད་ཤེས་དགོས་ལ། དེ་ལ་ཆོས་ཚིག་རེའི་དོན་དུ་ཡང་སྟོང་གསུམ་མེ་ལྕེ་གཅིག་ཏུ་གྱུར་པ་ལས་བརྒལ་བ་ལ་སོགས་པའི་དཀའ་བ་སྤྱད་པར་མི་ནུས་སོ་སྙམ་པ་ནི་ཞུམ་པ་ཡིན་ལ། དེ་ལས་བཟློག་སྟེ། སྤྱོད་འཇུག་ལས། གལ་ཏེ་སེམས་ཅན་མིར་གྱུར་པ། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་བྱའི་ཕྱིར། །ཞུམ་པ་དང་དུ་བླང་མི་བྱ། །ཞེས་གསུངས་ཤིང༌། སློན་དཔོན་ཙནྡྲ་གོ་མིས་ཀྱང༌། ཉེ་དུ་འབྲེལ་པ་འཁོར་བའི་ནང་དུ་ཆུད་གྱུར་ཅིང༌། །གློང་གི་ནང་དུ་ཆུད་པ་ལྟ་བུར་གྱུར་པ་ལ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །དེ་ལས་བདག་ཉིད་གཅིག་ཐར་བྱེད་ན་ཁྲེལ་ཡོད་མིན། །ཞེས་གསུངས་ལ། སེམས་ཅན་གྲངས་མེད་པའི་དོན་བྱ་དགོས་པ་ཉིད་ཀྱིས། ཚོགས་མྱུར་དུ་འདུམས་པར་འགྱུར་བ་ཡིན་ཏེ། སེམས་ཅན་མཐའ་མེད་ཀྱི་དོན་བྱས་པས་དགེ་བའི་རྩ་བ་ཡང་མཐའ་མེད་འབྱུང་བའི་ཕྱིར་རོ། །དེ་སྐད་དུ་ཡང་སློབ་དཔོན་ཞི་བ་ལྷས། འདི་ནི་བྱང་ཆུབ་སེམས་སྟོབས་ཀྱིས། །སྔོན་གྱི་སྡིག་པ་ཟད་བྱེད་ཅིང༌། །བསོད་ནམས་རྒྱ་མཚོའི་རྒྱུ་བྱེད་ཕྱིར། །ཉན་ཐོས་རྣམ་པས་མཆོག་ཏུ་བཤད། །ཅེས་གསུངས་སོ། །དུས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསོགས་པ་ཡང༌། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་བློ་སྦྱངས་པས་ཡུན་རིང་བ་མ་ཡིན་ཏེ། ལིཙྪ་བྱི་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། འཁོར་བ་བསྡུས་པས་འདུལ་བའི་བྱང་ཆུབ་སེམས་དཔའ་ལ་ནི་བསྐལ་པ་ལ་ཡང་ཞག་བདུན་གྱི་སྣང་བ་སྐྱེ་ལ། འཁོར་བ་རྒྱས་པས་འདུལ་བའི་བྱང་ཆུབ་སེམས་དཔའ་ལ་ནི་ཞག་བདུན་ལའང་བསྐལ་པའི་སྣང་བ་སྐྱེ་ཞེས་སོ། །གཞན་ཡང་ཚོགས་ལམ་ཆེན་པོ་ནས་རྫུ་འཕྲུལ་གྱི་རྐང་པ་བཞིས་རྩེ་ཞིང༌། སྦྱོར་ལམ་ནས་ངན་སོང་དུ་མི་ལྟུང༌། མཐོང་ལམ་ནས་སོ་སོའི་སྐྱེ་བོར་མི་ལྡོག་པ་ལ་སོགས་པ་རིམ་གྱིས་ཡོན་ཏན་དུ་མས་དགའ་ཞིང་སྡུག་བསྔལ་མེད་པའི་ལམ་ལ་གནས་པར་འགྱུར་བས་ཡུན་རིང་པོ་ཅིའི་ཕྱིར་སྐྱོན་ཡིན། སློབ་དཔོན་ཞི་བ་ལྷས་ཀྱང༌། དེ་བས་སྐྱོང་ལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟར་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་བྱེད། །ཅེས་གསུངས་སོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ན་ཡང༌། མིག་རྣམ་པར་དག་པས་བལྟས་ན་སེམས་དང་པོ་བསྐྱེད་པ་དང༌། སྤྱོད་པ་སྤྱད་པའི་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་ཡོད་པའི་ནང་ནས་བདག་གཅིག་པུ་ཅི་སྟེ་དམན། སྤྱོད་འཇུག་ལས་ཀྱང༌། སྦྲང་བུ་ཤ་སྦྲང་བུང་བ་དང༌། །དེ་བཞིན་སྲིན་བུར་གང་གྱུར་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་འཐོབ། །ཅེས་གསུངས་སོ། །ཆོས་ཀྱི་དོན་དུ་དཀའ་བ་སྤྱོད་པ་དང༌། མགོ་དང་རྐང་ལག་སྦྱིན་པ་ལ་སོགས་པ་ཡང་གཏོང་བ་དང༌། བཤེས་གཉེན་བསྟེན་པ་དང༌། ཞེས་པ་ཐོབ་པའི་སྤྱོད་པ་ཡིན་ལ་དེ་ཡང་ས་མ་ཐོབ་པའི་གནས་སྐབས་ཀྱི་ཟས་ཁམ་རེ་སྦྱིན་པས་འབད་པ་ཆུང་བ་ཡིན་ཏེ། ཐོག་མ་མེད་པ་ནས་ལུས་དུ་མ་ཐོབ་ཀྱང༌། བྱང་ཆུབ་ཀྱི་རྒྱུར་མ་གྱུར་ལ། ལུས་འདི་ནི་ངེས་པ་ཁོ་ནར་བྱང་ཆུབ་ཀྱི་རྒྱུར་འགྱུར་བས། རྙེད་པའི་མཆོག་རྙེད་དོ་སྙམ་དུ་རྟོགས་པའི་ཕྱིར་རོ། །འཕགས་པ་བརྒྱད་སྟོང་པ་ལས་ཀྱང༌། བདག་གིས་སེམས་ཅན་འདི་དག་ཡོངས་སུ་མི་གཏང༌། བདག་གིས་སེམས་ཅན་འདི་དག་ཐམས་ཅད་སྡུག་བསྔལ་གྱི་ཕུང་པོ་དཔག་ཏུ་མེད་པ་ལས་བསྒྲལ་བར་བྱའོ། །བདག་གི་ལུས་བརྒྱར་གཏུབས་ཀྱང་ཆུང་ངུ་ན། བདག་གིས་གནོད་སེམས་ཀྱང་མི་བསྐྱེད་དོ་སྙམ་དུ། དེ་ལྟར་བྱང་ཆུབ་སེམས་དཔས་སེམས་བསྐྱེད་པར་བྱའོ། །གལ་ཏེ་སེམས་དེ་ལྟར་གནས་ན་དཀའ་བ་བྱེད་པའི་འདུ་ཤེས་སྤྱོད་པ་མ་ཡིན་ནོ། །དཀའ་བ་བྱེད་པའི་འདུ་ཤེས་སུ་གནས་པ་མ་ཡིན་ནོ་ཞེས་གསུངས་སོ། །སློབ་དཔོན་ཞི་བ་ལྷས་ཀྱང༌། ཚོད་མ་ལ་སོགས་སྦྱིན་པ་ལའང༌། །འདྲེན་པས་ཐོག་མར་སྦྱོར་བར་མཛད། །དེ་ལ་གོམས་ནས་ཕྱི་ནས་ནི། །རིམ་གྱིས་རང་གི་ཤ་ཡང་གཏོང༌། །གང་ཚེ་རང་གི་ལུས་ལ་ནི། །ཚོད་སོགས་ལྟ་བུའི་བློ་སྐྱེས་པ། །དེ་ཚེ་ཤ་ལ་སོགས་གཏོང་བ། །དེ་ལ་དཀའ་བ་ཅི་ཞིག་ཡོད། །ཅེས་གསུངས་སོ། །སྒྱེད་ལུག་པ་ནི། གྲོགས་ངན་པ་དང༌། སྡུག་བསྔལ་མྱོང་བ་ལ་སོགས་པའི་རྒྱུས་ཡིད་བྱུང་ཞིང་ལམ་བསྒྲུབ་པའི་གེགས་སུ་གྱུར་པ་ཡིན་ལ། ཞི་བ་ལྷས། ཉ་པ་ཞིང་བ་གདོལ་པའི་རིགས་དག་གིས། །རང་གི་འཚོ་བ་ཙམ་ཞིག་གཉེར་བས་ཀྱང༌། །གྲང་དང་ཚ་ལ་སོགས་པའི་གནོད་བཟོད་ན། །འགྲོ་ལ་བདེ་ཕྱིར་བདག་ལྟ་ཅིས་མི་བཟོད། །ཅེས་པའི་ཚུལ་གྱིས་སྒྱིད་ལུག་པ་མེད་པ་སྟེ་གོང་དུ་བསྟན་པའི་སྲིད་པ་དང་ཞི་བའི་ཆོས་ཀྱིས་གཡོ་བ་མེད་པར་བརྟན་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། བརྟན་པ་གྲོགས་ངན་སྡུག་བསྔལ་དང༌། །ཟབ་མོ་ཐོས་པས་མི་གཡོས་སོ། །ཞེས་གསུངས་སོ། །བྱང་ཆུབ་ནི་དྲི་མ་གདོད་ནས་ཟད་པ་དང༌། སྐྱེ་བ་མེད་པ་ལས་དེ་ལྟར་ཤེས་པའི་ཡེ་ཤེས་ཡིན་ཏེ། བྱམས་པས། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དོ། །ཞེས་འབྱུང་ངོ༌། །བྱང་ཆུབ་ཀྱི་སེམས་དེ་ནི་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། བྱང་ཆུབ་ཀྱི་སྨོན་པ་ཡང་དཀའ་ན་འཆའ་བ་ལྟ་ཅི་སྨོས། ཞེས་འབྱུང་བས་གཉིས་ཡིན་ལ། དེ་ལ་ཡང་ཆོས་ཀྱི་རྗེའི་ཞལ་སྔ་ནས་བྱང་ཆུབ་ཐོབ་པར་བྱའོ་སྙམ་དུ་སེམས་པ་ནི་སྨོན་པའི་སེམས་ཡིན་ལ། དེ་ལྟར་ཡུལ་གྱི་མདུན་དུ་དམ་འཆའ་བ་ནི་སྨོན་པ་སེམས་བསྐྱེད་པའོ། །བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་གོ་སྙམ་དུ་སེམས་པ་ནི་འཇུག་པའི་སེམས་ཡིན་ལ། ཡུལ་གྱི་མདུན་དུ་དམ་འཆའ་བ་ནི་འཇུག་པའི་སེམས་བསྐྱེད་པ་ཡིན་ཞེས་འབྱུང་བར་གསུང་ངོ༌། །ངོ་བོ་ནི་གཞན་གྱི་དོན་དུ་བྱང་ཆུབ་ཐོབ་པར་འདོད་པ་ཡིན་ཏེ། བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་སོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལས་མཆོག་ཏུ་གྱུར་པའི་ཕྱིར་མཆོག་ཅེས་གསུངས་སོ། །དེ་ཡང་སའི་བདག་པོ་ཁྱོད་ཀྱིས་མ་བསྐྱེད་ཅིང་བསྐྱེད་པའི་དོན་བསྒོམ་པར་བགྱིའོ་ཞེས་སྦྱོར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འབྱུང་བའི་བྱང་ཆུབ་ཀྱི་སེམས་ཉམས་སུ་བླང་བྱར་བཤད་ནས་རིག་པ་འཛིན་པའི་སྡེ་སྣོད་ལས་འབྱུང་བའི་དམ་ཚིག་ཀྱང་ཉམས་སུ་བླང་བྱར་སྟོན་པ། གང་ལས་འདས་ན་དམྱལ་བར་བསྲེག་འགྱུར་ཞིང༌། །དེ་བསྲུངས་ན་ནི་བདེ་བས་བདེ་བའི་འབྲས། །རྨད་དུ་བྱུང་བ་འཕྲལ་དུ་ཐོབ་བྱེད་པའི། །དམ་ཚིག་བླངས་ནས་སྲོག་བཞིན་གཅེས་པར་བསྲུང༌། །ཞེས་གསུངས་ཏེ། དམ་ཚིག་བླངས་ནས་བསྲུང་ཞེས་བླངས་ལ། དམ་ཚིག་གི་སྒྲ་ནི་ས་མ་ཡ་སྟེ། དུས་ལ་འཇུག་ལ་ཐོབ་པའི་དུས་ཉིད་ནས་མི་འདའ་བར་བྱའོ། །གང་ལས་ལེན་ཞེ་ན། བླ་མ་ལྔ་བཅུ་པ་ལས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །དེ་ཉིད་བཅུ་ལ་རབ་ཏུ་མཁས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །རབ་ཏུ་ཞི་ཞིང་དབང་པོ་དུལ། །ཞེས་མཚན་ཉིད་བཅུ་དང་ལྡན་པའི་བླ་མ་ལས་བླངས་ནས། ཚུལ་ཇི་ལྟར་བསྲུང་ཞེ་ན། སྲོག་བཞིན་གཅེས་པར་བསྲུང་ངོ༌། །དེ་ལྟར་གཅེས་པས་སྲོག་བཞིན་བསྲུང་དགོས་པའི་རྒྱུ་མཚན་ནི། འཕགས་པ་ལྷས། མགོ་བོ་གཅོད་པར་ནུས་པ་ཡི། །རྒྱལ་པོ་རྒྱལ་སྲིད་སྟེར་བར་ནུས། །ཞེས་པའི་ཚུལ་གྱིས། གང་ལས་འདས་ན་དམྱལ་བ་ལ་སོགས་པའི་ངན་སོང་གསུམ་དུ་སྐྱེ་བར་འགྱུར་ཞིང༌། དེ་བསྲུངས་ན་ནི་དབང་ཕྱུག་བརྒྱད་ལ་སོགས་པ་གནས་སྐབས་དང༌། མཐར་ཐུག་གི་བདེ་བའི་འབྲས་བུ་ངོ་མཚར་ཞིང་རྨད་དུ་བྱུང་བ་འཕྲལ་དུ་ཐོབ་པར་བྱེད་པའི་ཕྱིར་རོ། །འཕྲལ་དུ་ཞེས་བྱ་བ་ནི་སྐྱེ་བ་འདིའམ་བར་མ་དོའམ་སྐྱེ་བ་བཅུ་དྲུག་ལས་མི་འགྱངས་པར་འབྲས་བུ་ཐོབ་པར་བྱེད་པས་ན། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་འཕགས་པར་བསྟན་པ་ཡིན་ཏེ། ལོ་ཏོག་སྨིན་པར་བྱེད་པ་ལ་ཟླ་བ་དྲུག་ཏུ་བསྐྱེད་དགོས་ཀྱང༌། སྔགས་དང་རྫས་ཀྱི་ཁྱད་པར་གྱིས་ཉི་མ་གཅིག་ལ་སྨིན་པར་བྱེད་པ་བཞིན་དུ་སངས་རྒྱས་འགྲུབ་པར་བྱེད་པ་ལ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསག་དགོས་ཀྱང༌། ཐབས་ཁྱད་པར་ཅན་དང་འབྲེལ་པས་ཚེ་འདི་ཉིད་ལ་སོགས་པ་ལ་འབྲས་བུ་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་སྐད་དུ་ཡང་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ལས། སོ་ནམ་ཚུལ་བཞིན་བྱས་པ་ཡིས། །ལོ་ཏོག་རིམ་གྱིས་སྨིན་པ་ལྟར། །ཕ་རོལ་ཕྱིན་པའི་ལམ་ཞུགས་ན། །གྲངས་མེད་གསུམ་གྱིས་རྫོགས་འཚང་རྒྱ། །སྔགས་ཀྱིས་བཏབ་པའི་ས་བོན་ནི། །ཉི་མ་གཅིག་གིས་ལོ་ཏོག་སྨིན། །རྡོ་རྗེ་ཐེག་པའི་ཐབས་ཤེས་ན། །ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ། །ཅེས་གསུངས་སོ། །དེ་རྣམས་ཀྱི་མཇུག་བསྡུས་ཏེ་སྟོན་པ། དེ་ལྟར་ཐེག་པ་གསུམ་གྱི་སྡོམ་པ་གསུམ། །རང་དང་གཞན་གྱི་ཡོན་ཏན་མ་ལུས་པ། །སྐྱེ་དང་གནས་དང་འཕེལ་བའི་རྟེན་ལགས་པས། །ཐོག་མ་ཉིད་དུ་བརྟན་པར་བགྱིད་འཚལ་ལོ། །ཞེས་གསུངས་ཏེ་གོང་དུ་བཤད་པའི་ཚུལ་དེ་ལྟར་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང༌། གསང་སྔགས་ཀྱི་ཐེག་པ་གསུམ་གྱི་སྡོམ་པ་གསུམ་ནི་བསྟན་པ་ལ་འཇུག་པའི་ཐོག་མ་ཉིད་དུ་བླངས་ཏེ་བསྟན་པར་བགྱིད་འཚལ་ལོ། །དེ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་དག་ནི་རང་དང་གཞན་གྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་མ་ལུས་པ་ཐོག་མར་སྐྱེ་བའི་རྟེན། བར་དུ་གནས་པའི་རྟེན། མཐར་འཕེལ་བའི་རྟེན་ལགས་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། །དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་ཀུན་གྱི་གཞི། །ཞེས་པ་དང༌། ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། ཏིང་འཛིན་རྒྱལ་པོ་སྟོང་པ་འདི་བསྒོམས་པ། །ཚུལ་ཁྲིམས་དག་པའི་མགོ་ལ་དེ་འདུག་སྟེ། །ཆོས་རྣམས་རྟག་ཏུ་རང་བཞིན་མཉམ་འཇོག་པ། །བྱིས་པ་མི་རིགས་བརྩོན་པས་མི་ཤེས་སོ། །ཞེས་གསུངས་ལ། རྡོ་རྗེ་རྩེ་མོ་ཞེས་བྱ་བའི་རྒྱུད་ལས་ཀྱང༌། སྡོམ་པ་གསུམ་དང་ལྡན་པ་ནི། །དང་པོའི་ཁྲུས་སུ་བཤད་པ་ཡིན། །ཞེས་གསུངས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་མཁྱེན་མཛོད། །ཅེས་སོ། །གཞིའི་ཚུལ་གྱིས་ཉམས་སུ་ལེན་པ་བཤད་ནས། སྔོན་དུ་འགྲོ་བའི་ཚུལ་གྱིས་ཉམས་སུ་བླང་བ་གསུམ་གྱི་ཐོག་མ་སྟོན་པ། ངག་ཚིག་ཤིན་ཏུ་དྲི་མ་མེད་པ་དང༌། །ཚད་མ་གཉིས་ཀྱིས་ཀུན་ནས་ངེས་པ་དང༌། །མི་འགལ་བ་དང་ཐོག་མཐའ་བར་དགེ་བའི། །ཆོས་ལས་ཆོས་ཀྱི་ཁྱད་པར་ངེས་བགྱིས་ནས། །གསུངས་པ་པོ་དེ་མཁྱེན་རབ་ཐོགས་མེད་དང༌། །དཔེ་མཁྱུད་མེད་པར་སྟོན་ཕྱིར་བརྩེ་ལྡན་དང༌། །དེ་ཡི་མི་མཐུན་ཕྱོགས་ཀྱི་ཉེས་སྤངས་པས། །མཐུ་ཆེན་བརྙེས་པར་མཁྱེན་པ་སངས་རྒྱས་དང༌། །ཞེས་གསུངས་ཏེ། འོག་ནས་འབྱུང་བའི་དད་པ་བསྒོམ་པར་བགྱི་ཞེས་དྲངས་ལ། གང་ལ་དད་པར་བགྱི་ཞེ་ན། དཀོན་མཆོག་གསུམ་དང་བླ་མ་ལའོ། །མྱ་ངན་ལས་འདས་པའི་མདོ་ལས། འཇིགས་ཤིང་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང༌། །ཀུན་དགའ་ར་བའི་མཆོད་གནས་དང༌། །ལྗོན་ཤིང་དག་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ནོ། །སྐྱབས་དེ་མཆོད་འོས་མ་ཡིན་ནོ། །རྟེན་དེ་དག་ལ་བརྟེན་ནས་ནི། །སྡུག་བསྔལ་ཀུན་ལས་ཐར་མི་ནུས། །སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །སྐྱབས་དེ་གཙོ་བོར་གྱུར་པ་ཡིན། །སྐྱབས་དེ་མཆོད་འོས་གྱུར་པ་ཡིན། །རྟེན་དེ་དག་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །ཞེས་འབྱུང་ལ། སློབ་དཔོན་ཤཱནྟི་པས་ཀྱང༌། དད་པ་མེད་པ་གཙོ་བོའི་དགྲ། །ལྷག་དད་ཤིན་ཏུ་གོལ་བའི་གནས། །གང་ཕྱིར་ཀུན་མཁྱེན་ཚད་མ་ཉིད། །དད་པས་ཀུན་མཁྱེན་མི་འགྲུབ་བོ། །ཞེས་གསུངས་པས་ཡུལ་གྱི་ཡོན་ཏན་ཤེས་པའི་སྒོ་ནས་དུས་རྟག་ཏུ་རྐྱེན་གཞན་གྱིས་མི་ཕྱེད་པས་བརྟན་པའི་དད་པ་བསྒོམ་པར་བྱ་སྟེ། མདོ་སྡེ་རྒྱན་ལས། ཡོན་ཏན་ཤེས་དང་སེམས་ཀྱང་མི་ཕྱེད་དང༌། །ཏིང་འཛིན་མྱུར་དུ་ཐོབ་དང་འབྲས་བུ་མྱོང༌། །སྟོན་ལ་ཡིད་ཆེས་བྱ་ཕྱིར་རྒྱལ་སྲས་ཀྱིས། །ཡང་དག་ཡོངས་སུ་སྨིན་པའི་བྱང་ཆུབ་འདོད། །ཅེས་གསུངས་སོ། །ཡོན་ཏན་དེ་ཚུལ་ཇི་ལྟ་བུས་ཤེས་པར་བྱེད་ཅེ་ན། ཆོས་ལས་ཆོས་ཀྱི་ཁྱད་པར་ངེས་པར་བགྱིས་པ་ལས་སོ། །དེ་ཡང་སྟོན་པ་སངས་རྒྱས་བྱུང་བ་ཡིན་ཏེ། དེས་གསུངས་པའི་གསུང་རབ་མཐོང་བའི་ཕྱིར་རོ། །ཡི་གེའི་ཕྲིན་མཐོང་བས་སྤྲིང་བ་པོ་ཤེས་པ་བཞིན་ནོ། །ཞེས་འབྲས་བུའི་རྟགས་ཀྱིས་སྟོན་པ་བསྒྲུབས་ནས། སྟོན་པ་དེ་གཞན་ལས་ཁྱད་པར་འཕགས་པར་གང་གིས་གྲུབ་ཅེ་ན། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་འབྱུང་བས་ཚིག་གི་ཁྱད་པར་ལ་བརྟགས་ནས་སྒྲུབ་པར་བྱེད་དེ། མཁྱེན་པ་མངའ་བར་བསྒྲུབ་པ་ནི། རྗོད་བྱེད་ངག་ཚིག་ཅ་ཅོ་ལ་སོགས་པའི་དྲི་མ་མེད་པ་དང༌། བརྗོད་བྱ་གཟུགས་གང་ཅི་ཡང་རུང་བ་ཐམས་ཅད་བསྟན་དུ་ཡོད་པའོ་ཞེས་པ་ལ་སོགས་པ་གཞལ་བྱ་མངོན་གྱུར་ལ་མངོན་སུམ་ཚད་མ་དང་མི་འགལ་ཞིང༌། དེས་གྲུབ་པ་དང༌། འདུས་བྱས་ཐམས་ཅད་མི་རྟག་པའོ་ཞེས་པ་ལ་སོགས་པ་གཞལ་བྱ་ལྐོག་གྱུར་ལ་རྗེས་དཔག་ཚད་མ་དང་མི་འགལ་ཞིང་དེས་གྲུབ་པར་མཐོང་བའི་ཕྱིར་དང༌། དེ་ལྟ་བུའི་ཆོས་དེ་ཐོག་མར་ཐོས་པའི་ཚེ་ཉོན་མོངས་པ་སུན་འབྱིན་པས་དགེ་བ་དང༌། བར་དུ་བསམས་པའི་ཚེ་ཉོན་མོངས་པ་མགོ་གནོན་པས་དགེ་བ་དང༌། མཐར་བསྒོམས་པའི་ཚེ། ཉོན་མོངས་པ་དྲུངས་ནས་འབྱིན་པས་དགེ་བའི་ཕྱིར་རོ། །དེ་ནི་སློབ་དཔོན་མ་ཏི་ཙི་ཏྲས། རེ་ཞིག་དང་པོར་ཁྱོད་ཀྱི་གསུང༌། །ཉན་པ་རྣམས་ཀྱི་ཡིད་འཕྲོག་མཛད། །དེ་ནས་ཡིད་ལ་བསམས་བགྱིས་ན། །འདོད་ཆགས་གཏི་མུག་རྣམས་ཀྱང་སེལ། །ཞེས་པ་དང༌། ཁྱོད་ཀྱི་བཀའ་ནི་ཐོག་མ་དང༌། །བར་དང་མཐར་ཡང་དགེ་བ་སྟེ། །ཐོས་དང་སེམས་དང་བསྒོམ་པ་དང༌། །དེ་བསྒྲུབ་པ་ལ་བདུད་རྩིར་གྱུར། །ཞེས་གསུངས་སོ། །དེ་ཉིད་ཀྱིས་ཆོས་དཀོན་མཆོག་ཀྱང་ངོས་བཟུང་བ་ཡིན་ཏེ། ཐོག་མཐའ་བར་དགེ་བ། ཞེས་པས་ནི་བརྗོད་བྱ་འགོག་ལམ་གྱི་ཆོས་སོ། །ལྷག་མ་རྐང་པ་ཕྱེད་དང་གསུམ་གྱིས་རྗོད་བྱེད་ཀྱི་ཆོས་ངོས་བཟུང་བའོ། །དེས་ན་སངས་རྒྱས་འདིས་ཤེས་བྱ་ཐམས་ཅད་མཁྱེན་པ་ཡིན་ཏེ། རྗོད་བྱེད་དྲི་མ་མེད་ལ་བརྗོད་བྱ་ཚད་མས་ངེས་ཤིང་དུས་གསུམ་དུ་དགེ་བའི་ཆོས་གསུང་བའི་ཕྱིར་རོ། །ཞེས་མཁྱེན་པ་མངའ་བ་སྟོན་པར་བསྒྲུབས་པ་ཡིན་ཏེ། ཆོས་རྗེའི་ཞལ་ནས་ཀྱང༌། གང་ལ་ཤེས་བྱ་ཀུན་གཟིགས་མངའ་ན་དེ་ཉིད་ཁོ་བོའི་སྟོན་པ་ལགས། ཞེས་གསུངས་སོ། །མཁྱེན་པ་ཡོད་ཀྱང་བརྩེ་བ་མེད་ན་རང་གིས་ཤེས་པ་བཞིན་སྟོན་པར་མ་ངེས་པས་སྟོན་པར་མི་འོང་བས་བརྩེ་བ་མངའ་བར་སྟོན་པ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་དཔེ་མཁྱུད་མེད་པར་བསམ་པ་དང་མཐུན་པར་སྟོན་པའི་ཕྱིར་ཐུགས་རྗེ་ཆེན་པོ་དང་ཡང་ལྡན་པ་ཡིན་ནོ། །དེ་སྐད་དུ་ཡང་ཐོབ་བཙུན་གྲུབ་རྗེས། འདྲེན་པ་ཁྱོད་ཀྱི་ཐུགས་རྗེ་ཡིས། །གདོལ་པ་ལ་ཡང་དམ་ཆོས་གསུང༌། །ཡང་དག་བཤད་པའི་སྣོད་གྱུར་ན། །ཁྱི་ལའང་སྨིན་པར་བྱ་ཞེས་གསུང༌། །ཞེས་གསུངས་སོ། །ཆོས་ཀྱི་རྗེས་ཀྱང༌། གང་ཞིག་འཁོར་བར་འགྲོ་བ་གཟིགས་ན་དེ་ལ་བདག་གུས་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེ་ལྟར་མཁྱེན་པ་དང་བརྩེ་བ་གཉིས་ཡོད་ཀྱང་མཐུ་ཆེན་པོ་མེད་ལ། མི་མཐུན་པའི་ཕྱོགས་ཀྱིས་རྣམ་པར་བརྫི་བར་འགྱུར་བས། ལྟ་བ་ངན་པ་འཇོམས་པའི་མཐུ་ཆེན་པོ་དང་ཡང་ལྡན་པར་ངེས་པར་བྱའོ། །དེ་ལྟ་ན་མགོན་པོ་བྱམས་པས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པ་ལས། འདིར་གསུམ་ལས་མི་གསུང་བ་ནི། གདུལ་བྱ་གཞན་གྱི་དོན་ལ་གསུམ་པོ་འདི་ཙམ་ཁོ་ནས་མཆོག་པ་མེད་ཅིང༌། གསུམ་པོ་འདི་ཡོད་པར་བསྟན་པས་རང་གི་དོན་བརྙེས་པར་ཤུགས་ཀྱིས་ཀྱང་གྲུབ་བོ། །དེ་ལྟར་བཤད་བདེ་བའི་ཕྱིར། དད་པར་བྱ་བའི་ཡུལ་སངས་རྒྱས་དཀོན་མཆོག་དང་ཆོས་དཀོན་མཆོག་ལྷན་ཅིག་བཤད་ནས། དགེ་འདུན་དཀོན་མཆོག་འཆད་པར་བྱེད་པ། །དེ་ཡི་རྗེས་འཇུག་ཕྱིར་དང་དེ་ཉིད་དང༌། །རྒྱུ་མཐུན་ཡོན་ཏན་ལྡན་དང་འདུས་པའི་ཕྱིར། །ཚོགས་ཀྱི་མཆོག་དང་སྤྱོད་ཡུལ་མཐུན་པ་ཡིས། །ཞིང་གི་དམ་པར་ངེས་ནས་དགེ་འདུན་དང༌། །ཞེས་བྱ་བ་གསུངས་ཏེ། དགེ་འདུན་དེ་ནི་ཡོངས་སུ་འཛིན་པའི་ཁྱད་པར་སློབ་དཔོན་ཐོགས་མེད་ཀྱིས། བླ་ན་མེད་པའི་དེ་བཞིན་གཤེགས་པ་ཟླ་བ་ཉ་བ་ཐོབ་པ་དང་རྗེས་སུ་མཐུན་པའི་ལམ་དུ་ཞུགས་པ་དང་ཞེས་འབྱུང་བ་ལྟར། ཚངས་པ་དང་དབང་ཕྱུག་ལ་སོགས་པའི་རྗེས་སུ་འཇུག་པ་མ་ཡིན་གྱི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་རྗེས་སུ་འཇུག་པ་ཡིན་པའི་ཕྱིར་དང༌། ཡོན་ཏན་གྱི་ཁྱད་པར་བྱམས་པས། བྱང་ཆུབ་སེམས་དཔའི་ཚུལ་དེ་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང༌། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། སྟོབས་བཅུ་པོ་ཡིས་ཡོངས་སུ་གང༌། །མི་འཇིགས་པ་ཡིས་ཡང་དག་ངོམས། །བསམ་མི་ཁྱབ་པའི་སངས་རྒྱས་ཆོས། །སྤྲོས་མེད་རྣམས་ལ་ཉམས་མི་མངའ། །ཞེས་འབྱུང་བས། སངས་རྒྱས་ཀྱི་ཡོན་ཏན་སྟོབས་དང༌། མི་འཇིགས་པ་ལ་སོགས་པ་རྗེས་སུ་མཐུན་པ་ཡོད་པའི་ཕྱིར་དང༌། ཡང་ན་རྒྱུ་མཐུན་ཞེས་པས་ནི། རྒྱུ་ནི་རིགས་ཡིན་ལ་རིགས་ཀྱི་སྒྲ་ནི་གོ་ཏྲ་སྟེ། གོའི་ཨོ་ནི་ཨ་དང་ཨུ་ཡིན་ལ། ཨ་མི་མངོན་པར་བྱས། ཨུ་ག་ལ་བྱིན་པ་གུ་ཡིན་ལ། ཎ་རྐྱེན་དུ་བྱིན་པས་གུ་ཎ་ཡོན་ཏན་ཡིན་ལ། ཏྲ་ནི་ཏྲཱ་ར་སྒྲོལ་བའི་དོན་ཏོ། །ལམ་གྱི་ཡོན་ཏན་ལ་བརྟེན་ནས་འཁོར་བ་ལས་སྒྲོལ་བའི་རིགས་སུ་མཐུན་པའི་ཕྱིར། ཞེས་བཤད་ཀྱང་འགལ་བ་མེད་དོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་དེ་ཡང་གཅིག་མ་ཡིན་གྱི། ཚོགས་ཤིང་འདུས་པའི་ཕྱིར་རོ། །མཆོག་ཅེས་པ་ནི་སོ་སོ་སྐྱེ་བོ་དང༌། ཉན་ཐོས་ཀྱི་དགེ་འདུན་ལས་ཁྱད་པར་དུ་བྱས་པ་ཡིན་ཏེ། མགོན་པོ་བྱམས་པས། ཇི་བཞིན་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་གསུངས་སོ། །འདུས་པ་དེ་ཡང་བདག་དང་སྤྱོད་ཡུལ་མཐུན་པའི་གྲོགས་ཀྱི་དམ་པ་ཡང་ཡིན་ཞིང༌། ཞིང་རབ་གཤིན་ལ་ས་བོན་བཏབ་པ་བཞིན། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །ཞེས་པས་ཞིང་གི་ཡང་དམ་པ་ཡིན་པར་ངེས་ཏེ། མི་ཕྱེད་པར་བྱས་ནས་དད་པར་བྱ་ཞེས་སྦྱར་རོ། །དད་པར་བྱ་བའི་ཡུལ་དཀོན་མཆོག་གསུམ་ངོས་བཟུང་ནས། བླ་མ་ལ་ངད་པར་བྱ་བ་སྟོན་པ། དེ་དག་ཉེ་བར་སྟོན་དང་མཚམས་སྦྱོར་དང༌། །རྣམ་གསུམ་ཡོན་ཏན་ཆ་མཐུན་མངའ་བ་དང༌། །དྲིན་གྱིས་བསྐྱབ་པར་དགོངས་ནས་བླ་མ་ལ། །རྟག་བརྟན་མི་ཕྱེད་དད་པ་བསྒོམ་པར་བགྱི། །ཞེས་གསུངས་ཏེ། དད་པ་བསྒོམ་པར་བགྱི་ཞེས་དྲངས་ལ། ཡུལ་གང་ལ་ཞེ་ན་བླ་མ་ལ། དུས་རྟག་ཏུ། ཚུལ་ཡོན་ཏན་ཤེས་པའི་དབང་གིས་བརྟན་ཞིང་མི་ཕྱེད་པའོ། །ཡོན་ཏན་ཇི་ལྟ་བུ་ཞེ་ན། དཀོན་མཆོག་གསུམ་པོ་དེ་ཉེ་བར་སྟོན་པ་སྟེ། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་གྲོགས་སུ་སྟོན་པའོ། །ཡང་ན་བདག་ལ་སངས་རྒྱས་ཐོབ་པར་བྱེད་པའི་ལམ་བསྟན་ཞིང་བསྟན་པ་བཞིན་བསྒྲུབས་པས་སངས་རྒྱས་ཐོབ་པ་ནི་སངས་རྒྱས་ཉེ་བར་སྟོན་པ་ཡིན་ལ། དེ་ཉིད་ཀྱིས་བརྗོད་བྱ་འགོག་ལམ་གྱི་ཆོས་རྒྱུད་ལ་བསྐྱེད་ཅིང༌། རྗོད་བྱེད་གསུང་རབ་སྟོན་པར་ནུས་པར་བྱེད་པས་ཆོས་ཉེ་བར་སྟོན་པ་ཡིན་ལ། བདག་ཐེག་ཆེན་ཕྱིར་མི་ལྡོག་པའི་ལམ་ལ་བཀོད་པ་དེ། གདུལ་བྱ་ལམ་བསྒྲུབས་པ་རྣམས་ཀྱིས་གྲོགས་ཀྱི་དམ་པར་བྱས་པ་ཉིད་དགེ་འདུན་ཉེ་བར་སྟོན་པའོ། །མཚམས་སྦྱོར་བ་ནི་བདག་སྡུག་བསྔལ་རྒྱུ་དང་བཅས་པས་གཟིར་བ་ལས་སྐྱོབ་པར་ནུས་པའི་སྐྱབས་དཀོན་མཆོག་གསུམ་བསྟེན་ཅིང༌། དཀོན་མཆོག་གསུམ་གྱིས་ཀྱང་བདག་ལ་སྐྱོབ་ཅིང་བྱིན་གྱིས་རློབ་པར་བྱས་པ་སྟེ། སྐྱེས་བུ་དབང་ཆུང་བ་འགའ་ཞིག་ཁ་དྲག་པོ་ལ་གཏད་པ་བཞིན་ནོ། །དཀོན་མཆོག་རྣམ་པ་གསུམ་གྱི་ཡོན་ཏན་ཆ་མཐུན་མངའ་བ་དེ་ཐུགས་ཀྱི་དགོངས་པ་སངས་རྒྱས་དང་ཆ་མཐུན་ཞིང༌། གསུང་རྣམ་པར་དག་པ་ཆོས་དང་མཐུན་ལ། སྐུ་དགེ་འདུན་དང་མཐུན་པའོ། །སངས་རྒྱས་ཀྱིས་ནི་རྒྱུད་ནས་ཕན་འདོགས་པ་ཙམ་ཡིན་ལ། བླ་མས་དངོས་སུ་ཕན་འདོགས་པའི་ཕྱིར་ལྷག་པར་དྲིན་གྱིས་བསྐྱབ་པར་སའི་བདག་པོ་ཁྱོད་ཀྱི་ཐུགས་ཀྱིས་དགོངས་ནས་བླ་མ་ལ་དད་པ་བསྒོམ་པར་བགྱིའོ། །དེའི་ཚུལ་ཡང་རྒྱས་པར་སངས་རྒྱས་ཕལ་པོ་ཆེ་ལས། ཁྱེའུ་དཔལ་འབྱུང་དང་བུ་མོ་དཔལ་གྱི་བློ་གྲོས་ཀྱིས་གསུངས་པ། རང་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ཉེ་བར་བསྒྲུབ་པ་ལ་སྨན་ཉེ་བར་བསྟེན་པའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཡུལ་མཆོག་ཏུ་གྱུར་པ་ལ་དད་པར་བྱ་བ་བསྟན་ནས། ཡུལ་དམན་པ་ལ་སྙིང་རྗེ་བསྒོམ་པར་སྟོན་པ། རྒྱུ་དང་ངོ་བོ་རྒྱུན་ཆགས་རང་བཞིན་གྱིས། །བདག་རྒྱུད་སྡུག་བསྔལ་རྒྱུ་དང་བཅས་པ་དང༌། །བྲལ་བར་འདོད་བཞིན་མ་ལུས་འགྲོ་བ་ལའང༌། །མཚུངས་འདོད་མི་འཕྲོགས་སྙིང་རྗེ་ཆེན་པོ་བསྒོམ། །ཞེས་བྱ་བ་གསུངས་ཏེ། མི་དགེ་བ་ལ་སྤྱོད་པས་སྡུག་བསྔལ་གྱི་རྒྱུ་ལ་གནས་ཤིང༌། སྐྱེ་རྒ་ན་འཆི་ལ་སོགས་པ་སྡུག་བསྔལ་གྱི་ངོ་བོའམ་རང་བཞིན་ཡིན་ཞིང་དེ་ཡང་དུས་རེས་འགའ་བ་མ་ཡིན་གྱི། རྒྱུན་ཆགས་པའི་རང་བཞིན་གྱིས་བདག་གི་རྒྱུད་སྡུག་བསྔལ་བར་མཐོང་ལ། དེ་དང་འབྲལ་བར་འདོད་པའི་འདུན་པ་འབྱུང་བ་བཞིན་དུ་མ་ལུས་ཤིང༌། ལུས་པ་མེད་པའི་འགྲོ་བ་ཐམས་ཅད་ཀྱང༌། སྡུག་བསྔལ་བར་ཤེས་པར་བྱས་ལ་སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་ལས་བསྒྲལ་བར་འདོད་པས། འཁོར་བར་གནས་པས་མི་སྐྱོ་བ་སྟེ། བདག་གཞན་སྡུག་བསྔལ་བྲལ་ཞིང་བདེ་བ་འདོད་པར་མཚུངས་པ་ལ། འཁོར་བའི་སྡུག་བསྔལ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱིས་མི་འཕྲོགས་པའི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱ་བ་ཡིན་ཏེ། མདོ་སྡེ་ལས། བདག་དང་གཞན་དུ་མཉམ་པའི་སེམས་ཉིད་དམ། །བདག་ལས་གཞན་ཆེས་སྡུག་པ་བརྙེད་ནས་ནི། །དེ་ལྟར་བདག་པས་གཞན་དོན་མཆོག་ཏུ་ཤེས། །རང་གི་དོན་གང་གཞན་གྱི་དོན་གང་ཡིན། །ཇི་ལྟར་སྙིང་རྗེའི་བདག་ཉིད་གཞན་གྱི་དོན་གྱི་ཕྱིར། །བདག་ལ་སྡུག་བསྔལ་གདུང་བ་མི་བཟད་རབ་བྱེད་པ། །དེ་ལྟར་འཇིག་རྟེན་གདུང་བའི་ལས་ཀྱིས་གཞན་དག་ལ། །ཤིན་ཏུ་བརྩེ་བ་མེད་པར་རབ་ཏུ་འཇུག་མ་ཡིན། །ཞེས་གསུངས་ལ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང༌། བློ་གྲོས་རྒྱ་མཚོ་མཚམས་སྦྱོར་བ་ཐམས་ཅད་ལས་ཤིན་ཏུ་གྲོལ་ཡང་སྲིད་པར་སྐྱེ་བ་ལེན་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་སྟེ། ཐབས་མཁས་པ་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས། ཀུན་ནས་ཉོན་མོངས་པ་དག་གིས་ཀྱང་མི་གནོད་ལ། ཉོན་མོངས་པའི་འཆིང་བ་ཐམས་ཅད་དགྲོལ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་པའོ། །ཞེས་གསུངས་པ་ཡིན་ནོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང༌། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་ཤིན་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་ཡོངས་སུ་གཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན། བཅོམ་ལྡན་འདས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལགས་སོ། །ཞེས་པ་དང༌། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་སྲོག་གི་དབང་པོ་མཆིས་ན་དབང་པོ་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ། །དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་ཏུ་བྱེད་པའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ། །སྙིང་རྗེ་དེ་ཡང་དམིགས་པ་སེམས་ཅན་ལ་དམིགས་ནས། རྣམ་པ་སྡུག་བསྔལ་དང་བྲལ་བར་འདོད་པ་ཡིན་ལ། ཕྱེ་ན་གང་ཟག་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པ་གསུམ་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྙིང་རྗེ་དེ་ནི་སྦྱོར་བ་དང་མ་འབྲེལ་པས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱ་བར་མི་ནུས་ལ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི་སྦྱོར་བ་དང་འབྲེལ་བའི་ཕྱིར་སེམས་ཅན་གྱི་དོན་དངོས་སུ་བསྒྲུབ་པར་ནུས་པ་ཡིན་ཏེ། བློ་གྲོས་རྒྱ་མཚོའི་མདོ་ལས། བློ་གྲོས་རྒྱ་མཚོ་དཔེར་ན་ཚོང་དཔོན་ནམ། ཁྱིམ་བདག་ལ་ལ་བུ་གཅིག་པ། འདོད་པ། སྡུག་པ། ཕོངས་པ། ཡིད་དུ་འོང་བ། མཐོང་ན་མི་མཐུན་པ་མེད་པ་ཞིག་ཡོད་ལ། ཁྱེའུ་དེ་ཡང་བྱིས་པར་གྱུར་པས་གར་བྱེད་པ་ན་མི་གཙང་བའི་དོང་དུ་ལྷུང་བར་གྱུར་ཏོ། །དེ་ནས་ཁྱེའུ་དེའི་མ་དང༌། གཉེན་གྱིས་ཁྱེའུ་དེ་མི་གཙང་བའི་དོང་དུ་ལྷུང་བ་དེ་མཐོང་ལ། མཐོང་ནས་ཀྱང་ཆོ་ངེ་ཆེན་པོས་འདེབས། མྱ་ངན་བྱེད་ལ་སྨྲེ་སྔགས་འདོན་ཏེ་མི་གཙང་བའི་དོང་དེར་ཞུགས་ཏེ་ཁྱེའུ་དེ་འདོན་པར་མི་བྱེད་དོ། །དེ་ནས་ཁྱེའུ་དེའི་ཕ་ཕྱོགས་དེར་སོང་སྟེ། དེས་བུ་གཅིག་པུ་དེ་མི་གཙང་བའི་དོང་དེར་ལྷུང་བ་མཐོང་ངོ༌། །མཐོང་ནས་ཀྱང་རིངས་པ་རིངས་པར་བརྟད་པའི་ཚུལ་གྱིས་བུ་གཅིག་པུ་འདོན་པར་འདོད་པའི་སྲེད་པ་བྱས་ཏེ་སྐྱུག་བྲོ་བ་མེད་པར་མི་གཙང་བའི་དོང་དེར་བབས་ཏེ་བུ་གཅིག་པུ་ཕྱུང་བར་གྱུར་ཏོ། །བློ་གྲོས་རྒྱ་མཚོ་དེ་ལྟ་ན་འདི་ནི་ཇི་སྲིད་དོན་འདི་ཤེས་པར་བྱ་བའི་ཕྱིར་དཔེར་བྱས་པའོ། །དོན་གང་ཡིན་པར་བལྟ་ཞེ་ན། བློ་གྲོས་རྒྱ་མཚོ་མི་གཙང་བའི་དོང་ཞེས་བྱ་བ་དེ་ནི་ཁམས་གསུམ་པའི་ཚིག་བླ་དགས་སོ། །བུ་གཅིག་པ་ཞེས་བྱ་བ་འདི་ནི་སེམས་ཅན་རྣམས་ཀྱི་ཚིག་བླ་དགས་སོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་ཀྱིས་ཉེ་བར་གནས་པར་འགྱུར་རོ། །མ་དང་གཉེན་ཞེས་བྱ་བ་འདི་ནི་གང་དག་འཁོར་བར་ལྟུང་བའི་སེམས་ཅན་མཐོང་ན་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་གྱི། འདོན་པར་ནུས་པ་མེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་རྣམས་ཀྱི་ཚིག་བླ་དགས་སོ། །ཚོང་དཔོན་ནམ་ཁྱིམ་བདག་ཅེས་བྱ་བ་འདི་ནི་གང་ཞིག་གཙང་བ། དྲི་མ་མེད་པ་དྲི་མ་དང་བྲལ་བའི་སེམས་དང་ལྡན་པ་འདུས་མ་བྱས་པའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བསམས་བཞིན་དུ་ཁམས་གསུམ་པར་མཚམས་སྦྱོར་བར་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་བླ་དགས་སོ། །ཞེས་གསུངས་སོ། །སྔར་སེམས་བསྐྱེད་ཀྱི་སྐབས་སུ་ཡང་སྙིང་རྗེ་བཤད་ལ། འདིར་ཡང་སྙིང་རྗེ་བཤད་པ་ནི་ལམ་གྱི་གནས་སྐབས་ཐམས་ཅད་དུ་སྙིང་རྗེ་དགོས་པར་བསྟན་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། དང་པོའི་རྩ་བ་ཐ་མ་འབྲས་མཆོག་ལྡན། །འདི་ནི་སྙིང་རྗེའི་ལྗོན་ཤིང་ཆེན་པོ་ཡིན། །ཞེས་པ་དང༌། སློབ་དཔོན་ཟླ་བ་གྲགས་པས་ཀྱང༌། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིར། །ས་བོན་དང་ནི་སྤེལ་ལ་ཆུ་འདྲར་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་རྟོགས་གྱུར་ནས། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་གསུངས་སོ། །དེ་ལྟར་ཡུལ་མཆོག་ལ་དད་ཅིང༌། །དམན་པ་ལ་སྙིང་རྗེ་བསྒོམ་པར་བྱ་བར་བསྟན་ནས། བློ་གྲོས་མི་ཟད་པའི་མདོ་ལས། ཆོས་གང་ལ་དད་པའི་དབང་པོས་དད་པར་གྱུར་པ་དེ་དག་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་བསྒྲུབ་པ་སྟེ། ཞེས་འབྱུང་བས་འདུན་པའི་བརྩོན་འགྲུས་བསྒོམ་པར་སྟོན་པ། བྱང་ཆུབ་མཆོག་དང་གཞན་གྱི་དོན་དང་ནི། །གནས་སྐབས་དོན་དུ་གཉེར་བྱའི་དགེ་བ་ཡི། །ཕན་ཡོན་རྗེས་སུ་དྲན་ནས་དེ་བསྒྲུབ་ཕྱིར། །འདུན་པ་དྲག་པོས་དེ་ལ་ཡོངས་སུ་སྦྱར། །ཞེས་གསུངས་ཏེ། བྱང་ཆུབ་མཆོག་ནི། སྐུ་གསུམ་དག་གིས་བྱང་ཆུབ་ཆེ། །ཞེས་གསུངས་པས་སྐུ་གསུམ་ལ་མཛད་པ་ཕྲིན་ལས་དང་བཅས་པའི་ཡོན་ཏན་དང༌། མདོ་སྡེ་རྒྱན་ལས། རང་གི་ཡོན་ཏན་སེམས་ཅན་ཕན་འདོགས་དགའ། །བསམ་ཞིང་སྐྱེ་དང་རྫུ་འཕྲུལ་རྣམ་པར་འཕྲུལ། །རྒྱན་དང་སྟོན་མོས་མཆོག་ཏུ་རྩེ་དགའ་བ། །སྙིང་རྗེའི་བདག་ཉིད་མིན་པ་གཞན་ལ་མེད། །ཅེས་པ་ལ་སོགས་པ་གཞན་གྱི་དོན་གྱི་ཕན་ཡོན་དང༌། རིན་ཆེན་ཕྲེང་བ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པར་གཟུགས་བཟང་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །སྙིང་བརྩེ་བ་ཡིས་དོན་ཀུན་འགྲུབ། །ཅེས་པ་ལ་སོགས་པ་གནས་སྐབས་དོན་དུ་གཉེར་བྱའི་དགེ་བའི་ཕན་ཡོན་རྗེས་སུ་དྲན་ན། དེ་བསྒྲུབ་པའི་ཕྱིར་འདུན་པ་དྲག་པོས་དགེ་བ་དེ་ལ་ཡོངས་སུ་སྦྱོར་རོ། །དེ་ལྟར་རྒྱས་པར་བསྟན་ནས་མཇུག་བསྡུས་ཏེ་སྟོན་པ། དེ་ལྟར་དད་དང་སྙིང་རྗེ་འདུན་པའི་སེམས། །ལས་རྣམས་ཀུན་གྱི་སྔོན་འགྲོ་ལགས་པས་ན། །དགེ་བའི་དངོས་པོ་ཅུང་ཟད་གང་བགྱིས་པ། །འདི་ཡིས་ཀུན་ནས་བསླངས་ཏེ་བསྒྲུབ་པར་བགྱི། །ཞེས་གསུངས་ཏེ། གོང་དུ་བསྟན་པ་དེ་ལྟར་དད་པ་དང་སྙིང་རྗེ་དང་འདུན་པའི་སེམས་གསུམ་ནི་དགེ་བའི་ལས་ཀུན་གྱི་སྔོན་དུ་འགྲོ་བ་ཡིན་ཏེ། དད་པ་སྔོན་འགྲོ་ཡིན་པར། སངས་རྒྱས་ཕལ་པོ་ཆེ་ལས། དད་པ་ནི་ཁ་ལོ་བ་ལྟ་བུ་ཞེས་པ་དང༌། །དད་པ་སྔོན་འདྲེན་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །ཅེས་འབྱུང་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང༌། འདི་ཡི་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འདྲེན་དད་པ་ཡིན། །ཞེས་གསུངས་སོ། །སྙིང་རྗེ་ཡང་སྔོན་འགྲོ་ཡིན་པར། བློ་གྲོས་མི་ཟད་པའི་མདོ་ལས། བཙུན་པ་ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་དབུགས་འབྱུང་བ་དང༌། རྔུབ་པ་སྐྱེས་བུའི་སྲོག་གི་དབང་པོའི་སྔོན་དུ་འགྲོའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་བསྒྲུབ་པའི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོའོ། །ཞེས་གསུངས་ལ། སློབ་དཔོན་ཞི་བ་ལྷས་ཀྱང༌། སྙིང་རྗེ་མདུན་དུ་བཞག་ནས་ནི། །དགེ་བ་སྤེལ་ལ་ནན་ཏན་བྱ། །ཞེས་གསུངས་སོ། །འདུན་པ་སྔོན་འགྲོ་ཡིན་པར་ཡང༌། །དཀོན་མཆོག་བརྩེགས་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ། །འདུན་པའི་རྩ་ལ་རབ་ཏུ་གནས། །ཞེས་གསུངས་ལ། མགོན་པོ་བྱམས་པས་མདོ་སྡེ་རྒྱན་ལས། གང་དུ་འདུན་པ་འགྲོ་བ་སྟེ། །ཞེས་པ་དང༌། སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་ཐོག་མར་ཡང་འདུན་པས་ལྟ་བུའི་སེམས་བསྐྱེད་གསུངས་པའི་ཕྱིར་རོ། །དེའི་ཕྱིར་སྦྱིན་པ་ལ་སོགས་པའི་དགེ་བའི་དངོས་པོ་ཅུང་ཟད་གང་བགྱིས་ཀྱང་གསུམ་པོ་འདིས་ཀུན་ནས་བསླངས་ཏེ་བསྒྲུབ་པར་བགྱིའོ། །དེ་ལྟར་སྔོན་དུ་འགྲོ་བའི་ཚུལ་གྱིས་ཉམས་སུ་ལེན་པ་བཤད་ནས། དངོས་གཞི་ལ་འཕགས་པ་ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཞེས་འབྱུང་བས། གཟུགས་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར་དམིགས་པ་དང་བཅས་པའི་བསྒོམ་པ་གསུངས་པ། མདུན་དུའམ་ནི་ཡང་ན་རང་གི་ལུས། །ཐུབ་པའི་དབང་པོའི་གཟུགས་ཀྱི་སྐུར་བལྟ་ཞིང༌། །གནས་ནི་སངས་རྒྱས་ཞིང་དང་སྐྱེ་འགྲོ་ཀུན། །རྒྱལ་བ་སྲས་དང་སློབ་མར་བཅས་པ་དང༌། །དབང་པོ་ལྔ་ཡི་ཡུལ་གྱི་ལོངས་སྤྱོད་ཀུན། །མཆོད་སྤྲིན་རྒྱ་མཚོས་བདག་གཞན་མཆོད་པར་བགྱི། །ཞེས་གསུངས་ཏེ། བལྟ་ཞིང་བསྒོམ་པར་བྱའོ་ཞེས་དྲངས་ལ། ཇི་ལྟར་བསྒོམ་པའི་ཚུལ་ནི་གཉིས་ཏེ། མདུན་དུ་བསྒོམ་པའམ་ཡང་ན་རང་གི་ལུས་སུ་བསྒོམ་པའོ། །གང་བསྒོམ་པར་བྱ་བ་ནི་ཐུབ་པའི་དབང་པོའི་གཟུགས་ཀྱི་སྐུའོ། །ཐུབ་པ་ཕལ་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལའང་བརྗོད་པས། ཐུན་མོང་མ་ཡིན་པར་བསྟན་པའི་ཕྱིར། དབང་པོ་ཞེས་གསུངས་ཏེ། དེ་ནི་ཚེ་དང་ལས་ལ་སོགས་པ་དབང་བཅུ་ལ་དབང་སྒྱུར་ཞིང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་སྟེ། འཁོར་གྱི་དཀྱིལ་འཁོར་ན་གཙོ་བོའམ་དབང་པོ་ལྟ་བུར་གྱུར་པའི་ཕྱིར་རོ། །དེའི་སྐུ་དེ་ཡང་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་གཉིས་ཡིན་ལ། ཆོས་ཀྱི་སྐུ་ནི་གཞན་གྱིས་བལྟ་ཞིང་མཐོང་བར་བྱ་བ་མ་ཡིན་ཏེ། རྒྱུད་བླ་མ་ལས། སྤྲིན་མཐོང་མཁའ་ལ་ཉི་ཤར་ཇི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང༌། །ཞེས་གསུངས་པས། གཟུགས་ཀྱི་སྐུར་བལྟ་བར་བྱ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། སྐུ་ལུས་དག་ནི་གསེར་གྱི་མདོག་འདྲ་བས། །འཇིག་རྟེན་མགོན་པོ་ཀུན་ནས་རབ་ཏུ་མཛེས། །དམིགས་པ་འདི་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་ནི་མཉམ་གཞག་ཡིན། །ཞེས་གསུངས་སོ། །འདིའི་ཚུལ་དཀོན་མཆོག་བརྩེགས་པ་ལས་འབྱུང་བ་བཞིན་བརྗོད་ན། ད་ལྟར་གྱི་སངས་རྒྱས་གསེར་གྱི་ཁ་དོག་ལྟ་བུ་མཚན་དང་དཔེ་བྱད་ཀྱིས་འབར་བ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། ཐོག་མར་གཅིག་བསྒོམས་ལ། དེ་ལ་འདྲིས་ནས་རབ་ཏུ་མང་པོའི་བར་དུ་བསྒོམ་པར་བྱ་ཞིང༌། ཞག་གཅིག་ནས་བདུན་གྱི་བར་དང༌། བདུན་ནས་རབ་ཏུ་མང་པོའི་བར་དུ་བསྒོམས་པས། ད་ལྟར་གྱི་སངས་རྒྱས་ལ་གསལ་སྣང་འབྱུང་ཞིང༌། ཆོས་སྟོན་པ་ལ་སོགས་པའི་སྣང་བ་ཡང་འབྱུང་བར་འགྱུར་རོ། །དེ་ལྟ་བུའི་གསལ་སྣང་བྱུང་བའི་ཚེ། སངས་རྒྱས་དེ་རྣམས་གང་ནས་བྱོན། གང་དུ་བཞུགས། གང་དུ་བཞུད་པའི་དོན་ལ་བརྟག་པར་བྱའོ། །དེ་ལྟར་བརྟགས་པས་གང་ནས་ཀྱང་མ་བྱོན། གང་དུ་ཡང་མི་བཞུགས། གར་ཡང་མི་བཞུད་པར་ཤེས་པར་འགྱུར་ལ། དེ་ལྟར་ཤེས་པས་ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་ཤེས་པར་འགྱུར་རོ། །ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། མཚན་མའི་འདུ་ཤེས་དེ་ནི་རྣམ་བཤིག་ནས། །མཚན་མ་མེད་པ་ལ་ནི་དེ་གནས་ན། །ཆོས་རྣམས་ཐམས་ཅད་སྟོང་པར་རབ་ཏུ་ཤེས། །གང་དག་ཆོས་ཀྱི་སྐུ་ལ་གནས་གྱུར་པ། །དེ་ནི་དངོས་པོ་ཐམས་ཅད་དངོས་མེད་ཤེས། །དེ་ཡིས་དངོས་པོའི་འདུ་ཤེས་རྣམ་བཤིག་ནས། །ཐུབ་པའི་དབང་པོའི་གཟུགས་ཀྱི་སྐུར་མི་བལྟ། །ཁྱེད་ལ་བསྒོ་ཞིང་ཁོང་དུ་ཆུད་པར་བྱ། །ཇི་ལྟར་མི་དག་མང་དུ་རྟོག་བྱེད་པ། །དེ་ལ་གནས་པའི་རྟོག་པ་དེ་དག་གིས། །དེ་བཞིན་ཉིད་དུ་དེ་ལ་སེམས་གཞོལ་འགྱུར། །ཞེས་གསུངས་སོ། །སྟོན་པ་འབའ་ཞིག་བསྒོམ་པར་མ་ཟད་ཀྱི། རང་སྡོད་པའི་གནས་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་སྣ་ཚོགས་ཀྱི་གཞི་ལས་གྲུབ་པ། ལག་མཐིལ་ལྟར་མཉམ་པ། མནན་ན་ནེམ་བྱེད་པ། བཏེག་ན་ཕར་བྱེད་པ་ལ་སོགས་པར་བལྟ་བ་དང༌། སྐྱེ་འགྲོ་ཀུན་རྒྱལ་བ་སྲས་དང་སློབ་མར་བཅས་པར་བསྒོམ་མོ། །འདི་དག་གི་དོན་རྒྱས་པར་སངས་རྒྱས་ཕལ་པོ་ཆེའི་སྤྱོད་ཡུལ་ཡོངས་སུ་དག་པ་ལས། སྐྱེས་བུ་རྒྱན་གྱིས་བརྒྱན་པ་མཐོང་ན་བྱང་ཆུབ་སེམས་དཔའ་ཡོན་ཏན་གྱིས་བརྒྱན་པར་བལྟ་བར་བྱའོ། །རྒྱན་མེད་པ་མཐོང་ན་ཡོན་ཏན་གྱི་རྒྱན་མེད་པར་བལྟ་བར་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱལ་བ་ནི་སངས་རྒྱས་ཡིན་ཏེ། སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་བཅོམ་པའི་ཕྱིར་རྒྱལ་པོ་གཡུལ་ལས་རྒྱལ་བ་བཞིན་ནམ། ཡང་གཉེན་པོ་ཡེ་ཤེས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་ཐོབ་པའི་ཕྱིར་ཡང་རྒྱལ་བ་ཡིན་ཏེ། ནོར་གྱི་བགོས་པ་བྱས་པས་མང་དུ་ཐོབ་པ་བཞིན་ནོ། །སྲས་ནི་བྱང་ཆུབ་སེམས་དཔའ་ཡིན་ཏེ། སངས་རྒྱས་ཀྱི་གདུང་འཛིན་ནུས་པས་རྒྱལ་པོའི་བུ་དང་འདྲ་བར་བཤད་དོ། །སློབ་མ་ནི་ཉན་ཐོས་ཡིན་ཏེ། དེའི་རྗེས་སུ་ཉན་ཅིང་སློབ་པར་འདོད་པའི་ཕྱིར་རོ། །རྗེས་སུ་སློབ་ཏུ་ཟད་ཀྱང་ཐབས་ཁྱད་པར་ཅན་དང་མ་འབྲེལ་པས་ན་སངས་རྒྱས་ཀྱི་གདུང་འཛིན་མི་ནུས་པའི་ཕྱིར་རྒྱལ་པོའི་བུ་མོ་དང་འདྲ་བར་གསུངས་སོ། །དེ་ལྟར་བསམ་པ་དེ་ལ་བདག་དང་གཞན་གྱི་དབང་པོ་ལྔའི་ཡུལ་དུ་གྱུར་པའི་བདེ་བའི་ཡོ་བྱད་གཟུགས་དང་སྒྲ་དང་དྲི་དང་རོ་ཡིད་དུ་འོང་བ་མྱོང་བ་ཀུན་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ལས་བྱུང་བ་ལྟ་བུའི་མཆོད་པའི་སྤྲིན་རྒྱ་མཚོས་བདག་གཞན་རྒྱལ་བ་སྲས་བཅས་སུ་བསམས་པ་ལ་མིའི་དབང་པོ་ཁྱོད་ཀྱིས་མཆོད་པར་བགྱིའོ། །དེ་ལྟ་བུའི་སངས་རྒྱས་ཁོ་ན་བསྒོམ་ཞིང་མཆོད་པར་བྱ་བར་མ་ཟད་ཀྱི། ཡོངས་སུ་འཛིན་པའི་དགེ་བའི་བཤེས་གཉེན་ཀྱང་བསྒོམ་ཞིང་མཆོད་པར་སྟོན་པ། བླ་མ་མཆོག་དང་མ་ལུས་རྒྱལ་བ་ཀུན། །རྣམ་པ་དང་ནི་ཕྲིན་ལས་ངོ་བོ་ཉིད། །མཚུངས་ཤིང་གཉིས་སུ་མེད་པར་འཚལ་བགྱིས་ནས། །གསོལ་བ་གདབ་པའང་གཉིས་སུ་མེད་པར་བསྒོམ། །ཞེས་གསུངས་ཏེ། བླ་མ་ནི་གོང་མའི་དོན་ཡིན་ལ། མཆོག་ཅེས་གསུངས་པ་ནི་མཚན་ཉིད་དང་ལྡན་པ་སྟེ། མཚན་ཉིད་དེ་ཡང་མགོན་པོ་བྱམས་པས། བཤེས་གཉེན་དུལ་བ་ཞི་ཞིང་ཉེར་ཞི་བ། །ཡོན་ཏན་བརྩོན་བྱས་ལྷག་པའི་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་གསུངས་པ་དེ་ལྟ་བུ་དང་ལྡན་པ་ནི་མཆོག་ཡིན་ནོ། །མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་བླ་མ་ནི་ཕྱོགས་བཅུ་ཀུན་གྱི་རྒྱལ་བ་མ་ལུས་པ་དང༌། སྣང་ལ་རང་བཞིན་མེད་པའི་རྣམ་པ་གཅིག་པའམ། ཡང་སྐུ་འཁྲུལ་པ་མེད་པ་དང༌། གསུང་ཅ་ཅོ་མེད་པ་དང༌། ཐུགས་རྣམ་པར་མི་རྟོག་པའི་རྣམ་པ་འདྲ་བ་ཡོད་ཅིང་གདུལ་བྱ་སྐལ་བ་དང་ལྡན་པའི་དོན་བྱེད་པར་ཕྲིན་ལས་མཚུངས་པར་ཡོད་ལ། འཕགས་པ་ཀླུ་སྒྲུབ་ཀྱིས། དེ་བཞིན་གཤེགས་པའི་རང་བཞིན་གང༌། །དེ་ནི་འགྲོ་འདིའི་རང་བཞིན་ཡིན། །དེ་བཞིན་གཤེགས་པའི་རང་བཞིན་མེད། །འགྲོ་བ་འདི་ཡི་རང་བཞིན་མེད། །ཅེས་པའི་ཚུལ་གྱིས་ངོ་བོ་ཉིད་གདོད་མ་ནས་དག་པ་གཉིས་སུ་མེད་པར་ཤེས་པར་བགྱིས་ཏེ། དུས་ཀུན་ཏུ་རང་གི་མདུན་ནམ་སྤྱི་གཙུག་གམ། སྙིང་གི་པདྨོའི་དབུས་སུ་བསམ་པར་བགྱིས་ནས། བྱ་བ་ནི་སྲིད་པ་དང་ཞི་བའི་རྒུད་པ་ཐམས་ཅད་ཞི་ཞིང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་མ་ལུས་པ་ཐོབ་པའི་དོན་དུ་གསོལ་བ་གདབ་པའམ་ཡང་ན་རང་དང་གཉིས་སུ་མེད་པར་བསྒོམ་པར་བགྱིའོ། །དེ་ལྟ་བུའི་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པར་ཡང༌། ལྷག་པའི་བསམ་པས་བསྐུལ་བའི་མདོ་ལས། བྱམས་པ་རྒྱུ་བཞིས་སངས་རྒྱས་ཀྱིས་གསུངས་པའི་དོན་སྤོབས་པར་རིག་པར་བྱའོ། །བཞི་གང་ཞེ་ན། བྱམས་པ་འདི་ལ་སྤོབས་པ་དོན་དང་ལྡན་པ་ཡིན་ཏེ། དོན་མེད་པ་དང་ལྡན་པ་མ་ཡིན་པ་དང༌། ཆོས་དང་ལྡན་པ་ཡིན་ཏེ། ཆོས་མ་ཡིན་པ་དང་ལྡན་པ་མ་ཡིན་པ་དང༌། ཉོན་མོངས་པ་འབྲི་བར་བྱེད་པ་ཡིན་ཏེ། འཕེལ་བར་བྱེད་པ་མ་ཡིན་པ་དང༌། མྱ་ངན་ལས་འདས་པའི་ཡོན་ཏན་དང་ཕན་ཡོན་སྟོན་པ་ཡིན་ཏེ། འཁོར་བའི་ཡོན་ཏན་དང་ཕན་ཡོན་སྟོན་པ་མ་ཡིན་པ་སྟེ་བཞིའོ། །བྱམས་པ་གང་ལས་རྒྱུ་འདི་བཞིས་སྤོབས་སམ་སྤོབས་པར་འགྱུར་བ་དེ་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདོད་པ་དག་གིས་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ། །སྟོན་པའི་འདུ་ཤེས་སུ་བྱ་སྟེ་དམ་པའི་ཆོས་མཉན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་གང་ཅུང་ཟད་ལེགས་པར་སྨྲས་པ་དེ་ཐམས་ཅད་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་ནོ་ཞེས་གསུངས་སོ། །གོང་དུ་རྒྱལ་བ་སྲས་བཅས་བསྒོམས་ནས་མཆོད་པར་བསྟན་ལ། གསོལ་བ་གདབ་པར་མ་གསུངས་ལ། འདིར་བླ་མ་བསྒོམས་ནས་གསོལ་བ་གདབ་པར་གསུངས་ལ་མཆོད་པ་མ་གསུངས་པ་ནི་བསྟན་བཅོས་ཟོར་ཡང་བར་བྱ་བའི་ཕྱིར། ཕན་ཚུན་མཚོན་པར་ཤེས་པར་བྱའོ། །དམིགས་པ་དང་བཅས་པའི་བསྒོམ་པ་བཤད་ནས། འཕགས་པ་ཀླུ་སྒྲུབ་ཀྱིས། ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་འབྱུང་བས་ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར་དམིགས་པ་མེད་པའི་བསྒོམ་པ་གསུངས་པ། དགེ་དང་སྡིག་དང་བདེ་དང་སྡུག་བསྔལ་དང༌། །དེ་བཞིན་འཁོར་དང་མྱ་ངན་འདས་པའི་ཆོས། །ཀུན་གྱི་རྩ་བར་གྱུར་པ་སེམས་ལགས་ཏེ། །ཞེས་གསུངས་ཏེ། དགེ་བ་ནི་ཀུ་ས་ལའི་སྒྲ་ལས་ཀུ་ནི་ངན་པ་ལ་འཇུག་ལ། ས་ལ་ནི་སྤོང་བའམ་འདོར་བ་ལ་འཇུག་པས་ནང་ན་སྤོང་ཞེས་བྱ་བར་འགྱུར་ཏེ། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་ལ་སོགས་པ་སྤོང་བའོ། །མི་དགེ་བ་ནི་སྲོག་གཅོད་པ་ལ་སོགས་པའོ། །འཁོར་བ་ནི་རྣམ་པར་རྟོག་པ་ཡིན་ལ། མྱ་ངན་ལས་འདས་པ་ནི་དེ་དང་བྲལ་བའོ། །དེ་སྐད་དུ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས། རྣམ་པར་རྟོག་ལས་མ་གཏོགས་པའི། །འཁོར་བ་ཞེས་བྱ་ཅི་ཡང་མེད། །རྣམ་རྟོག་དེ་དག་བྲལ་བས་ན། །ཁྱོད་ཉིད་རྟག་ཏུ་མྱ་ངན་འདས། །ཞེས་གསུངས་སོ། །དེ་རྣམས་ཀུན་གྱི་རྩ་བ་སེམས་ཡིན་ཏེ། སེམས་ཀྱིས་ཉེས་སྤྱོད་སྤོང་བས་དགེ་བ་ཡིན་ལ། དེ་མི་སྤོང་ན་སྡིག་པ་ཡིན་ཞིང་སེམས་ཀྱི་དེ་ཉིད་རྟོགས་ན་མྱ་ངན་ལས་འདས་པ་ཡིན་ལ། མ་རྟོགས་ན་འཁོར་བ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་མདོ་ལས། དགེ་སློང་ཅི་སེམས་ཀུན་ནས་ཉོན་མོངས་པས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་ལ། སེམས་རྣམ་པར་དག་པས་སེམས་ཅན་རྣམས་རྣམ་པར་དག་པར་འགྱུར་ཞེས་གསུངས་ལ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང༌། བྱང་ཆུབ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །ཞེས་གསུངས་ཤིང་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། འདི་དག་ཐམས་ཅད་སེམས་ཙམ་སྟེ། །སྒྱུ་མའི་རྣམ་པར་ཡང་དག་བྱུང༌། །དེ་དག་དགེ་དང་མི་དགེའི་ལས། །དེས་ནི་བདེ་འགྲོ་ངན་འགྲོར་སྐྱེ། །ཞེས་གསུངས་སོ། །དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཡིན་ན། དེ་ནི་བདེན་པའི་དངོས་པོར་གྲུབ་པ་ཞིག་གམ་ཞེ་ན། སེམས་དེའང་ཀུན་ནས་ཡོངས་སུ་བརྟགས་བགྱིས་ན། །ཁ་དོག་མ་མཆིས་དབྱིབས་ཀྱང་མ་མཆིས་ལ། །གཅིག་མིན་དུ་མ་མ་ལགས་ཏེ་སླད་དུ། །ངོ་བོ་མ་མཆིས་ཕྱིར་ན་མ་སྐྱེས་ཤིང༌། །མི་གནས་འགག་མེད་མཐའ་དབུས་དང་བྲལ་བས། །སྤྲོས་མེད་ནམ་མཁའི་ངང་ཚུལ་ཉིད་ལགས་ཏེ། །ཞེས་གསུངས་ཏེ། དེ་ཉིད་བསྡུས་པའི་རྒྱུད་ལས། རིགས་ཀྱི་བུ་མཉམ་པར་བཞག་པས་རང་གི་སེམས་སོ་སོར་རྟོགས་ཤིག ཅེས་གསུངས་པས། སེམས་དེ་ཡང་ཐོས་བསམ་གྱིས་ཀུན་ནས་བརྟགས་ཤིང་བསྒོམས་པས་ཡོངས་སུ་བརྟགས་ན་སྤྲོས་མེད་ནམ་མཁའི་ངང་ཚུལ་ཉིད་དུ་གྲུབ་པ་ཡིན་ཏེ། དེའི་རྒྱུ་མཚན་ཡང་ངོ་བོར་གྲུབ་པ་ཞིག་ན་གཟུགས་སུ་གྲུབ་ན་ཁ་དོག་གམ་དབྱིབས་སུ་གྲུབ་དགོས་པ་ལས། ཁ་དོག་དང་དབྱིབས་སུམ་གྲུབ་པའི་ཕྱིར་རོ། །རྒྱུད་ཐམས་ཅད་བསྟན་པའི་ཚིག་ལས། སེམས་གང་ཡིན་པ་དེའི་ངོ་བོ་ཉིད་ནི་རྩ་བ་མེད་པ། གནས་མེད་པ། གཞི་མེད་པ། མཚན་མ་མེད་པ། དབྱིབས་དང་ཁ་དོག་མེད་པ། དབང་པོ་ལས་འདས་པ། རྟོག་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའོ། །ཞེས་གསུངས་སོ། །གཟུགས་ལས་གཞན་པའི་ངོ་བོར་གྲུབ་བམ་ཞེ་ན་ཡང་མ་ཡིན་ཏེ། ངོ་བོར་གྲུབ་པ་ཞིག་ཡིན་ན་གདོན་མི་ཟ་བར་གཅིག་གམ་དུ་མ་གང་རུང་དུ་གྲུབ་དགོས་ལ། སེམས་དེ་ནི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །དེའི་ཚུལ་རྒྱས་པར་འོག་ནས་འཆད་པའི་ཕྱིར་འདིར་མ་སྤྲོས་སོ། །གཅིག་དང་དུ་མར་མ་གྲུབ་པའི་སླད་དུ་ངོ་བོ་མ་མཆིས་ལ། ངོ་བོ་མ་མཆིས་པའི་ཕྱིར་མ་སྐྱེས་པ་ཡིན་ནོ། །གལ་ཏེ་སྐྱེས་པ་ཞིག་ཡིན་ན་རྒྱུ་ལས་སྐྱེའམ་རྒྱུ་མེད་པ་ལས་སྐྱེ། རྒྱུ་ལས་སྐྱེ་བར་མི་རིགས་ཏེ། རྒྱུ་དང་འབྲས་བུ་དུས་མི་གཅིག་པས་ཕྲད་པ་མེད་པའི་ཕྱིར་རོ། །གལ་ཏེ་ཕྲད་ན་ངེས་པ་ཁོ་ནར་རྒྱུ་འབྲས་དུས་མཉམ་པར་འགྱུར་རོ། །དུས་མཉམ་པ་ནི་གང་ཞིག་གང་གི་རྒྱུ་ཡིན་ལ། །གང་ཞིག་གང་གི་འབྲས་བུ་ཡིན། །རྒྱུ་མེད་པ་ལས་སྐྱེ་བར་ཡང་མི་རིགས་ཏེ། རྒྱུ་མེད་གཞན་ལས་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་ཐལ། །ཞེས་པའི་རིགས་པས་གནོད་པས་སོ། །གཞན་ཡང་ཡོད་པ་སྐྱེ་བར་མི་རིགས་ཏེ་གྲུབ་ཟིན་པའི་ཕྱིར་རོ། །མེད་པ་སྐྱེ་བར་ཡང་མི་རིགས་ཏེ། དངོས་པོ་མེད་པ་ལ་རྒྱུའི་བྱེད་པ་བཀག་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། ཡོད་པ་ཡོད་ཕྱིར་མི་སྐྱེ་སྟེ། །མེད་པ་མེད་པའི་ཕྱིར་མི་སྐྱེ། །ཞེས་གསུངས་སོ། །མ་སྐྱེས་པའི་ཕྱིར་མི་གནས་ལ། མི་གནས་པའི་ཕྱིར་མི་འགག་པས་ཐོག་མ་སྐྱེ་བ་དབུས་སུ་གནས་པ། མཐར་འགག་པ་དང་བྲལ་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་མདོ་ལས་ཀྱང༌། ཆོས་ཐམས་ཅད་མཚན་ཉིད་མེད་པ་མ་སྐྱེས་པ་མ་འགགས་པའོ་ཞེས་གསུངས་སོ། །སེམས་བདེན་པར་མེད་པ་གསལ་ཞིང་རིག་པ་འདི་ཅི་ཞིག་ཅེ་ན། དེ་ལྟ་ན་ཡང་རིག་པ་མི་འགགས་པས། །རིག་སྟོང་ཟུང་དུ་འཇུག་པའི་བདག་ཉིད་ལགས། །ཞེས་གསུངས་ཏེ། སེམས་བདེན་པའི་ངོ་བོར་མ་གྲུབ་པ་དེ་ལྟ་ནའང་རིག་པས་མྱོང་བ་ནི་རིག་པ་ཉིད་བདེན་པའི་ངོ་བོས་སྟོང་པ། སྟོང་པ་ཉིད་རིག་ཅིང་གསལ་བ། རིག་པ་དང་སྟོང་པ་ཉིད་ཟུང་དུ་འཇུག་པའི་བདག་ཉིད་ཡིན་ཏེ། རྒྱལ་བའི་མདོ་ལས་ཀྱང༌། རྣམ་པར་ཤེས་པ་སྟོང་པའོ། །སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་རྣམ་པར་ཤེས་པ་གཞན་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་རང་གི་སེམས་རིག་སྟོང་ཟུང་དུ་འཇུག་པར་བསྟན་ནས། དེས་གཞན་ལ་ཡང་མཚོན་པར་སྟོན་པ། བདག་སེམས་ཅི་ལྟར་ལགས་པ་དེ་བཞིན་དུ། །སེམས་ཅན་ཀུན་ཡིད་རང་བཞིན་དེ་ཉིད་ལ། །ཆོས་རྣམས་ཀུན་ཀྱང་སྣང་སྟོང་ཟུང་འཇུག་པར། །ཀུན་ནས་ངེས་པར་བགྱི་ཞིང་མི་འཛིན་པའི། །ཚུལ་གྱིས་ཤིན་ཏུ་མཉམ་པར་བཞག་པར་བགྱི། །ཞེས་གསུངས་ཏེ། བདག་གིས་སེམས་རིག་སྟོང་ཟུང་དུ་འཇུག་པ་ཇི་ལྟར་ལགས་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་རིག་སྟོང་ཟུང་དུ་འཇུག་པ་ཡིན་ཏེ་རང་བཞིན་ཁྱད་པར་མེད་པའི་ཕྱིར་རོ། །སེམས་འབའ་ཞིག་ཏུ་མ་ཟད་དེ། དེ་ཉིད་ཀྱིས་གཟུགས་ལ་སོགས་པ་ཕྱི་རོལ་དོན་དུ་སྣང་བའི་ཆོས་ཐམས་ཅད་ཀྱང་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པར་གྲུབ་པ་ཡིན་ཏེ། རྒྱལ་བའི་ཡུམ་ལས། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཞེས་གསུང་སོ། །སྡུད་པ་ཚིགས་སུ་བཅད་པ་ལས་ཀྱང༌། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །ཞེས་གསུངས་ལ། གཞན་ཡང་ཤེས་རབ་སྙིང་པོ་ལས་གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་ཆོས་ཐམས་ཅད་སྣང་བ་དང༌། སྟོང་པ་ཟུང་དུ་འཇུག་པ་གཉིས་སུ་མེད་པར་ཐོས་བསམ་གྱིས་ཀུན་ནས་ངེས་པར་བགྱི་ཞིང་བསྒོམ་པའི་ཚེ་ཡོད་པ་དང་མེད་པ་གང་དུ་ཡང་མཚན་མར་མི་འཛིན་པའི་ཚུལ་གྱིས་ཤིན་ཏུ་མཉམ་པར་གཞག་པར་བགྱིའོ། །དེ་ལྟར་མཉམ་པར་གཞག་པའི་ཚུལ་རྒྱས་པར་བསྟན་ནས་མཇུག་བསྡུས་ཏེ་མཉམ་པར་བཞག་པའི་དགོངས་པ་སྟོན་པ། དེ་ལྟར་དམིགས་བཅས་གཉིས་དང་དམིགས་མེད་དང༌། །ཟུང་འཇུག་ཚུལ་ལ་མཉམ་པར་གཞག་བགྱིས་ན། །རྟོག་པ་ཀུན་གྱིས་རྣམ་པར་མི་བསྒུལ་བའི། །ཞི་གནས་ཏིང་འཛིན་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། གོང་དུ་སྟན་པའི་ཚུལ་དེ་ལྟར་ལྷ་དང་བླ་མ་བསྒོམ་པ་སྟེ། དམིགས་བཅས་གཉིས་དང༌། དམིགས་མེད་མི་རྟོག་པའི་ཏིང་ངེ་འཛིན་ཟུང་དུ་འཇུག་པ་ལ་མཉམ་པར་གཞག་པའི་རྒྱུ་ལས། འབྲས་བུ་ཞི་གནས་ཀྱི་ཏིང་ངེ་འཛིན་དམ་པ་རྒྱུད་ལ་ཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་དེ་ཅི་ལྟ་བུ་ཞེ་ན། རྟོག་པ་ཀུན་གྱིས་རྣམ་པར་མི་བསྒུལ་བའི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་རྒྱལ་པོ་ལས། ཞི་གནས་སྟོབས་ཀྱིས་བསྐྱོད་པ་མེད་འགྱུར་ཞིང༌། །ལྷག་མཐོང་གིས་ནི་རི་བོ་ལྟ་བུར་འགྱུར། །སེམས་ཅན་ཀུན་གྱིས་འཁྲུགས་པར་མི་ནུས་ཏེ། །འདི་ནི་བཟོད་པ་གཉིས་སུ་བཤད་པ་ཡིན། །ཞེས་གསུངས་སོ། །དམིགས་མེད་མི་རྟོག་པའི་ཏིང་ངེ་འཛིན་དང༌། རྟོག་པ་འགལ་བའི་ཕྱིར་སྤོང་བར་འཐད་ཀྱི། དམིགས་བཅས་གཉིས་པོ་ནི་རྟོག་པ་ཉིད་ཡིན་པས། རྟོག་པ་བསྒོམས་པས་རྟོག་པ་སྤོང་བར་མི་འཐད་དོ་ཞེ་ན། བདེན་མོད་ཀྱི་དམིགས་བཅས་དང་རྣམ་པར་རྟོག་པ་དངོས་སུ་མི་འགལ་བའི་ཕྱིར། དངོས་སུ་སྤོང་བར་ངེད་ཀྱང་མི་འདོད་ལ། བརྒྱུད་ནས་མི་འགལ་བར་མ་གྲུབ་སྟེ། དམིགས་མེད་ཉིད་དམིགས་བཅས་ཀྱི་རྒྱུ་ལས་སྐྱེ་བས་སོ། །དེ་སྐད་དུ་ཡང་དཀོན་མཆོག་བརྩེགས་པ་ལས། ཅི་ལྟར་ཤིང་གཉིས་རླུང་གིས་དྲུད་པ་ལས། །མེ་བྱུང་བས་ནི་དེ་ཉིད་སྲེག་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་པས་ཀྱང༌། །སྐྱེས་པ་དེ་ཡིས་དེ་ཉིད་སྲེག་པར་བྱེད། །ཅེས་འབྱུང་ལ། མགོན་པོ་བྱམས་པས་ཀྱང༌། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རྣམ་པར་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་གསུངས་སོ། །ཆོས་ཀྱི་རྗེའི་ཞལ་ནས་ཀྱང༌། དམིགས་པ་ཉིད་ལ་སེམས་གཏོད་དང༌། །ཡིད་ནི་ཞི་བ་ཐོབ་པར་འགྱུར། །དམིགས་པ་ཉིད་ལ་གཏད་ལེགས་ན། །དམིགས་པར་འཛིན་པ་རབ་ཏུ་སྤོང༌། །ཞེས་གསུངས་སོ། །མཉམ་པར་གཞག་པའི་ཚུལ་ལེགས་པར་བསྟན་ནས་རྗེས་ལ་བྱ་བའི་ཚུལ་ལ། བློ་གྲོས་མི་ཟད་པའི་མདོ་ལས། བརྩོན་འགྲུས་ཀྱི་དབང་པོ་ཡང་དག་པར་བསྒྲུབ་པའི་ཆོས་དེ་དག་དྲན་པའི་དབང་པོས་ཆུད་མི་གསོན་ཏེ། ཞེས་འབྱུང་བས། དགེ་བ་ཆུད་མི་གསོན་ཞིང་འཕེལ་བར་བྱ་བའི་ཕྱིར་དྲན་པར་གྱིས་ཤིག་ཅེས་སྟོན་པ། དགེ་དང་སྡིག་པ་བགྱིས་པ་ཐམས་ཅད་ཀྱི། །རྗེས་སུ་དགའ་བས་ཡང་ཡང་དྲན་བགྱིད་པ། །དེ་སྟོབས་སླར་ཡང་འཕེལ་བགྱིད་དེ་སླད་དུ། །དགེ་བ་རྗེས་དྲན་བགྱིས་པས་འཕེལ་བར་མཛོད། །ཅེས་གསུངས་ཏེ། དགེ་བ་ལ་དགའ་བས་རྗེས་སུ་དྲན་པར་མཛོད་ཅེས་དྲང་ངོ༌། །དགོས་པ་ཅིའི་དོན་དུ་ཞེ་ན། སྤྱིར་དགེ་བ་དང་སྡིག་པ་གང་བགྱིས་པ་ཐམས་ཅད་ཀྱི་རྗེས་སུ་དགའ་བས་ཡང་དང་ཡང་དུ་དྲན་པར་བགྱིས་ན། གང་བགྱིས་པ་དེའི་སྟོབས་སླར་ཡང་འཕེལ་བར་བགྱི་བའི་ཕྱིར། དགེ་བའི་རྩ་བ་འཕེལ་བའི་སླད་དུ་དགའ་བས་དྲན་པར་མཛོད་ཅེས་པའོ། །འདིའི་ཤུགས་ལས། དགེ་དང་སྡིག་པ་བགྱིས་པ་ཐམས་ཅད་ཀྱི། །རྗེས་སུ་འགྱོད་པས་ཡང་ཡང་དྲན་བགྱིད་པ། །དེ་སྟོབས་སླར་ཞིང་འགྲིབ་བྱེད་དེ་སླད་དུ། །སྡིག་ལ་རྗེས་འགྱོད་མཛད་པས་འབྲི་བར་མཛོད། །ཅེས་འབྱུང་མོད་ཀྱི། འདིར་དགེ་བའི་རྗེས་ལ་བྱ་བའི་སྐབས་ཡིན་པའི་ཕྱིར་དངོས་སུ་མ་གསུངས་སོ། །སྤྱིར་དགེ་བ་ཀུན་གྱི་རྗེས་ལ་དྲན་པར་གདམས་ནས། ཁྱད་པར་དུ་མཉམ་གཞག་གི་རྗེས་ལ་དྲན་བྱར་བསྟན་པ། ཁྱད་པར་དམིགས་པ་གང་ལ་བཞག་པ་ཡི། །རྗེས་ལ་དམིགས་པ་དང་ནི་རྣམ་པ་དང༌། །ཉམས་སུ་མྱོང་བའི་དོན་གང་ལ་སོགས་པ། །སོ་སོར་བརྟགས་ཤིང་རྣམ་པར་དཔྱད་བགྱིས་པས། །དེ་ཡི་རྒྱུ་རྐྱེན་ལ་སོགས་རྟེན་འབྱུང་ཚུལ། །ཇི་སྙེད་པ་དང་དེ་ཡང་རྣམ་དཔྱད་པས། །འགའ་ཡང་དམིགས་པ་མེད་པས་ཇི་ལྟའི་དོན། །ཇི་བཞིན་རྟོགས་པས་ལྷག་མཐོང་བསྒྲུབ་པར་བགྱི། །ཞེས་གསུངས་ཏེ། སྤྱིར་དགེ་བའི་རྩ་བ་ཀུན་དྲན་བྱ་ཡིན་མོད་ཀྱི་སྐབས་འདིར་མཉམ་བཞག་གི་རྗེས་ལ་བྱ་བ་སྐབས་སུ་བབ་པའི་ཕྱིར་ཁྱད་པར་དུ་སངས་རྒྱས་ཀྱི་སྐུ་ལ་སོགས་པ་དམིགས་པ་གང་ལ་མཉམ་པར་བཞག་པའི་རྗེས་ལ་དམིགས་པའི་ཡུལ་དང༌། བློའི་རྣམ་པ་དང༌། དམིགས་པ་དེ་ཉིད་ཀྱི་ཡང་རྒྱུ་དང་རྐྱེན་དང་དེ་བཞིན་དུ་རྣམ་པ་དང༌། ཉམས་སུ་མྱོང་བའི་ཡང་རྒྱུ་དང་རྐྱེན་གང་དང་གང་ལས་བྱུང་ཞེས་སོ་སོར་ཕྱེ་སྟེ། བརྟགས་ཤིང་ཞིབ་ཏུ་རྣམ་པར་དཔྱད་པར་བགྱིས་ན། ཀུན་རྫོབ་ཏུ་དམིགས་པ་ལ་སོགས་པ་དེ་རྣམས་ཀྱི་རྒྱུ་དང་རྐྱེན་དེ་ལས་འདི་བྱུང་ཞེས་ལུགས་འབྱུང་གི་རྟེན་འབྲེལ་དང༌། དེ་མ་གྲུབ་པས་འདི་མ་གྲུབ་ཅེས་པ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་ལས་བཟློག་པའི་ཚུལ་ཇི་སྙེད་པ་ཤེས་ཤིང་དེའང་དོན་ལ་རྣམ་པར་དཔྱད་པས་དམིགས་པ་དང་རྣམ་པ་ལ་སོགས་པ་གདོད་མ་ནས་ཆོས་འགའ་ཡང་དམིགས་པ་མེད་པ་ལ་ཇི་ལྟ་བ་བཞིན་རྟོགས་པས་ལྷག་མཐོང་ཤེས་རབ་བསྒྲུབ་པར་བགྱི་བ་ཡིན་ནོ། །དེ་ཡང་མདོ་སྡེ་དཀོན་མཆོག་སྤྲིན་ལས། ཞི་གནས་ཀྱིས་ནི་ཉོན་མོངས་པ་མགོ་གནོན་ནོ། །ལྷག་མཐོང་གིས་ནི་ཉོན་མོངས་པ་དཔྱིས་འབྱིན་ནོ། །ཞེས་གསུངས་སོ། །མགོན་པོ་བྱམས་པས་ཀྱང་བརྟན་པའི་ཞི་གནས་ལྷག་མཐོང་གིས། །རྣལ་འབྱོར་དེ་ས་ཀུན་འགྲོ་སྟེ། །ཐམས་ཅད་སྒྲུབ་པར་བྱེད་པ་ཡིན། །ཞེས་གསུངས་སོ། །དེ་དག་ལ་ཅིའི་ཕྱིར་ཞི་གནས་དང་ལྷག་མཐོང་ཞེས་བྱ་ཞེ་ན། མགོན་པོ་བྱམས་པས། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང༌། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་གསུངས་སོ། །དེ་ལྟར་དགེ་བ་ཆུད་མི་ཟ་ཞིང་འཕེལ་བར་བྱ་བའི་ཕྱིར་རྗེས་སུ་དྲན་བྱར་གདམས་ནས་དེ་མི་ཟད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་གདམས་པ། དགེ་བ་བགྱིས་པའི་རྗེས་སུ་དེས་མཚོན་པའི། །དགེ་བ་ཐམས་ཅད་གཅིག་ཏུ་བསྡོམས་བགྱིས་ནས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་བྱང་ཆུབ་ཐོབ་ཕྱིར་ཡོངས་སུ་བསྔོ། །ཞེས་གསུངས་ཏེ། ཡོངས་སུ་བསྔོ་ཞིང་བསྒྱུར་བར་བྱའོ། །ཞེས་གཞིར་བླངས་ལ། གང་ཞིག་བསྔོ་བར་བྱ་བ་ནི། སངས་རྒྱས་ཕལ་པོ་ཆེ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་རྣམས། །ཞེས་འབྱུང་བའི་ཚུལ་ལྟར་དགེ་བ་བགྱིས་པ་དེས་མཚོན་པའི་དུས་གསུམ་གྱི་དགེ་བ་ཐམས་ཅད་གཅིག་ཏུ་བསྡོམས་ནས། དུས་ནི་དགེ་བ་བགྱིས་པའི་རྗེས་ཐོགས་དེ་མ་ཐག་ཏུ་བསྔོ་བར་བྱ་སྟེ། དགེ་བ་མ་བྱས་པར་བསྔོ་རྒྱུ་མེད་ལ། དུས་རིང་པོ་ཐོགས་ན། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་དེ་ཀུན་གང་ཡིན་པ། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་པ་ལ་སོགས་པ་བྱང་ཆུབ་ཏུ་མ་བསྔོས་པའི་དགེ་བ་འཛད་པའི་རྐྱེན་མང་བས་ན་བར་མ་དོར་ཆུད་ཟ་བར་འགྱུར་བའི་ཕྱིར་རོ། །ཆེད་དུ་བྱ་བ་ནི་རྒྱལ་བའི་ཡུམ་ལས། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་ཞེས་འབྱུང་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུའོ། །བསྔོ་ས་ཡང་རྒྱལ་བའི་ཡུམ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་འཇུག་པའོ། །ཞེས་འབྱུང་བས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་ལྟར་བསྔོ་བ་བྱས་པ་ལ་བྱེད་པ་ཅི་ཡོད་ཅེ་ན་མཇུག་བསྡུ་བའི་སྐབས་ནས་མི་ཟད་ཅེས་འབྱུང་བས་ཟིན་ཏེ། བྱང་ཆུབ་ཆེན་པོར་བསྔོས་པའི་དགེ་བ་དེ་མི་ཟད་པར་བྱེད་པ་ཡང༌། བློ་གྲོས་མི་ཟད་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང༌། །རྒྱ་མཚོ་མ་ཟད་བར་དུ་དེ་ནི་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང༌། །བྱང་ཆུབ་མ་ཟད་བར་དུ་དེ་མི་ཟད། །ཅེས་གསུངས་སོ། །ཁ་སྒྱུར་བའི་བྱེད་པ་ཡང་ཡོད་དེ། སྦྱིན་པས་ལོངས་སྤྱོད་དང༌། ཚུལ་ཁྲིམས་ཀྱིས་མཐོ་རིས་ཐོབ་པ་ལ་སོགས་པ་དངོས་པོའི་ཆོས་ཉིད་ཡིན་པས་བསྔོ་བ་མི་དགོས་ཏེ། སྡིག་པ་བྱས་ན་དམྱལ་བར་མ་བསྔོས་ཀྱང་སྐྱེ་བར་འགྱུར་བ་བཞིན་ནོ། །དེས་ན་སྦྱིན་པ་ལ་སོགས་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་བསྔོས་པས་གནས་སྐབས་ཀྱི་འབྲས་བུ་འབྱུང་ཞིང་མཐར་ཐུག་བྱང་ཆུབ་ཐོབ་པར་བྱས་པའི་ཕྱིར་ཁ་སྒྱུར་བ་ཡིན་ཏེ། གསེར་གྱི་དངོས་པོ་གང་དུ་འགྲོ་མ་ངེས་པ་ལ་གསུང་རབ་ཏུ་བསྒྱུར་བ་བཞིན་ནོ། །སློབ་དཔོན་སེང་གེ་བཟང་པོས་ཀྱང༌། བསྔོ་བ་ཡིད་ལ་བྱེད་པ་ནི་གསེར་མགར་གྱི་རྒྱན་བཞིན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་བྱེད་དོ་ཞེས་གསུངས་སོ། །འཕེལ་བར་བྱེད་པའི་བྱེད་པ་ཡང་ཡོད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་སྦྱིན་པ་ཆུང་ངུ་ཞིག་བྱིན་ལ་ཐབས་མཁས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པས་གྲངས་མེད་དཔག་ཏུ་མེད་པར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་སོ། །དགེ་བའི་རྩ་བ་མི་ཟད་པར་བྱ་བའི་ཕྱིར་བསྔོ་བར་གདམས་ནས། དགེ་བ་སྔོན་དུ་མ་སོང་དུ་ཟིན་ཀྱང་འདོད་པའི་དོན་གྲུབ་པར་བྱ་བའི་སྨོན་ལམ་གདབ་པར་གདམས་པ། བསྒྱུར་བྱའི་དགེ་བ་དུས་དེར་མ་བསགས་ཀྱང༌། །དོན་ཆེན་སྨོན་པས་ཐོབ་པར་གྱུར་ཅིག་ཅེས། །སྨོན་ལམ་བཏབ་པས་དོན་དེ་འགྲུབ་འགྱུར་ཏེ། །གང་ཕྱིར་སེམས་ཉིད་གཙོ་བོ་ལགས་ཕྱིར་རོ། །ཞེས་གསུངས་སོ། །བསྒྱུར་བྱའི་དགེ་བ་དུས་དེར་མ་བསགས་སུ་ཟིན་ཡང་གནས་སྐབས་དང་མཐར་ཐུག་གི་དོན་ཆེན་པོ་གྲུབ་ན་ཅི་མ་རུང་སྙམ་དུ་སྨོན་པས་ཐོབ་པར་གྱུར་ཅིག་ཅེས་ངག་ཏུ་སྨོན་ལམ་བཏབ་ན་ཇི་ལྟར་བཏབ་པའི་དོན་ཁོ་ན་བཞིན་འགྲུབ་པར་འགྱུར་བ་ཡིན་ནོ། །གང་ཕྱིར་ཞེ་ན། དགེ་སྡིག་འཁོར་འདས་ཀྱི་ཆོས་ཀུན་སེམས་གཙོ་བོ་ལགས་པའི་ཕྱིར་རོ། །དེ་སྐད་དུ་ཡང་མ་སྐྱེས་དགྲའི་འགྱོད་པ་བསལ་བ་ལས། སྨོན་ལམ་གྱིས་ཡོངས་སུ་སྒྱུར་བར་བྱེད་ཅེས་གསུངས་ལ། དཀོན་མཆོག་བརྩེགས་པ་ལས་ཀྱང༌། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །བསྒྱུར་བྱའི་དགེ་བ་དུས་དེར་བསགས་ཤིང་དེ་ལ་དམིགས་ཏེ་བརྗོད་ན་བསྔོ་བར་འགྱུར་གྱི་སྨོན་ལམ་མ་ཡིན་ནོ། །དེ་ལྟ་ན་བཟང་པོ་སྤྱོད་པ་ལས། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་འགྱུར། །ཅེས་པ་འདི་རྣམས་ཐམས་ཅད་སྨོན་ལམ་མ་ཡིན་པར་འགྱུར་ཏེ། སྔོན་དུ་ཡན་ལག་དྲུག་གི་དགེ་བ་བསགས་པའི་ཕྱིར་རོ་སྙམ་ན། དེ་རྣམས་ནི་སྔར་གྱི་དགེ་བ་བསྒྱུར་བ་ལ་བསམས་ཏེ་བརྗོད་པ་མ་ཡིན་པས་ཉེས་པ་མེད་དོ། །སྔར་གྱི་དགེ་བ་ནི་ཡན་ལག་ཐ་མ་བསྔོ་བ་ཉིད་ཀྱིས་བསྔོས་ཟིན་པའི་ཕྱིར་རོ། །ཞེས་གསུངས་པ། ཡང་དགེ་བ་སྔོན་དུ་མ་སོང་བར་མ་ཟད། སོང་ཀྱང་དེ་བསྒྱུར་བ་ལ་མ་བསམས་ན་སྨོན་ལམ་དུ་འགྱུར་ཞེས་སྟོན་པའོ། །དེ་ལྟར་རྗེས་སུ་བྱ་བའི་ཚུལ་རྒྱས་པར་བསྟན་ནས། མཇུག་བསྡུས་ཏེ་དགོས་པ་སྟོན་པ། དེ་ལྟར་རྗེས་དྲན་ཡོངས་སུ་བསྔོ་བ་དང༌། །སྨོན་ལམ་དམ་པས་རྗེས་སུ་བརྒྱན་པ་ཡི། །དགེ་བ་ཐམས་ཅད་མི་ཟད་འཕེལ་བ་དང༌། །བདག་གཞན་ཀུན་གྱི་དོན་ཆེན་རྒྱུར་འགྱུར་ལགས། །ཞེས་གསུངས་ཏེ། དེ་ལྟར་རྗེས་སུ་དྲན་པ་དམ་པས་རྗེས་སུ་བརྒྱན་པའི་དགེ་བ་ཐམས་ཅད་འཕེལ་བར་འགྱུར་བ་དང༌། ཡོངས་སུ་བསྔོ་བ་དམ་པས་རྗེས་སུ་བརྒྱན་པའི་དགེ་བ་ཐམས་ཅད་མི་ཟད་པ་དང༌། སྨོན་ལམ་དམ་པས་རྗེས་སུ་བརྒྱན་པའི་དགེ་བ་ཐམས་ཅད་རང་དང་གཞན་གྱི་དོན་ཆེན་པོའི་རྒྱུར་འགྱུར་བ་ལགས་པས་ན་དེ་གསུམ་གྱིས་བརྒྱན་པར་གྱིས་ཤིག་ཅེས་གདམས་པའོ། །དེ་གསུམ་ཡང་གཙོ་ཆེ་བ་ཡིན་གྱི་རེ་རེ་ལ་ཡང་མི་ཟད་པ་དང༌། འཕེལ་བ་དང༌། དོན་ཆེན་པོ་འགྲུབ་པ་གསུམ་ཀ་ཡོད་པའི་ཕྱིར་ཐུན་མོང་གི་དགོས་པར་བཤད་ཀྱང་འགལ་བ་མེད་དོ། །དམ་པ་ཞེས་གསུངས་པ་ནི་དེ་གསུམ་ཀ་ལ་སྦྱར་ཏེ་འགྱོད་པས་དྲན་པ་དང༌། ལོག་པར་བསྔོས་པ་དང༌། ཕྱིན་ཅི་ལོག་ཏུ་སྨོན་པ་དགག་པའི་ཕྱིར་རོ། །དེ་ལྟར་རྗེས་ལ་བྱ་བའི་ཚུལ་བསྟན་ནས། དེ་ཐམས་ཅད་ལ་རྒྱས་གདབ་པའི་ཚུལ་སྟོན་པ་ལ་ཀུན་རྫོབ་སྒྱུ་མ་ལྟ་བུར་བསྒྲུབ་པ་ནི། དེ་ལྟར་ཉམས་སུ་བླངས་བ་དེ་དག་དང༌། །གཞན་ཡང་འདུས་བྱས་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་རྒྱུ་དང་རྐྱེན་ལ་རག་ལས་པས། །རང་གི་ངོ་བོར་མ་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་རྒྱུ་དང་རྐྱེན་ལ་རག་ལས་པ་དེ་ནི་རང་གི་ངོ་བོར་མ་གྲུབ་སྟེ་ཆུའི་ནང་གི་ཟླ་བ་བཞིན་ཉམས་སུ་བླངས་པའི་ཆོས་བཅུ་གཉིས་པོ་ཡང་རྒྱུ་དང་རྐྱེན་ལ་རག་ལས་སོ། །དེར་མ་ཟད་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱང་དེ་ཉིད་ཀྱིས་ངོ་བོ་ཉིད་མེད་པར་གྲུབ་བོ། །དེ་སྐད་དུ་ཡང་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེས་བའི་རང་བཞིན་གང་ཡང་མེད། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་སོ། །བདེན་པའི་ངོ་བོར་མ་གྲུབ་ཀྱང་སྣང་བའི་ཆ་ལ་མི་འགག་པའི་ཚུལ། དཔེ་དང་བཅས་སྟེ་སྟོན་པ། བག་ཆགས་ཀྱིས། །རྣམ་པར་བསླད་པའི་བློ་ལ་སྣ་ཚོགས་སུ། །སྣང་ཞིང་མྱོང་ལ་དེར་ཡང་མི་བདེན་པས། །སྣ་ཚོགས་རྐྱེན་ལས་བྱུང་བའི་སྒྱུ་མ་དང༌། །གཉིད་ཀྱིས་བསླད་པའི་རྨི་ལམ་ཇི་བཞིན་དགོངས། །ཞེས་གསུངས་ཏེ། བདེན་པའི་ངོ་བོས་མ་གྲུབ་ཀྱང་ཐོག་མ་མེད་པ་ནས་ཕྱི་རོལ་དོན་དང༌། ནང་ཤེས་པ་དང༌། ཤེས་པ་དོན་ལ་མངོན་རྒྱུག་པ་དང༌། དེར་ཞེན་པ་ལ་སོགས་པའི་བག་ཆགས་དུ་མས་རྣམ་པར་བསླད་པའི་བློ་ལ་སྡུག་དང་མི་སྡུག་པ་ལ་སོགས་པ་ཕྱི་རོལ་དུ་སྣང་ཞིང་བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་ནང་དུ་སྣ་ཚོགས་སུ་མྱོང་ལ་དེར་མི་བདེན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་སེམས་འགྲེལ་ལས། ཀུན་རྫོབ་ཉོན་མོངས་ལས་ལས་སྐྱེས། །ལས་ནི་སེམས་ལས་བྱུང་བ་སྟེ། །སེམས་ལས་བག་ཆགས་དག་གིས་བསགས། །བག་ཆགས་ཟད་པ་བདེ་བའི་མཆོག །ཅེས་གསུངས་སོ། །སྣ་ཚོགས་རྐྱེན་ལས་བྱུང་ཞིང་སྣ་ཚོགས་སུ་སྣང་བ་ནི་དཔེར་ན་འཇིམ་པ་དང་གྱོ་མོ་དང༌། སྤྲེའུའི་མཇུག་མ་ལ་སོགས་པའི་རྫས་དང༌། སྔགས་ཀྱི་ཁྱད་པར་འགའ་ཞིག་གིས་རྟ་དང་གླང་པོ་ལ་སོགས་པ་དུ་མར་སྣང་བའི་སྒྱུ་མ་དང་འདྲ་བར་ཤེས་པར་བྱ་བ་ཡིན་ཏེ། རིགས་པའི་དབང་ཕྱུག་གིས། དཔེར་ན་དབང་པོ་སྔགས་སོགས་ཀྱིས། །བསླད་པ་རྣམས་ལ་འཇིམ་དུམ་སོགས། །དེ་ཡི་གཟུགས་དང་བྲལ་ན་ཡང༌། །རྣམ་པ་གཞན་དུ་གསལ་བར་འགྱུར། །ཞེས་གསུངས་ལ། ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། སྒྱུ་མ་བྱེད་པ་དག་གིས་སྒྱུ་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་བདེན་པ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་སོ། །བག་ཆགས་ཀྱིས་བསླད་པའི་བློ་ལ་སྣ་ཚོགས་སུ་མྱོང་བ་ནི། དཔེར་ན་སྐྱེས་བུ་གཉིད་ཀྱིས་བསླད་པའི་རྨི་ལམ་སྣ་ཚོགས་སུ་མྱོང་བ་དང་འདྲ་ཞིང་བདེན་པར་མེད་དེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེ་མཐོང་ནས། །བྱུང་ན་དགའ་ལ་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་གསུངས་སོ། །འདུས་བྱས་ཀྱི་ཆོས་བདེན་པར་མེད་དུ་ཆུག་ན་ཡང༌། ནམ་མཁའ་དང་འགོག་པ་ལ་སོགས་པ་འདུས་མ་བྱས་ཀྱི་ཆོས་བདེན་པར་ཡོད་དོ་སྙམ་ན། འདུས་མ་བྱས་ཆོས་བཏགས་པ་ཁོ་ན་སྟེ། དེ་ལ་དོན་མེད་མིང་གི་སྒྲ་དང་ནི། །རྣམ་པར་རྟོག་པ་དེ་དག་འདུས་བྱས་ཆོས། །དོན་དུ་འདོད་པ་གང་དེ་སྨྱོན་པ་ལགས། །ཞེས་གསུངས་ཏེ། ནམ་མཁའ་ལ་སོགས་པ་རྒྱུ་དང་རྐྱེན་ལས་མངོན་པར་འདུས་མ་བྱས་པའི་དངོས་པོ་ནི་བློ་རྣམ་པར་རྟོག་པས་བརྟགས་པ་ཁོ་ན་ཡིན་གྱི་དེ་ལ་དོན་དུ་གྲུབ་པ་མེད་དོ། །དོན་དུ་གྲུབ་པ་ཞིག་ན་ཅིས་རྟོགས། དབང་པོ་དང་ཡིད་ཀྱི་མངོན་སུམ་གྱིས་རྟོགས་ན་ནི་འདུས་མ་བྱས་གཟུགས་ལ་སོགས་པ་ཡུལ་ལྔར་འགྱུར་ལ། མྱོང་བས་གྲུབ་ན་སེམས་སུ་འགྱུར་ཞིང༌། རྗེས་སུ་དཔག་པས་ཀྱང་བསྒྲུབ་པར་མི་ནུས་ཏེ། འདུས་མ་བྱས་དང་ཆོས་གང་ལ་ཡང་འབྲེལ་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་འདུས་མ་བྱས་ཞེས་བརྗོད་པའི་སྒྲ་དང་བློའི་དོན་འདུས་བྱས་ཀྱི་ཆོས་ལས་གཞན་མ་ཡིན་ནོ། །དེས་ན་འདུས་མ་བྱས་དོན་དུ་འདོད་པ་གང་ཡིན་པ་དེ་ནི་གནས་ལུགས་ལ་བསྙོན་འདེབས་པ་ཁོ་ན་ཡིན་ནོ། །དེ་ལྟར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་བདེན་པ་མེད་ན། དགེ་བ་དང་མི་དགེ་བས་འབྲས་བུ་བདེ་བ་དང་སྡུག་བསྔལ་བ་ཡང་མེད་པར་འགྱུར་ལ། དེ་ལྟར་ན་དེ་དག་བླང་དོར་བྱ་མི་དགོས་པར་འགྱུར་རོ་སྙམ་དུ་ལོག་པར་རྟོག་པ་དགག་པའི་ཕྱིར། ཀུན་རྫོབ་རྒྱུ་འབྲས་རྟེན་འབྱུང་མི་སླུ་བས། །ཇི་ལྟར་སྤྱད་པའི་རྣམ་སྨིན་མྱོང་བའི་སླད། །ལས་འབྲས་ཚུལ་ལ་ཁྱད་དུ་གསད་མི་བགྱི། །ཞེས་གསུངས་ཏེ། དོན་དམ་པར་ལས་དང་ལས་ཀྱི་འབྲས་བུ་མ་གྲུབ་པས་བླང་དོར་དུ་གཟུང་བར་བྱ་བ་ཡང་མ་ཡིན་ལ་ཀུན་རྫོབ་ཏུ་རྒྱུ་སྔ་མ་ལས་འབྲས་བུ་ཕྱི་མ་འབྱུང་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་མི་སླུ་བས་ན། ལས་དགེ་བ་དང་མི་དགེ་བ་ཇི་ལྟར་སྤྱད་པའི་རྣམ་པར་སྨིན་པ་བདེ་བ་དང་སྡུག་བསྔལ་བ་ཡང་ཅི་ལྟ་བ་བཞིན་དུ་མྱོང་བའི་ཕྱིར་ལས་རྒྱུ་འབྲས་ཁྱད་དུ་གསད་པར་མི་བགྱི་སྟེ། མདོ་ལས་ཀྱང༌། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་ལ། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། བཅོམ་ལྡན་བླ་མས་ལས་གནས་དང༌། །ལས་བདག་ལས་ཀྱི་འབྲས་བུ་དང༌། །སེམས་ཅན་རང་གི་ལས་དང་ནི། །ལས་རྣམས་ཆུད་མི་ཟ་བར་གསུངས། །ཞེས་སོ། །ལས་བྱེད་པ་པོས་རྣམ་པར་སྨིན་པ་མྱོང་བས་ན། བསམ་གྱིས་མི་ཁྱབ་པའི་བདག་ཅེས་བྱ་བ་རྟག་པ་གཅིག་གིས་ལས་བྱེད་པ་པོ་དང༌། རྣམ་པར་སྨིན་པ་མྱོང་བ་པོ་གཅིག་ཏུ་བྱེད་པར་འདོད་པ་ནི་ལོག་པར་རྟོག་པ་ཡིན་ཞེས་སྟོན་པ། ཡོད་པར་བདེན་འདོད་རྟག་པར་ལྟ་བའི་ཚུལ། །ཞེས་གསུངས་ཏེ། དེ་ལྟ་བུའི་བདག་རྟག་པ་དེ་ནི་རྐྱེན་གྱིས་མི་འགྱུར་བའི་ཕྱིར། ལས་དགེ་བས་འབྲས་བུ་བདེ་བ་མྱོང་བ་དང༌། ལས་མི་དགེ་བས་འབྲས་བུ་སྡུག་བསྔལ་བསྐྱེད་པར་འགྱུར་རོ། །དཔལ་ཆོས་ཀྱི་གྲགས་པས། སྡུག་བསྔལ་སྐྱེ་བའི་རྒྱུ་འདི་ཉིད། །འཆིང་ཡིན་རྟག་ལ་དེ་གང་ལས། །སྡུག་བསྔལ་མི་སྐྱེའི་རྒྱུ་ཉིད་ནི། །ཐར་ཡིན་རྟགས་ལ་དེ་གང་ལས། །ཞེས་གསུངས་སོ། །དེས་ན་དེ་ལྟ་བུའི་ལྟ་བ་འཛིན་པ་དེ་ནི་སངས་རྒྱས་ལ་སྟོན་པར་ཁས་འཆེ་ཡང་སངས་རྒྱས་ཀྱི་བསྟན་པ་ལས་ཕྱིར་ཕྱོགས་པ། ཆོས་འདི་པའི་ལྟ་བ་རྣམ་པར་དག་པ་ལས་རྒྱང་ཆད་པའི་ཕྱིར་མུ་སྟེགས་བྱེད་ལས་གཞན་མ་ཡིན་ནོ། །དེ་ལྟར་ཀུན་རྫོབ་སྒྱུ་མ་ལྟ་བུའི་རྒྱས་གདབ་པར་བཤད་ནས། དོན་དམ་པར་རང་བཞིན་མེད་པའི་རྒྱས་གདབ་པར་གདམས་པ། ཕྱོགས་དུས་མེད་པའི་ཆོས་འགའ་མ་མཆིས་ཤིང༌། །ཕྱོགས་དང་དུས་ཀྱི་རྣམ་པར་དབྱེ་བགྱིས་ན། །གཅིག་པའི་དངོས་པོ་གང་ནའང་སྲིད་མ་ལགས། །གཅིག་མ་མཆིས་པས་དུ་མ་ག་ལ་འབྱུང༌། །དེ་དག་ལས་གཞན་ཡོད་པ་མ་མཆིས་པས། །ཡོད་ཅེས་རྣམ་པར་རྟོག་པ་གྱི་ན་ལགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོར་སྨྲ་བའི་གྲུབ་པའི་མཐའ་དུ་མ་ཡོད་མོད། བདེན་པའི་དངོས་པོ་ཁས་ལེན་པ་ཞིག་ན། དོན་དང་ཤེས་པ་གཉིས་སུ་ཁ་ཚོན་ཆོད་ལ། ཕྱོགས་མེད་པའི་དོན་དང་དུས་མེད་པའི་ཤེས་པ་མི་སྲིད་ལ། ཕྱོགས་དང་དུས་ཀྱི་རྣམ་པར་ཕྱེ་ན། རྡུལ་ཕྲན་ཆ་མེད་དོན་དམ་པར་བདེན་པར་འདོད་པ་དག་གི་ལྟ་ན། རྡུལ་ཕྲ་མོ་འདུས་ཏེ་རགས་པར་རྩོམ་པའི་ཚེ། དབུས་སུ་རྡུལ་ཕྲ་མོ་ཆ་མེད་གཅིག་ལ་ཕྱོགས་དྲུག་ནས་རྡུལ་དྲུག་ཅིག་ཅར་སྦྱར་བའི་ཚེ། རྡུལ་རེ་རེ་ལ་སྦྱར་བའི་ཕྱོགས་རེ་རེ་ཡོད་པའི་ཕྱིར། རྡུལ་ཕྲན་དབུས་མ་དེ་ཆ་དྲུག་ཏུ་འགྱུར་ཞིང༌། ཤར་རྡུལ་ལ་སྦྱར་བའི་ཕྱོགས་དེ་ཉིད་ཀྱིས་རྡུལ་གཞན་ལྔ་ལ་ཡང་སྦྱར་ན་རྡུལ་དྲུག་པོ་དེ་རྡུལ་ཕྲ་རབ་དང་ཆེ་ཆུང་མཉམ་པར་འགྱུར་ལ། དེ་ལྟ་ན་རགས་པ་རྩོམ་པ་མེད་པར་འགྱུར་རོ། །དེ་ཉིད་སློབ་དཔོན་དབྱིག་གཉེན་གྱིས། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་སོ། །དེ་ལྟར་ཕྱོགས་ཀྱིས་ཕྱེ་ན། རྡུལ་གཅིག་མི་སྲིད་ལ་གཅིག་མ་བྱུང་བས་དེ་བསགས་པའི་དུ་མ་མི་འབྱུང་བས་ཕྱི་རོལ་གྱི་དོན་མ་གྲུབ་པ་ཡིན་ནོ། །ཡང་ཤེས་པ་སྐད་ཅིག་ཆ་མེད་དོན་དམ་པའི་བདེན་པར་འདོད་པ་ལྟ་ན་ཡང་ཤེས་པ་སྐད་ཅིག་ཆ་མེད་དེ་ལ་སྐྱེ་བ་དང་འཇིག་པ་དང༌། གནས་པའི་ཆ་མེད་ན་འདུས་བྱས་མ་ཡིན་པར་འགྱུར་ལ། ཡོད་ན་སྐད་ཅིག་ཐམས་ཅད་ཆ་གསུམ་དུ་འགྱུར་ལ་དེ་ལྟ་ན་གཅིག་མེད་པར་འགྱུར་ཞིང༌། དེས་ན་དུ་མ་ཡང་མི་འབྱུང་བར་འགྱུར་ཏེ་སོག་བྱེད་མེད་པའི་ཕྱིར་རོ། །དེ་ཉིད་འཕགས་པ་ཀླུ་སྒྲུབ་ཀྱིས། རིན་པོ་ཆེའི་ཕྲེང་བ་ལས། ཇི་ལྟར་སྐད་ཅིག་མཐའ་ཡོད་པ། །དེ་བཞིན་ཐོག་མ་དབུས་བརྟག་དགོས། །དེ་ལྟར་སྐད་ཅིག་གསུམ་བདག་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་གསུངས་སོ། །ཡང་སྐད་ཅིག་ཆ་མེད་སྔ་མ་ལས་ཕྱི་མ་འབྱུང་བའི་ཚེ། སྐད་ཅིག་གཉིས་པོ་མ་ཕྲད་ན་རྒྱུ་མེད་པར་འགྱུར་ལ། ཕྲད་ན་སྔ་མ་དང་འབྲེལ་བའི་ཆ་དང་ཕྱི་མ་དང་འབྲེལ་བའི་ཆ་གཉིས་སུ་འགྱུར་ལ། སྔ་མ་དང་འབྲེལ་བའི་ཆ་དེ་ཉིད་ཀྱིས་ཕྱི་མ་དང་ཡང་འབྲེལ་ན། དུས་གཅིག་ཏུ་འབྲེལ་ན་སྐད་ཅིག་སྔ་མ་དུས་གསུམ་པར་སྡོད་པར་འགྱུར་ལ། དུས་ཐ་དད་དུ་འབྲེལ་ན་སྐད་ཅིག་བར་པ་དུས་གཉིས་པར་སྡོད་པར་འགྱུར་ཏེ། སྔ་མ་དང་འབྲེལ་དུས་ཀྱི་སྐད་ཅིག་གི་ཕྱི་མ་དང་འབྲེལ་དུས་སུ་མ་འགགས་པའི་ཕྱིར་རོ། །དེའི་ཕྱིར་སྐད་ཅིག་མ་གཅིག་པའི་དངོས་པོ་གང་ནའང་སྲིད་པ་མ་ལགས་ལ། གཅིག་མ་མཆིས་པའི་དུས་མ་ག་ལ་འབྱུང༌། དེ་ལྟར་དུས་ཀྱིས་ཕྱེ་བས་སེམས་ཀྱང་རང་བཞིན་མེད་པར་གྲུབ་པ་ཡིན་ནོ། །དོན་དང་ཤེས་པ་དེ་དག་ལས་གཞན་པའི་ཡོད་པ་ནི་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆ་ཙམ་ཡང་མེད་ལ། དོན་དང་ཤེས་པ་ནི་རིགས་པས་ཁེགས་པའི་ཕྱིར་ཡོད་དོ་ཞེས་རྣམ་པར་རྟོག་པ་ནི་མ་བརྟགས་པ་གཅིག་པུར་ཉམས་དགའ་བ་གྱི་ན་འབའ་ཞིག་ཡིན་ནོ། །ཡོད་པའི་མཐའ་དགག་པ་བཤད་ནས། མེད་པའི་མཐའ་དགག་པ་སྟོན་པ། །རིང་པོ་མེད་པར་ཐུང་དུ་ཇི་བཞིན་དུ། །ཡོད་པ་ངོ་བོ་ཉིད་དུ་མ་གྲུབ་པས། །མེད་པ་གཤེགས་སུ་ལྟ་ཡང་ག་ལ་མཆིས། །ཞེས་བྱ་བ་གསུངས་ཏེ། ཡོད་པ་བཀག་པའི་ཕྱིར་མེད་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ་མེད་པ་ཞེས་བྱ་བ་ནི་ཡོད་པ་ལ་ལྟོས་དགོས་ལ། ཡོད་པ་ངོ་བོ་ཉིད་དུ་མ་གྲུབ་པས་མེད་པ་ཡང་གཤིས་ཏེ་ངོ་བོ་ཉིད་དུ་ལྟ་ཡང་ག་ལ་མཆིས། དཔེར་ན་ལྟོས་པའི་རིང་པོ་མེད་ན། དེ་ལ་ལྟོས་པའི་ཐུང་དུ་མི་འབྱུང་བ་བཞིན་ནོ། །གཞན་ཡང་མེད་པ་དེ་ཅི་འདི་མེད་ཅེས་བརྟག་པར་བྱ་བ་ཅུང་ཟད་ཀྱང་མི་རྙེད་པས་མེད་པ་ག་ལ་མཆིས། དེ་ཉིད་སློབ་དཔོན་ཡེ་ཤེས་སྙིང་པོས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་དགག་མེད་གསལ། །ཞེས་གསུངས། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། དེ་ཕྱིར་སངས་རྒྱས་རྣམས་ཀྱིས་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བཤད་པ། །ཆོས་ཀྱི་ཁུད་པ་ལགས་མཁྱེན་མཛོད། །ཅེས་གསུངས་སོ། །ཕུང་པོ་གསུམ་པ་འགོག་པར་བྱེད་པ། །གནོད་པ་གཉིས་ཀས་རྣམ་པར་བསལ་བ་དང༌། །སྒྲུབ་བྱེད་དང་ནི་ལྟོས་པ་མ་མཆིས་ཕྱིར། །གཉིས་དང་གཉིས་མིན་ཆོས་ཉིད་མ་ལགས་པར། །ཤེས་རབ་གསལ་བ་ཁྱོད་ཀྱིས་མཁྱེན་པར་བགྱི། །ཞེས་གསུངས་ཏེ། གཉིས་ཀ་ཡིན་པའི་ཕུང་པོ་གསུམ་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཡོད་པ་དང་མེད་པ་གཉིས་ཀ་ལ་བརྗོད་པའི་ཚད་མས་རྣམ་པར་བསལ་བའི་ཕྱིར་རོ། །ཡོད་པ་དང་མེད་པ་གཉིས་ཀ་མ་ཡིན་པ་ཡང་མ་ཡིན་ཏེ། སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་དང༌། གཉིས་ཀ་མ་ཡིན་པ་ཡང༌། གཉིས་ཀ་ཡིན་པ་ལ་ལྟོས་དགོས་པ་ལས་ལྟོས་པ་གཉིས་ཀ་ཡིན་པ་མ་གྲུབ་པའི་ཕྱིར། གཉིས་ཀ་མ་ཡིན་པའི་ཆོས་ཉིད་ཀྱང་ལགས་པར་ག་ལ་འགྱུར། དེ་ལྟར་མཐའ་བཞི་རྣམ་པར་སྤངས་ནས་སྤྲོས་པ་དང་བྲལ་བར་ཤེས་རབ་གསལ་བའི་རྒྱལ་པོ་ཁྱོད་ཀྱིས་མཁྱེན་པར་བགྱིའོ། །དེ་དག་གིས་དངོས་པོ་སྨྲ་བའི་གྲུབ་མཐའ་མཐའ་དག་ཁེགས་མོད། འོན་ཀྱང༌། རྣམ་རིག་པ་དག་གི་ལྟ་བ་ལ་ཆེན་པོའི་ཆེན་པོ་རྣམས་ཀྱང་མངོན་པར་ཞེན་པའི་ཕྱིར་ཁྱད་པར་དུ་དགག་པ། སེམས་ལ་གཟུགས་མེད་ཕྱིར་ན་ཕྱོགས་མེད་པས། །གཅིག་པུ་ཉིད་དུ་བདེན་ཞེས་རྣམ་རྟོག་ན། །ཞེས་བྱ་བ་འདིས་དེ་དག་གི་འདོད་པ་བསྟན་ཏེ། རྣམ་རིག་པ་དག་ན་རེ། སེམས་ལ་གཟུགས་མེད་པས་ཕྱོགས་དྲུག་ཏུ་བརྟགས་པའི་རིགས་པས་མི་གནོད་ལ། འདས་མ་འོངས་དངོས་པོར་མ་གྲུབ་པའི་ཕྱིར་དུས་གསུམ་དུ་བརྟགས་པའི་རིགས་པས་མི་གནོད་པས། ད་ལྟར་གྱི་སེམས་སྐད་ཅིག་ཆ་མེད་ཁོ་ནར་བདེན་ཞེས་རྣམ་པར་རྟོག་པར་བྱེད་དོ། །དེ་དགག་པ་སྟོན་པ། རྣམ་པ་དུ་མར་སྣང་བའི་གཟུང་འཛིན་དང༌། །གཅིག་ན་སེམས་དེའང་དུ་མ་ཉིད་དང་ནི། །བརྫུན་པར་འགྱུར་ཞིང༌། ཞེས་བྱ་བ་འདིས་དགག་པའི་གཙོ་བོ་བསྟན་ཏེ། སྔོན་པོ་དང་སེར་པོ་ལ་སོགས་པ་གཟུང་འཛིན་རྣམ་པ་དུ་མར་སྣང་བ་འདིས་ཤེས་པ་ཆ་མེད་གཅིག་པུ་གཅིག་གམ་ཐ་དད། གལ་ཏེ་གཅིག་ན་རྣམ་བདེན་པའི་ལུགས་ལ་ཤེས་པ་དེ་དུ་མར་འགྱུར་ཏེ་དུ་མ་དང་བདག་གཅིག་པའི་ཕྱིར་རོ། །ཕྱོགས་ཆོས་ཁས་བླངས་ལ་ཁྱབ་པ་གང་དུ་མ་དང་བདག་གཅིག་པ་དེ་དུ་མ་ཡིན་ཏེ་ཀ་བ་དང་བུམ་པ་མི་རྟག་པ་ཐ་དད་པ་བཞིན་ནོ། །དེ་ལྟར་ན་ཚད་མ་རིགས་པའི་གཏེར་ལས། ཕྱི་ལྟར་དོན་རིག་དུ་མ་ཡང༌། །ནང་ལྟར་རང་རིག་ཉིད་དུ་གཅིག །ཅེས་ཕྱི་ལྟར་དུ་མར་སྣང་ཡང་ནང་ལྟར་རང་རིག་ཏུ་གཅིག་པར་གསུངས་པ་ནི། རྣམ་རིག་པའི་ལུགས་ལ་བརྟེན་ཏེ་གསུངས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན། ཡན་ལག་ཅན་འགོག་པའི་རིགས་པས་ཁེགས་ཏེ། དཀར་པོར་སྣང་བ་གཡོ་བ་དང༌། སེར་པོར་སྣང་བ་བརྟན་པ་ལ་ཅིག་ཅར་དམིགས་པའི་ཚེ། ཕྱི་ལྟར་དཀར་པོར་སྣང་བ་གཡོ་བའི་ཚེ། ནང་ལྟར་རང་རིག་ཀྱང་གཡོ་བར་འགྱུར་ཏེ། གཡོ་བ་དང་བདག་གཅིག་པའི་ཕྱིར་རོ། །དེ་ལྟ་ན་ཕྱི་ལྟར་བརྟན་པར་སྣང་བའི་སེར་པོ་ཡང་གཡོ་བར་འགྱུར་ཏེ། གཡོ་བའི་རང་རིག་དང་བདག་གཅིག་པའི་ཕྱིར་རོ། །འདོད་ན་སེར་པོར་སྣང་བ་བརྟན་པ་དང༌། བདག་གཅིག་པའི་ཕྱིར་དཀར་པོར་སྣང་བ་གཡོ་བ་ཡང་བརྟན་པར་འགྱུར་བ་ཅིས་འགོག བརྟན་པ་དང་གཡོ་བར་སྣང་བ་གཉིས་ཀ་འཁྲུལ་པ་ཡིན་གྱི་དོན་ལ་སེམས་ཉིད་ཡིན་ནོ་ཞེ་ན། སེམས་དངོས་པོ་གཞི་གྲུབ་པ་ལ་བརྟན་པ་དང་བརྟན་པ་མ་ཡིན་པར་ཁ་ཚོན་ཆོད་དགོས་ལ། ཤེས་པ་དེ་གང་རུང་དུ་ཁས་བླངས་ན་མི་འདོད་པ་འདོད་ན་ཅིས་འགོག ཡང་རྣམ་བརྫུན་པའི་ལྟར་ན། ཤེས་པ་དེ་བརྫུན་པར་འགྱུར་ཏེ། སྣ་ཚོགས་སྣང་བ་བརྫུན་པ་དང་བདག་གཅིག་པའི་ཕྱིར་རོ། །མཐའ་འགོག་པ་སྟོན་པ། གལ་ཏེ་ཐ་དད་ན་ཆོས་དང་ཆོས་ཉིད་དུ་ཡང་ཇི་ལྟར་འགྱུར། གཉིས་སུ་སྣང་བ་ཡང་ནི་གང་ལས་བྱུང༌། །འཁྲུལ་པ་ཟད་པས་མྱ་ངན་འདས་པའང་ཅི། །ཞེས་གསུངས་ཏེ། རྣམ་བདེན་ལྟར་ན། སྣ་ཚོགས་སྣང་ཡང་དོན་དུ་ཆོས་ཅན་རང་རིག་གི་གཞན་དབང་ཡིན་པ་ལ་སྣ་ཚོགས་སུ་སྣང་བའི་རིགས་པ་དེ་ལ་གདོད་མ་ནས་གཟུང་འཛིན་གཉིས་སུ་མ་གྲུབ་པའི་ཆོས་ཉིད་ཡོངས་གྲུབ་མི་འཐད་པར་འགྱུར་ཏེ། སྣ་ཚོགས་སྣང་བའི་ཤེས་པ་དེ་ཆོས་ཅན་གཞན་དབང་རང་རིག་ལས་ཐ་དད་པར་འདོད་པའི་ཕྱིར་རོ། །སྣ་ཚོགས་སུ་སྣང་བ་དང༌། ཤེས་པ་ཐ་དད་ན། གཉིས་སུ་སྣང་བ་མི་སྲིད་པར་འགྱུར་ཏེ། རྫས་ཐ་དད་དུས་མཉམ་པས་འབྲེལ་པ་མེད་པའི་ཕྱིར་རོ། །གཉིས་སུ་སྣང་བ་འཁྲུལ་པ་ཡིན་པས་དོན་དུ་མེད་ཀྱང་བག་ཆགས་ཀྱི་སྟོབས་ཀྱིས་སྣང་ངོ་སྙམ་ན། ཐ་དད་པ་ཉིད་ཉམས་ཏེ། སྣང་བ་དོན་དུ་མེད་ལ། མེད་པ་ལ་གཅིག་གམ་ཐ་དད་ཀྱིས་བརྟག་པ་ལས་འདས་པའི་ཕྱིར་རོ། །གཞན་ཡང་ཆོས་ཅན་གཞན་དབང་གི་སྟེང་དུ་དགག་བྱ་ཀུན་བརྟགས་ཁེགས་པའི་ཆོས་ཉིད་ཡོངས་གྲུབ་ཀྱང་མི་འཐད་པར་འགྱུར་ཏེ་སྣ་ཚོགས་སུ་སྣང་བ་དགག་པར་མི་ནུས་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་འཐོབ་པའི་ཚེ། འཁྲུལ་པ་ཟད་པས་སྣ་ཚོགས་སུ་སྣང་བ་འགགས་ན་ཤེས་བྱ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མེད་པར་འགྱུར་ཏེ། དེ་ལྟར་གཞན་གྱི་ཕྱོགས་འགོག་པ་རྒྱས་པར་བཤད་ནས་དགག་པའི་མཇུག་བསྡུས་ཏེ་སྟོན་པ། གཟུང་བ་ངོ་བོ་ཉིད་དུ་མ་གྲུབ་པས། །འཛིན་པ་ཡང་ནི་ངོ་བོ་ཉིད་དུ་མེད། །དེ་དག་ལས་གཞན་གསལ་རིག་བདེན་སྨྲ་བ། །རྣམ་འགྱུར་ལས་གཞན་བདག་གཞན་ཤིན་ཏུ་བརྫུན། །ཞེས་གསུངས་ཏེ། གོང་དུ་རིགས་པས་བརྟགས་པས་གཟུང་བ་པོ་ངོ་བོ་ཉིད་དུ་མ་གྲུབ་པའི་ཕྱིར། འཛིན་པ་ཡང་ངོ་བོ་ཉིད་དུ་མེད་པ་ཡིན་ཏེ། འཛིན་པ་ནི་གཟུང་བ་ལ་ལྟོས་པའི་ཕྱིར་རོ། །དཀར་པོ་མེད་པར་དཀར་འཛིན་གྱི་ཤེས་པ་མི་འབྱུང་བ་བཞིན་ནོ། །གཟུང་འཛིན་དུ་མེད་ཀྱང་དེ་དག་ལས་གཞན་པའི་གསལ་རིག་བདེན་པར་འདོད་པ་ལྟ་ན་ཡང་དེ་སྒྲུབ་པར་བྱེད་པ་ལ་ཚད་མ་མེད་པའི་ཕྱིར་དང༌། གཅིག་དང་དུ་མར་མ་གྲུབ་པ་ལ་སོགས་པའི་གནོད་པར་བྱེད་པ་ཡོད་པས་ན། གྲངས་ཅན་གྱིས་རྣམ་འགྱུར་ཉི་ཤུ་རྩ་གཉིས་ལས་གཞན་པའི་བདག་ཅེས་བྱ་བ། རྟག་པ་དེ་ཙམ་ཉི་ཤུ་རྩ་བཞི་ལ་ཟ་བ་པོའམ་ལོངས་སྤྱོད་པ་པོར་འདོད་པ་ལ་སྒྲུབ་བྱེད་མེད་ཅིང༌། རྟག་པ་རིམ་དང་ཅིག་ཅར་གྱི་དོན་བྱེད་པས། སྟོང་པ་ལ་སོགས་པའི་ག་ནོད་པར་བྱེད་པ་ཡོད་བཞིན་དུ་ཁས་ལེན་པ་དང་འདྲ་སྟེ། ཤིན་ཏུ་བརྫུན་པ་ཡིན་ནོ། །དེ་ལྟར་གཞན་གྱིས་བརྟགས་པ་བཀག་ནས། དོན་དམ་པའི་གནས་ལུགས་ཉིད་སྟོན་པ། གདོད་ནས་མ་སྐྱེས་ངོ་བོ་ཉིད་མེད་ཅིང༌། །ཤིན་ཏུ་སྤྲོས་དང་བྲལ་བའི་རང་བཞིན་དུ། །ཆོས་རྣམས་ཐམས་ཅད་ཡོངས་སུ་མཁྱེན་བགྱིས་ནས། །ནམ་མཁའ་བཞིན་དུ་དམིགས་པ་མེད་པར་བགྱི། །ཞེས་གསུངས་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པས་ངོ་བོ་ཉིད་མེད་ཅིང༌། ཡོད་པ་དང་མེད་པ་ལ་སོགས་པའི་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་རང་བཞིན་དུ་མཁྱེན་པར་བགྱིས་ནས། ནམ་མཁའ་བཞིན་དུ་དམིགས་པ་མེད་པའི་རྒྱས་གདབ་པར་བྱའོ། །དེ་སྐད་དུ་ཡང་སྡུད་པའི་ཚིགས་སུ་བཅད་པ་ལས། འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲོང་འགྲོ། །ཞེས་གསུངས་ལ། མགོན་པོ་བྱམས་པས་ཀྱང༌། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ། །དོན་དམ་པར་རང་བཞིན་མེད་པའི་རྒྱས་གདབ་པར་བཤད་ནས། དེ་གཉིས་ཀའང་ཟུང་དུ་འཇུག་པའི་རྒྱས་གདབ་པ་སྟོན་པར་བྱེད་པ། ཆོས་ཀུན་སྟོང་པའི་ཚུལ་ཡང་མི་སྤོང་ཞིང༌། །རྟེན་ཅིང་འབྲེལ་འབྱུང་རྒྱུན་ཡང་མི་འཆད་པ། །འདི་ནི་རྨད་བྱུང་དེ་ལྟར་ཤེས་པ་ནི། །ངོ་མཚར་ལས་ཀྱང་ཤིན་ཏུ་ངོ་མཚར་ལགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་འདས་ཀྱི་ཆོས་ཀུན་བདེན་པའི་ངོ་བོས་སྟོང་པའི་ཚུལ་ཡང་ལེགས་པར་རྟོགས་པས། མི་སྤོང་ཞིང་དེ་ཉིད་ཀུན་རྫོབ་ཏུ་ཅི་ལྟར་སྣང་བ་བཞིན་དུ་ལས་རྒྱུ་དང་འབྲས་བུའི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུན་མི་ཆད་པ་འདི་ནི་བདེན་པ་གཉིས་ཟུང་དུ་འཇུག་པ་རྨད་དུ་བྱུང་བའི་ཆོས་ཡིན་ལ། དེ་ལ་དེ་ལྟར་ཤེས་པ་ནི། ངོ་མཚར་བ་དེ་ལས་ཀྱང་ཤིན་ཏུ་ངོ་མཚར་བ་ལགས་སོ། །འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ཉིད་སྟོང་པ་ཉིད་དུ་བཤད། །ཅེས་པ་དང༌། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པས། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །ཟུང་དུ་འཇུག་པ་དེ་ཚུལ་ཇི་ལྟ་བུ་ཞེ་ན། ཡུལ་ཀུན་སྣང་སྟོང་ཟུང་དུ་འཇུག་པ་དང༌། །བློ་ཡང་རིག་སྟོང་ཟུང་དུ་འཇུག་པ་དང༌། །ལམ་རྣམས་ཐབས་དང་ཤེས་རབ་ཟུང་འཇུག་ཏུ། །མཁྱེན་ཞིང་ཀུན་ནས་ཡོངས་སུ་གོམས་པར་བགྱི། །ཞེས་གསུངས་ཏེ། གཟུགས་ལ་སོགས་པའི་ཡུལ་ཀུན་སྣང་ཡང་བདེན་པའི་ངོ་བོས་སྟོང་པ་ཆུ་ནང་གི་ཟླ་བ་ལྟར་ཤེས་པར་བྱ་བ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་ནམ་མཁའ་དྭངས་པར་ཟླ་ཤར་བ། །དེ་ཡི་གཟུགས་བརྙན་དྭངས་པའི་མཚོར་སྣང་ཡང༌། །ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་གསུངས་སོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་བློ་ཐམས་ཅད་གསལ་ཞིང་རིག་ལ་བདེན་པའི་ངོ་བོས་སྟོང་ལ། རྨི་ལམ་ཉམས་སུ་མྱོང་བའི་ཤེས་པ་ལྟར་རིག་པར་བྱ་བ་ཡིན་ཏེ། རྒྱལ་བའི་ཡུམ་ལས། རྣམ་པར་ཤེས་པ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུའོ། །ཞེས་གསུངས་སོ། །ཞི་གནས་དང་ལྷག་མཐོང་ལ་སོགས་པའི་ལམ་ཀུན་ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་ཤིང་རྟའི་འཁོར་ལོ་ལྟ་བུར་ཤེས་པར་བྱ་བ་ཡིན་ཏེ། ཐབས་དང་བྲལ་ན་མྱ་ངན་ལས་འདས་པའི་མཐར་ལྟུང་ལ། ཤེས་རབ་དང་བྲལ་ན་འཁོར་བར་ལྟུང་བའི་ཕྱིར། མི་གནས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བགྲོད་པར་མི་ནུས་ཏེ། ཤིང་རྟའི་འཁོར་ལོ་གང་རུང་མེད་ཀྱང་བགྲོད་པར་མི་ནུས་པ་བཞིན་ནོ། །མདོ་ལས་ཀྱང་ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བའོ། །ཤེས་རབ་དང་བྲལ་བའི་ཐབས་ཀྱང་འཆིང་བའོ། །ཞེས་གསུངས་ལ། བདག་ཉིད་ཆེན་པོ་འདི་ཉིད་ཀྱི་གསུང་རབ་གཞན་ལས་ཀྱང༌། ཐབས་དང་བྲལ་བའི་ཤེས་རབ་ནི། །ཡོན་ཏན་མ་ལུས་ཀུན་གྱི་དགྲ། །ཤེས་རབ་བྲལ་བའི་ཐབས་ཀྱིས་ཀྱང༌། །གྲོལ་བར་བྱེད་པ་མ་ཡིན་ནོ། །ཞེས་གསུངས་སོ། །རྒྱས་པར་བསྟན་ནས་མཇུག་བསྡུ་བའི་ཚུལ་གྱིས་ཆུབ་པར་བྱ་བར་གདམས་པ། རྟེན་འབྱུང་ཀུན་རྫོབ་སྒྱུ་མ་ལྟ་བུ་དང༌། །རང་བཞིན་དོན་དམ་སྟོང་པ་ཉིད་དང་ཡང༌། །གཉིས་ཀའང་དབྱེར་མེད་ཟུང་དུ་འཇུག་པར་ནི། །རྒྱུ་ལམ་འབྲས་བུའི་ཆོས་ཀུན་མཁྱེན་པར་མཛོད། །ཅེས་གསུངས་ཏེ། ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་སྒྱུ་མ་ལྟ་བུར་སྣང་ཡང༌། དོན་དམ་པར་བདེན་པའི་རང་བཞིན་གྱིས་སྟོང་ལ། དེ་གཉིས་ཀ་ཡང་སོ་སོ་མ་ཡིན་གྱི། སྣང་བ་དེ་ཉིད་བདེན་པས་སྟོང་པ་སྟོང་པ་ཉིད་མི་འགག་པར་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པར་རྒྱུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རྒྱས་འདེབས་པ་གནས་པ་དོན་གྱི་རྒྱས་གདབ་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལམ་ཀུན་ལ་རྒྱུ་དེ་ཉིད་ཀྱིས་འཁོར་གསུམ་དུ་རྣམ་པར་མི་རྟོག་པས་བསྒོམ་པ་ཉམས་ལེན་གྱི་རྒྱས་གདབ་པ་དང༌། གཟུགས་ཀྱི་སྐུ་ལ་སོགས་པ་འབྲས་བུ་ཀུན་ལ། རང་གཞན་ཆོས་ཀྱི་སྐུའི་རྒྱས་གདབ་པ་གྲུབ་པ་འབྲས་བུའི་རྒྱས་གདབ་པ་སྟེ། རྒྱུ་དང་ལམ་དང་འབྲས་བུའི་ཆོས་ཀུན་ཚུལ་དེ་བཞིན་དུ་སའི་བདག་པོ་ཁྱོད་ཀྱིས་མཁྱེན་པར་མཛོད་ཅེས་གདམས་པའོ། །དེ་ལྟར་ཉམས་སུ་ལེན་པའི་ཚུལ་རྒྱས་པར་བསྟན་ནས། མཇུག་བསྡུ་བའི་ཚུལ་གྱིས་དགེ་བའི་ལམ་ཀུན་བསྡུས་པར་སྟོན་པ། དེ་ལྟར་གཞི་དང་སྔོན་འགྲོ་མཉམ་གཞག་དང༌། །རྗེས་ལ་བྱ་དང་ཀུན་ལ་རྒྱས་གདབ་ལྔས། །དགེ་བའི་ལམ་ཀུན་ཡོངས་སུ་བསྡུས་པ་སྟེ། །ཞེས་གསུངས་ཏེ། གོང་དུ་བཤད་པའི་ཚུལ་དེ་ལྟར་ལམ་གྱི་གཞི་ཚུལ་ཁྲིམས་རྣམ་པར་དག་པ་དང༌། ལམ་གྱི་སྔོན་དུ་འགྲོ་བ་ཀུན་ནས་སློང་བའི་བསམ་པ་དང༌། ལམ་གྱི་དངོས་གཞི་མཉམ་གཞག་གི་རྣལ་འབྱོར་དང༌། ལམ་གྱི་ཡོན་ཏན་འཕེལ་བའི་ཐབས་རྗེས་སུ་དྲན་པ་དང༌། ལམ་དང་ཆོས་ཐམས་ཅད་ལ་རྒྱས་གདབ་པ་སྟེ། དེ་རེ་རེ་ལ་ཡང་གསུམ་གསུམ་དུ་ཕྱེ་བའི་ཆོས་བཅོ་ལྔ་པོ་དེས་བདེ་བར་གཤེགས་པའི་གསུང་རབ་ལས་དགེ་བའི་ལས་ཀྱི་ལམ་བསྒྲུབ་པར་བྱ་བ་ཇི་སྙེད་ཅིག་གསུངས་པ་དེ་ཐམས་ཅད་ཡོངས་སུ་བསྡུས་པ་ཡིན་ནོ། །དེའི་ཕྱིར་དགེ་བའི་ཆོས་ཀུན་ལ་དེ་རྣམས་ཚང་དགོས་པར་སྟོན་པ། དགེ་བ་སྤྱད་པའི་རྣམ་གྲངས་རེ་རེ་ལའང༌། །ཆོས་ཚུལ་འདི་དག་ཚང་བར་གང་བརྩོན་པ། །ཞེས་གསུངས་ཏེ། མཛོད་ཅེས་ཚིག་གི་ལྷག་མ་སྦྱོར་རོ། །དགེ་བ་སྤྱད་པའི་རྣམ་གྲངས་ནི་མཆོད་པ་ལ་སོགས་པ་ཆོས་སྤྱོད་ཡན་ལག་བདུན་པ་ལྟ་བུ་ལ་མཚོན་ན། ཐོག་མར་སྡིག་པ་མི་བྱེད་ཅིང་དགེ་བ་བྱེད་པའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གཞི་བྱས། དཀོན་མཆོག་གི་ཡོན་ཏན་ཤེས་པས་དད་དེ་མཆོད་པ་ལ་སོགས་པ་བྱེད་པར་འདོད་པའི་འདུན་པས་དཀོན་མཆོག་གི་ཡོན་ཏན་ལྟ་བུ་མ་ཐོབ་པའི་བདག་གཞན་སྡུག་བསྔལ་བར་མཐོང་ནས་དེ་དང་བྲལ་བར་འདོད་པའི་སྙིང་རྗེས་ཀུན་ནས་བསླངས་ཏེ། བླ་མ་དང་དཀོན་མཆོག་གི་ཡོན་ཏན་ལྟ་བུ་དམིགས་ནས། ཡན་ལག་བདུན་པ་རིམ་པ་བཞིན་བྱ་ཞིང༌། མཆོད་པར་བྱ་བ་དང༌། མཆོད་པའི་རྫས་ལ་སོགས་པའི་རང་བཞིན་ལ་བརྟགས་པས་བདེན་པ་མེད་པར་རྟོགས་ཏེ། ཡུལ་ཅིར་ཡང་མ་གྲུབ་པ་ལ་བློས་ཅིར་ཡང་མི་རྟོག་པར་མཉམ་པར་གཞག་ཅིང་དེའི་རྗེས་ལ་སྔར་གྱི་དགེ་བ་བྱས་པ་ཀུན་ལ་རྣམ་པར་བརྟག་ཅིང་དགའ་བས་དྲན་པར་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང༌། གནས་སྐབས་དང་མཐར་ཐུག་གི་དོན་དུ་སྨོན་ལམ་བཏབ་ནས། སྔར་ཉམས་སུ་བླངས་པའི་ཆོས་ཐམས་ཅད་ལ་སྣང་ལ་རང་བཞིན་མེད་པའི་རྒྱས་གདབ་པར་མཛོད་ཅིག་ཅེས་པའོ། །ཇི་ལྟར་ཉམས་སུ་ལེན་པའི་ཚུལ་བསྟན་ནས། དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་སྟོན་པ་ལ་མངོན་པར་མཐོ་བ་ཐོབ་ཅེས་པ། །དེ་ཡིས་མཐོ་རིས་བདེ་བ་ཀུན་བསྒྲུབ་སྟེ། །ཞེས་གསུངས་ཏེ། ཚུལ་དེ་ལྟར་ཉམས་སུ་ལེན་པའི་སྐྱེས་བུ་དེའི་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ཡོད་ལ་སྨོན་ལམ་དམ་པས་རྗེས་སུ་བརྒྱན་པ་སྟེ། དེ་ཙམ་གྱིས་ཀྱང་མངོན་པར་མཐོ་བ་ལྷ་དང་མིའི་གོ་འཕང་དམ་པ་ཐོབ་ན་ཐམས་ཅད་ཚང་བར་སྤྱོད་པ་ལྟ་ཅི་སྨོས། མངོན་པར་མཐོ་བ་ཙམ་དུ་ཡང་མ་ཟད་དེ། ངེས་པར་ལེགས་པའི་གོ་འཕང་དམ་པ་ཡང་ཐོབ་བོ་ཞེས་སྟོན་པ། ཚོགས་གཉིས་རྒྱ་མཚོའི་ཚོགས་ནི་རབ་བསགས་ཤིང༌། །ཏིང་འཛིན་གསལ་བས་འཕགས་པའི་ལམ་སྦྱར་ནས། །བསྒོམ་དང་སྤྱོད་པས་ཡེ་ཤེས་རྒྱས་བྱས་ཏེ། །ལམ་གྱི་མཐའ་ཡིས་མཐར་ཐུག་བསྒྲུབ་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིགས་སུ་བཅད་པ་འདིས་ནི་གནས་སྐབས་ཀྱི་འབྲས་བུ་བསྟན་ཏེ། བསྐལ་པ་གྲངས་མེད་པ་གཅིག་ཏུ་ཐར་པའི་ཆ་མཐུན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པས་དགེ་བའི་ཆོས་ཀྱིས་རྒྱུད་ལེགས་པར་གང་ཞིང་དྲན་པ་ཉེ་བར་གཞག་པ་བཞིའི་ཏིང་ངེ་འཛིན་དང་ལྡན་ལ། ཡང་དག་པར་སྤོང་བ་བཞིས་བརྩོན་འགྲུས་བརྩམས་ཏེ། རྫུ་འཕྲུལ་གྱི་རྐང་པ་བཞིས་རྣམ་པར་འཕྲུལ་ལ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་དང་ལྡན་པས་སངས་རྒྱས་དཔག་ཏུ་མེད་པ་ལ་མཆོད་ཅིང་ཆོས་མཉན་པས་སེམས་ལས་སུ་རུང་བ་ནི་ཚོགས་ཀྱི་ལམ་ཡིན་ཏེ། མདོ་སྡེ་རྒྱན་ལས། བསྐལ་པ་གྲངས་མེད་ངེས་འབྱུང་ཞིང༌། །མོས་པ་རྣམ་པར་འཕེལ་བྱེད་པ། །ཇི་ལྟར་ཆུ་ཡིས་རྒྱ་མཚོ་བཞིན། །དགེ་ཆོས་རྣམས་ཀྱིས་ཡང་དག་རྫོགས། །ཞེས་གསུངས་པ་ལྟར་རོ། །དེའི་རྗེས་སུ་སྔར་ཐོས་བསམ་གྱིས་རྟོགས་པའི་དོན་དེ་རྣམས་འཇིག་རྟེན་པའི་བསྒོམས་བྱུང་གི་ཤེས་རབ་ཀྱིས་གོམས་པར་བྱས་པས། གང་ཟག་རྫས་འཛིན་དང་སྐྱེས་བུ་རྟགས་འཛིན་དང་གཟུང་བ་དང་འཛིན་པ་རང་བཞིན་མེད་པའི་ཏིང་ངེ་འཛིན་ལ་གསལ་སྣང་སྐྱེས་ཏེ་རྣམ་པར་རྟོག་པ་སུམ་ཅུ་རྩ་དྲུག་སྤངས་ནས་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་དབང་སྒྱུར་ཞིང་མ་དད་པ་དང༌། ལེ་ལོ་དང༌། བརྗེད་པ་དང༌། སེམས་རྣམ་པར་གཡེང་བ་དང་འཆལ་བའི་ཤེས་རབ་རབ་ཏུ་ཕམ་པར་བྱེད་པའི་སྟོབས་དང་ལྡན་པ་ནི། མི་རྟོག་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་སུ་དྲོ་བ་དང༌། དགེ་བའི་རྩ་བ་མི་བརྟན་པ་རྣམས་ཀྱི་རྩེ་མོ་དང༌། ངན་འགྲོ་མེད་པས་ཆོས་ཟབ་མོ་ལ་བཟོད་པ་དང༌། འཇིག་རྟེན་པའི་ཆོས་རྣམས་ཀྱི་མཆོག་ཏུ་འགྱུར་བ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་འཕགས་པའི་ལམ་ལ་སྦྱོར་བར་བྱེད་པའི་ཕྱིར་སྦྱོར་བའི་ལམ་མོ། །བྱམས་པས་མདོ་སྡེ་རྒྱན་དུ། འདི་ལྟར་དེ་ཡི་འཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤངས། །དེ་དག་གོ་རིམ་བཞིན་དུ་ནི། །དྲོ་བར་གྱུར་སོགས་ཡིན་ཞེས་བྱ། །ཞེས་གསུངས་སོ། །དེའི་རྗེས་ཐོགས་དེ་མ་ཐག་ཏུ་བདེན་པ་བཞི་ལ་རྣམ་པར་བཅུ་དྲུག་གི་རྣམ་པར་རྟོག་པའི་ཡེ་ཤེས་སྐྱེས་ཏེ་ཆོས་ཉིད་ཀྱི་དོན་སྔར་མ་མཐོང་བ་མཐོང་བའི་སྟོབས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཀུན་བརྟགས་བག་ལ་ཉལ་དང་བཅས་པ་རྩད་ནས་བཅད་དེ། སོ་སོའི་སྐྱེ་བོ་ལས་རྣམ་པར་འཕགས་པ་འཇིག་རྟེན་ལས་འདས་པའི་ལམ་གྱི་ཡོན་ཏན་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་རྣམ་པར་བརྒྱན་པ་ནི་མཐོང་བའི་ལམ་ཡིན་ནོ། །དེ་ཉིད་མགོན་པོ་བྱམས་པས་མདོ་སྡེ་རྒྱན་ལས། དེ་ནས་དེས་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་པར་མི་རྟོག་དྲི་མེད་པ། །འཛིན་པ་གཉིས་དང་འབྲལ་བ་ཐོབ། །ཅེས་གསུངས་སོ། །མཐོང་བའི་དོན་དེ་ཉིད་འཇིག་རྟེན་ལས་འདས་པའི་བསྒོམས་བྱུང་གི་ཤེས་རབ་ཀྱིས་བསྐལ་བ་གྲངས་མེད་པ་གཉིས་སུ་མཉམ་གཞག་ཏུ་ཟག་པ་མེད་པ་བསྒྲུབ་པ་དང་རྣམ་དག་གོམས་ཤིང་རྗེས་ཀྱི་སྤྱོད་པ་མོས་པ་དང་བསྔོ་བ་དང༌། རྗེས་སུ་ཡི་རང་བ་སྟེ་ཟག་པ་དང་བཅས་པ་ལ་གོམས་པར་བྱས་པས་བསྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུ་རིམ་པ་བཞིན་དུ་སྐྱེས་པའི་གཟིགས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལྷན་སྐྱེས་ཆེན་པོའི་ཆེན་པོ་ལ་སོགས་པ་དགུའི་མུན་པ་རིམ་པ་བཞིན་རྣམ་པར་བསལ་ནས་འཕགས་ལམ་ཡན་ལག་བརྒྱད་ལ་སོགས་པའི་ཡོན་ཏན་དུ་མས་རྣམ་པར་གཏམས་པ་ནི་བསྒོམ་པའི་ལམ་གྱི་ཡེ་ཤེས་གོང་ནས་གོང་དུ་རྒྱས་པ་ཡིན་ལ། དེའི་མཐར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མཐར་ཕྱིན་སངས་རྒྱས་ཀྱི་ས་སྒྲུབ་པར་བྱེད་དོ། །དེ་ཉིད་མངོན་པར་རྟོགས་པའི་རྒྱན་ལས། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་བཞི་པོ་གང་བཤད་པ་ནི་གོང་ནས་གོང་དུ་ཕྱིན་པར་བྱེད་པའི་ཕྱིར་ལམ་མཚན་ཉིད་པ་ཡིན་ནོ། །མཐར་ཕྱིན་པའི་ལམ་ནི་འབྲས་བུ་ཡིན་པའི་ཕྱིར་ལམ་བཏགས་པ་བ་ཡིན་ནོ། །ཡོན་ཏན་གྱི་ཆོས་རྟེན་པར་བྱེད་པ་ས་ཡིན་ཏེ། སྤྲིང་ཡིག་ནོར་བུའི་ཕྲེང་བར་རྒྱས་པར་གསུངས་པས་འདིར་མ་གསུངས་སོ། །གནས་སྐབས་ཀྱི་འབྲས་བུ་བསྟན་ནས་མཐར་ཐུག་པའི་འབྲས་བུ་སྟོན་པ། སེམས་ཀྱི་རང་བཞིན་གདོད་ནས་དག་པ་གང༌། །རྟོག་པ་ཞི་བས་དབྱིངས་དང་རོ་གཅིག་པ། །རང་བཞིན་སྐུ་སྟེ་ཆོས་དབྱིངས་ཡེ་ཤེས་དང༌། །སྤངས་པ་ཕུན་ཚོགས་ཇི་ལྟར་མཁྱེན་པའང་དེ། །ཞེས་པ་འདིས་སྐུ་དང་པོ་བསྟན་ཏེ། རང་བཞིན་གྱི་སྐུ་ཡིན་པའི་ཕྱིར་འདི་ལ་གནས་གྱུར་པ་མེད་ལ། སེམས་ཀྱི་རང་བཞིན་གདོད་མ་ནས་དག་པ་ལ་གློ་བུར་གྱི་རྣམ་པར་རྟོག་པའི་དྲི་མ་ཉེ་བར་ཞི་བས་ཆུ་ལ་ཆུ་བཞག་པའམ་མར་ལ་མར་ཞུགས་པ་ལྟར་རང་གི་ཡེ་ཤེས་རང་གིས་ལེགས་པར་མཐོང་སྟེ་དབྱིངས་དང་ཡེ་ཤེས་རོ་གཅིག་པ་ནི་རང་བཞིན་གྱི་སྐུ་ཡིན་ལ་དེ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱང་ཡིན་ཞིང༌། བུདྡྷའི་སྒྲ་ལས་བུདྡྷ་པུ་རུ་ཥ་ནི་དྲ་པྲ་བུདྡྷ་བཏ། ཅེས་ཏེ་སངས་རྒྱས་མ་རིག་པའི་གཉིད་ལས་སངས་པའི་ཕྱིར་སྐྱེས་བུ་གཉིད་སངས་པ་བཞིན་ཞེས་པར་འགྱུར་བར་སྤངས་པ་ཕུན་སུམ་ཚོགས་པ་ཡང་ཡིན་ལ། དེ་ཉིད་ཤེས་བྱ་ཇི་ལྟ་བ་མཁྱེན་པ་ཡང་ཡིན་ནོ། །དེ་ཉིད་མངོན་པར་རྟོགས་པའི་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་གསུངས་སོ། །སྐུ་གཉིས་པ་སྟོན་པ་འཁོར་བའི་ཆོས་ནི་ལམ་གྱིས་རབ་བསྒྱུར་བས། །ལུས་གནས་གྱུར་པ་མཚན་དཔེས་བརྒྱན་པའི་སྐུ། །ངག་གནས་གྱུར་པ་ཡན་ལག་དྲུག་ཅུའི་གསུང༌། །ཡིད་གནས་གྱུར་པ་ཇི་སྙེད་མཁྱེན་བཅས་པའི། །ཡེ་ཤེས་གསུམ་དང་སྐྱོན་རྣམས་གནས་གྱུར་པས། །རྒྱལ་བའི་ཡོན་ཏན་ཕ་མཐའ་ཡས་པ་ལགས། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ལགས་ཏེ། །ཞེས་གསུངས་ཏེ། རས་དཀར་པོ་ཚོས་ཀྱིས་བསྒྱུར་ཏེ། ཁ་དོག་སྣ་ཚོགས་སུ་བཀྲ་བ་ལྟར། འཁོར་བའི་ཆོས་རྣམས་ལམ་གྱི་ཚོན་གྱིས་བསྒྱུར་བས། སངས་རྒྱས་ཀྱི་སར་རྣམ་པར་གྲོལ་བའི་ཡེ་ཤེས་ཤེས་བྱ་ཐམས་ཅད་ལ་བཀྲ་བ་འབྱུང་སྟེ། མདོ་སྡེ་རྒྱན་ལས། ཇི་ལྟར་མདུད་པའི་བྱེ་བྲག་གིས། །གོས་ལ་ཚོན་བཀྲ་མི་བཀྲ་བ། །དེ་བཞིན་འཕེན་པའི་དབང་གིས་ནི། །གྲོལ་བའི་ཡེ་ཤེས་བཀྲ་མི་བཀྲ། །ཞེས་འབྱུང་བས་ལུས་གནས་གྱུར་པས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་སྤྲས་པའི་སྐུ་འབྱུང་ཞིང༌། ངག་གནས་གྱུར་པས་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་དབྱངས་འབྱུང་ལ། ཡིད་གནས་གྱུར་པས་ཟག་པ་མེད་པའི་ཆོས་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་སྣང་བ་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། འཁོར་བ་དང་མྱ་ངན་ལས་འདས་པ་ཐུགས་སྙོམས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། ཆོས་ཐམས་ཅད་མ་འདྲེས་པར་ཡོངས་སུ་རྫོགས་པར་བྱེད་པ་མཁྱེན་པ་སོ་སོར་རྟོག་པའི་ཡེ་ཤེས་སུ་འགྱུར་རོ། །སོ་སོའི་སྐྱེ་བོའི་དུས་ཀྱི་ཉེས་པའི་སྐྱོན་རྣམས་གནས་གྱུར་པས། རྒྱལ་བའི་ཡོན་ཏན་ཕ་མཐའ་ཡས་པ་འབྱུང་བར་འགྱུར་ལ། དེ་ལྟ་བུ་དེ་ནི་འཁོར་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དུས་རྟག་ཏུ་ཐེག་པ་ཆེན་པོའི་ཆོས་སྟོན་ཅིང༌། སྲས་དང་བཅས་པ་ཟག་པ་མེད་པའི་བདེ་བ་ལ་རྫོགས་པར་ལོངས་སྤྱོད་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །དེ་ཉིད་མངོན་པར་རྟོགས་པའི་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ཅན། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུ་འདོད། །ཅེས་གསུངས་སོ། །སྐུ་གསུམ་པ་སྟོན་པ། ལས་གནས་གྱུར་པ་བྱ་གྲུབ་ཡེ་ཤེས་དང༌། །ཕྲིན་ལས་བགྲང་ཡས་དེ་ཉིད་སྤྲུལ་པའི་སྐུ། །དེ་ལྟར་རྟོགས་པ་ཕུན་སུམ་ཚོགས་པའང་ལགས། །ཞེས་གསུངས་ཏེ། ལས་རྣམས་གནས་གྱུར་པས་རྟོག་པ་མེད་བཞིན་དུ་སེམས་ཅན་གྱི་དོན་སྒྲུབ་པ་བྱ་བ་གྲུབ་པའི་ཡེ་ཤེས་དང༌། བཟོ་དང་སྐྱེ་བ་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་དེ་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་པའི་ཚུལ་གྱིས་གདུལ་བྱ་མ་དག་པ་ཚན་གསུམ་གང་ལ་གང་འདུལ་དུ་སྟོན་པ་དེ་ནི་སངས་རྒྱས་སྤྲུལ་པའི་སྐུ་ཡིན་ནོ། །གཟུགས་ཀྱི་སྐུ་གཉིས་པོ་དེ་དག བུདྷའི་སྒྲ་ལས་བུདྷ་པྲ་བུདྡྷ་ཏ་པདྨ་བུདྡྷ་བཏ་ཅེས་ཏེ། སངས་རྒྱས་ཤེས་བྱ་ལ་བློ་རྒྱས་པ་ནི་པད་མ་རྒྱས་པ་བཞིན་ནོ་ཞེས་པར་འགྱུར་ཏེ། རྟོགས་པ་ཕུན་སུམ་ཚོགས་པའང་ཡིན་ནོ། །དེ་ལྟ་བུའི་འབྲས་བུ་ཕུན་སུམ་ཚོགས་པ་དེ་དུས་ཇི་ཙམ་གྱི་བར་ཞེ་ན། དབང་འབྱོར་ཕྱིར་ན་རྟག་ཅིང་རྒྱུན་མི་འཆད། །ཅེས་གསུངས་ཏེ། སངས་རྒྱས་དེ་ཡང་ཚེ་དང་ལས་ལ་སོགས་པ་དབང་བཅུ་ལ་དབང་འབྱོར་པའི་ཕྱིར་རྟག་ཅིང་རྒྱུན་མི་ཆད་པ་ཡིན་ནོ། །དེ་སྐད་དུ་ཡང་གསེར་འོད་དམ་པ་ལས། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ལེ་ལོ་ཅན་ལ་ཕན་གདགས་ཕྱིར། །སྤྲུལ་པ་རྣམས་ནི་འདའ་ཚུལ་སྟོན། །ཞེས་གསུངས་ལ། གཞན་ལས་ཀྱང༌། ལ་ལར་མེ་བཞིན་མྱ་ངན་འདས། །ལ་ལར་བྱང་ཆུབ་འཚང་ཡང་རྒྱ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །ནམ་ཡང་མེད་པ་མ་ཡིན་ནོ། །ཞེས་གསུངས་སོ། །བདག་ཉིད་ཆེན་པོ་འདི་ཉིད་ཀྱི་གསུང་རབ་བསྟོད་དབྱངས་རྒྱ་མཚོ་ལས་ཀྱང༌། ཡོན་ཏན་རྒྱ་མཚོ་ཡོན་ཏན་གྱི། །ཆ་ཡང་ཉམས་པ་མི་མངའ་ན། །འཆི་འཕོ་ལྟ་ཡང་ག་ལ་མཆིས། །དེ་ལྟ་མོད་ཀྱི་གདུལ་བྱ་ཡི། །རི་ལ་འཆར་དང་ནུབ་པར་སྣང༌། །ཞེས་གསུངས་སོ། །འབྲས་བུའི་ཡོན་ཏན་ཕུན་སུམ་ཚོགས་པར་བསྟན་ནས། སྒྲུབ་པར་གདམས་པ། མི་དབང་ཁྱོད་ཀྱང་དེ་འདྲར་མཛད་དུ་གསོལ། །ཞེས་གསུངས་ཏེ། མིའི་དབང་པོ་ཁྱོད་ཀྱང་ཉམས་སུ་ལེན་པའི་ཚུལ་ཆོས་བཅོ་ལྔ་པོ་ལ་བརྩོན་པར་བགྱིས་ཏེ། འབྲས་བུ་སྐུ་གསུམ་མཛད་པ་ཕྲིན་ལས་དང་བཅས་པ་གྲུབ་པར་མཛད་དུ་གསོལ་ཞེས་པའོ། །རྒྱལ་པོ་ལ་དངོས་སུ་གདམས་པས་གདུལ་བྱ་གཞན་རྣམས་ལ་ཡང་བརྒྱུད་ནས་གདམས་པ་ཡིན་ཏེ། སངས་རྒྱས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གདམས་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས་རྒྱལ་པོ་བདེ་སྤྱོད་ལ་གདམས་པ་ཡང་ཚུལ་དེ་བཞིན་དུ་ཡིན་ཏེ། རིན་པོ་ཆེའི་འཕྲེང་བ་ལས། ཆོས་འདི་རྒྱལ་པོ་འབའ་ཞིག་ལ། །བསྟན་པ་ཁོ་ནར་མ་ངེས་ཀྱི། །སེམས་ཅན་གཞན་ལ་ཅི་རིགས་པར། །ཕན་པར་འདོད་པས་བསྟན་པ་ལགས། །ཞེས་གསུངས་སོ། །གཞུང་དངོས་བཤད་ནས་མཐར་བསྔོ་བ་སྟོན་པ། དེ་ལྟར་ཐེག་མཆོག་ཟབ་མོའི་དོན་བསྡུས་ནས། །ཆོས་ཀྱི་སྐྱེས་སུ་ཕུལ་བའི་དགེ་བ་དེས། །རྒྱལ་པོ་ཁྱོད་ཀྱིས་གཙོ་བྱས་འགྲོ་བ་ཀུན། །སངས་རྒྱས་གོ་འཕང་དམ་པ་ཐོབ་པར་ཤོག །ཅེས་གསུངས་ཏེ། གང་ཞིག་ཐོབ་པར་ཤོག་ན་སངས་རྒྱས་ཀྱི་གོ་འཕང་དམ་པའོ། །གང་གིས་ན་རྒྱལ་པོ་ཁྱོད་ཀྱིས་གཙོ་བྱས་པའི་འགྲོ་བ་རྣམས་སོ། །གང་ལ་བརྟེན་ནས་ཤེ་ན། ཐེག་མཆོག་ཟབ་མོའི་དོན་བསྡུས་ནས་ཆོས་ཀྱི་སྐྱེས་སུ་ཕུལ་བའི་དགེ་བ་དེས་སོ། །ཐེག་པ་འདིས་འདོང་བར་བྱ་བ་རྒྱུའི་ཐེག་པ་དང༌། འདིར་འདོང་བར་བྱ་བ་འབྲས་བུའི་ཐེག་པ་གཉིས་ལས་འདིར་གཉིས་ཀའོ། །མཆོག་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་ཁྱད་པར་དུ་འཕགས་པའོ། །དེ་ལྟར་ན་གཞུང་འདིས་བདེ་བར་གཤེགས་པའི་གསུང་རབ་ཐམས་ཅད་བསྡུས་པ་ཡིན་ནམ། ཐེག་པ་ཆེན་པོ་ཁོ་ན་བསྡུས་ཞེས་འབྱུང་བ་ཅི་ཡིན་ཞེ་ན། བདེ་བར་གཤེགས་པའི་གསུང་རབ་ཐམས་ཅད་བསྡུས་པ་ཡིན་ལ་གང་དུ་བསྡུས་ན་ཐེག་པ་མཆོག་བསྡུས་ཞེས་གསུངས་པ་ཡིན་པས་འགལ་བ་མེད་དོ། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་ཀྱང༌། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་གསུངས་ལ། བདག་ཉིད་ཆེན་པོ་འདི་ཉིད་ཀྱི་གཞུང་གཞན་རྒྱལ་བུ་མོ་ནོ་གན་ལ་སྤྲིང་པ་ལས་ཀྱང༌། ཐེག་པ་ཆེ་ལས་མ་གཏོགས་པར། །ཐར་པ་ཆེན་པོ་མི་ཐོབ་པས། །ཁྱོད་ཐུགས་ཐེག་པ་ཆེན་པོ་ལ། །གཞོལ་ཞིང་འབའ་པ་ཉིད་དུ་མཛོད། །ཅེས་གསུངས་སོ། །ཟབ་མོ་ནི་བྱིས་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱིས་རྟོགས་པར་དཀའ་བའི་ཕྱིར་རོ། །མདོར་བསྡུས་ནས་སྟོན་པ་ནི་རྒྱལ་པོ་དབང་པོ་རྣོན་པོར་གོ་བར་བྱ་བའི་ཕྱིར་རོ། །དེ་ལྟར་ཆོས་ཀྱི་སྐྱེས་ཉིད་རྒྱལ་པོ་ལ་འབུལ་བར་རིགས་ཏེ། ལོངས་སྤྱོད་ནི་རྒྱལ་པོ་ཉིད་ལ་རྣམ་ཐོས་ཀྱི་བུ་དང་འགྲན་པར་ནུས་པ་ཡོད་ཅིང་ཟང་ཟིང་གི་སྐྱེས་ནི་དུད་འགྲོས་ཀྱང་འབུལ་བར་ནུས་པའི་ཕྱིར་རོ། །ཆོས་ཀྱི་གདམས་པ་བཤད་ནས་ཞར་ལས་སྐབས་སུ་བབ་པའི་དོན་གསོལ་བ། ཆོས་ཀྱི་སྐྱེས་སུ་བགྱིས་པའི་རབ་བྱེད་འདི། །ཕུལ་བས་སླར་ཡང་སྤོབས་པའི་ཡིད་འཕེལ་ནས། །ཅུང་ཟད་གསོལ་བ་འདི་ལ་སྐྱེ་དགུའི་རྗེ། །རེ་ཞིག་གཡེང་བ་མེད་པར་དགོངས་སུ་གསོལ། །ཞེས་བྱ་བ་འདིས་ནི་སྙན་གསན་དབབ་པ་བསྟན་ཏེ། ཆེན་པོའི་ཆེན་པོ་དག་ལ་ཐུགས་ཐུབ་ཏུ་ཞུ་བ་མི་རིགས་སོ་སྙམ་དུ་དགོངས་པའོ། །དེའི་སྤོབས་པ་དེ་གང་ལས་བྱུང་ཞེ་ན། ཆོས་ཀྱི་སྐྱེས་སུ་བགྱིས་པའི་རབ་བྱེད་འདི་ཕུལ་བས་སླར་ཡང་སྤོབས་པའི་ཡིད་འཕེལ་བ་ལས་བདག་གཞན་གྱི་དོན་ཅུང་ཟད་སྙན་དུ་གསོལ་བས་དུས་རེ་ཞིག་ཐུགས་གཡེལ་བ་མེད་པར་དགོངས་སུ་གསོལ་ཞེས་པའོ། །དེ་ལྟར་སྙན་གསན་ཕབ་ནས། རྒྱལ་པོ་ཉིད་ཀྱི་དོན་ལ་བསྐུལ་བ། །ཉིད་ཀྱང་ཉིད་ཀྱི་སྐུ་ཚེ་རིང་བ་དང༌། །གདུང་རྒྱུད་བརྒྱུད་པར་བཅས་པའི་དཔལ་བརྟན་དང༌། །རྣམ་གྲོལ་བརྙེས་པའི་ཐབས་ལ་བརྩོན་པའི་དུས། །ད་ལྟ་ལགས་ཀྱི་གཡེལ་མེད་བརྩོན་པའི་རིགས། །ཞེས་གསུངས་ཏེ། རྒྱལ་པོ་ཉིད་ཀྱང་ཉིད་ཀྱི་སྐུ་ཚེ་རིང་བའི་ཐབས་ལ་བརྩོན་པའི་དུས་ད་ལྟ་ཉིད་ནས་མཛོད་ཅེས་སྦྱར་རོ། །དེའི་ཐབས་ཇི་ལྟ་བུ་ཞེ་ན། རྒྱལ་བུ་མོ་ནོ་གན་ལ་སྤྲིངས་པ་ལས། ནོངས་མེད་སེམས་ཅན་འགུམ་པ་དང༌། །མི་མ་ཡིན་ལ་ཐོ་འཚམ་དང༌། །དུས་ཀྱི་ཆོ་ག་རྒྱུན་གཅོད་པ། །ཚེ་འཛད་པ་ཡི་རྒྱུ་གསུམ་ལགས། །ཞེས་འབྱུང་བས། དེ་རྣམས་སྤང་ཞིང་གསད་བྱ་ཐར་བར་བྱ་བ་དང་དུས་ཀྱི་རིམ་གྲོ་ལ་བརྩོན་པ་ལ་སོགས་པའོ། །དེ་བཞིན་དུ་གདུང་རྒྱུད་བརྒྱུད་པར་བཅས་པའི་དཔལ་བརྟན་པའི་ཐབས། གཞན་ལ་བརྩོན་པས་བདག་འདུན་དང༌། །གཞན་བསྐྱངས་པ་ཡིས་བདག་མཆོད་དང༌། །སྙན་པར་སྨྲ་བས་བདག་བསྟོད་པ། །ཚུལ་འདི་དངོས་པོའི་ཆོས་ལགས་པས། །ཞེས་བྱ་བ་ལ་སོགས་པ་ལུགས་ཀྱི་བསྟན་བཅོས་དག་ལས་འབྱུང་བ་ལ་ཡང་བརྩོན་པར་བགྱི་ཞིང༌། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་ཡི། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་འབྱུང་བའི་ཚུལ་གྱིས་རྣམ་གྲོལ་བརྙེས་པའི་ཐབས་ལ་བརྩོན་པའི་དུས་ཀྱང་ད་ལྟ་ཉིད་ཡིན་ཏེ། དལ་འབྱོར་གྱི་ལུས་སྐྱོན་མེད་ཐོབ་ཅིང་སངས་རྒྱས་ཀྱི་བསྟན་པ་དང་ཕྲད་ལ་ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་ཕྱིར་རོ། །ཏིང་ངེ་འཛིན་རྒྱལ་པོ་ལས། ཁྱེའུ་རབ་ཏུ་བྱུང་བ་རྫུ་འཕྲུལ་དང་མངོན་པར་ཤེས་པ་དང་ལྡན་པ་གཉིས་ཀྱིས་འཛམ་བུའི་གླིང་གི་རྒྱལ་པོ་ཆེན་པོ་ཞིག་ལ་གདམས་པ། རྒྱལ་པོ་དེ་ལ་གདམས་པ་རྒྱལ་རིགས་ཉོན། །སངས་རྒྱས་འབྱུང་བ་མཆོག་ཏུ་རྙེད་པར་དཀའ། །ས་ཡི་བདག་པོ་རྟག་ཏུ་བག་ཡོད་ཀྱིས། །ཚེ་ནི་རྟག་ཏུ་འགྲོ་ཞིང་མི་གནས་ཏེ། །རི་ཡི་ཆུ་བོ་བཞིན་དུ་མྱུར་དུ་འགྲོ། །ནད་དང་མྱ་ངན་རྒ་བས་གཟིར་བ་ལ། །ཁྱོད་ལས་དགེ་བའི་ལས་འདྲ་སྐབས་གཞན་མེད། །ཅེས་གསུངས་སོ། །བསྟན་པ་སྤྱིའི་དོན་ལ་བསྐུལ་བ། བསྟན་པ་ཆོས་ཀྱི་དཔལ་ཡང་མི་ནུབ་ཅིང༌། །ཆོས་རྒྱལ་མི་དབང་ཁྱོད་འདྲའང་བཞུགས་བཞིན་དུ། །ངུར་སྨྲིག་འཛིན་པའི་གནས་སྐབས་འདི་འདྲ་བ། །འདི་ལ་ཁྱོད་ཀྱི་ཐུགས་ནི་ཇི་ལྟར་དགོངས། །ཞེས་གསུངས་ཏེ། སྟོན་པ་སངས་རྒྱས་ཀྱི་བསྟན་པ། དམ་པའི་ཆོས་ཀྱི་དཔལ་ཡང་མ་ནུབ་ཅིང་ཆོས་ཀྱི་རྒྱལ་པོ་ཆོས་བཞིན་རྒྱལ་སྲིད་སྐྱོང་བ། ཁྱོད་འདྲ་བ་ཡང་བཞུགས་བཞིན་དུ་སྟོན་པའི་རྗེས་སུ་སློབ་ཅིང༌། ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་འདི་དག་སྐྱེ་བོ་ཕལ་པ་རྣམས་ཀྱིས་འཚེ་ཞིང༌། ཉོན་མོངས་པའི་གནས་སྐབས་འདི་འདྲ་བ་ལ། ཁྱོད་ཀྱི་ཐུགས་ནི་ཅི་ལྟར་བཏང་སྙོམས་མཛད། འཇམ་དཔལ་རྩ་རྒྱུད་ལས། སངས་རྒྱས་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱ་ཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་པའི་ཕྱིར། །ཞེས་གསུངས་ལ། ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། སྔར་གྱི་ཁྱེའུ་རབ་ཏུ་བྱུང་བ་གཉིས་ཀྱིས་རྒྱལ་པོ་ལ་གདམས་པ། རྒྱལ་པོའི་གླང་པོ་ཆོས་རྣམས་བསྐང་བར་གྱིས། །སྟོབས་བཅུ་ལྡན་པའི་བསྟན་པ་འདི་ཡང་སྲུངས། །ཟད་པའི་དུས་ལ་ཤིན་ཏུ་འཇིགས་པའི་ཚེ། །རྒྱལ་པོ་གླང་པོ་ཆོས་ཀྱི་ཕྱོགས་གནས་གྱིས། །ཞེས་གསུངས་པས་བསྟན་པའི་རྩ་བར་གྱུར་པའི་རབ་ཏུ་བྱུང་བ་འདི་རྣམས་ལ་དགོངས་པར་རིགས་སོ། །ཞེས་གསོལ་བའོ། །བྱེ་བྲག་ཏུ་རང་གི་དོན་ལ་བསྐུལ་བ། བདག་ཀྱང་ན་ཚོད་རྒན་པ་མ་ལགས་ཀྱང༌། །ལུས་སྟོབས་དམན་ཞིང་སྒྱིད་ལུག་ཡིད་ཀྱང་ཞུམ། །དེ་སླད་དབེན་པར་ཆོས་དོན་ཚོལ་འཚལ་བས། །དེ་དང་མཐུན་པར་བཀའ་དྲིན་མཛད་དུ་གསོལ། །ཞེས་གསུངས་ཏེ། ཁྱེད་ལ་གདམས་པ་འདོམས་པ་པོ་བདག་ཀྱང༌། སོ་སོར་ཐར་པའི་མདོ་ལས། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ། །ཞེས་འབྱུང་བ་ལྟར་གནས་དབེན་པར་རང་གིས་ཐོས་པའི་ཆོས་རྣམས་ཀྱི་དོན་ཚོལ་བར་འཚལ་བས། དེ་དང་མཐུན་པར་བཀས་གནང་བར་མཛོད། ཅེས་གསོལ་བ་ཡིན་ལ་དེ་ལ་ཁྱོད་ཤེས་བྱ་རིག་པའི་གནས་ཀྱི་ཕ་རོལ་ཏུ་སོན་པས་མང་དུ་ཐོས་པ་ཡིན་དུ་ཟིན་ཀྱང༌། བསྟན་བཅོས་མཛད་པའི་ཚེ། དགུང་ལོ་སུམ་ཅུ་དང་ཉེ་བ་ཡིན་པས་ལང་ཚོ་ཡོལ་བ་མ་ཡིན་ཞིང་དར་ལ་བབ་པ་ཡིན་པའི་ཕྱིར། དབེན་པར་གནས་པའི་དུས་ལ་མ་བབ་བོ་སྙམ་ན། ན་ཚོད་རྒན་པོ་མ་ལགས་ཀྱང༌། །རྒན་པོ་དང་ཆོས་གསུམ་གྱིས་འདྲ་བའི་ཕྱིར། །དབེན་པར་གནས་པར་རིགས་སོ། །ཆོས་གསུམ་པོ་གང་ཞེ་ན། ལུས་ཀྱི་སྟོབས་དམན་པ་དང༌། བསྟན་པའི་ཆོས་ཀྱི་དཔལ་མ་ནུབ་ལ་ཆོས་ཀྱི་རྒྱལ་པོ་ཁྱོད་འདྲ་བའང་ཡོད་བཞིན་དུ་ངུར་སྨྲིག་འཛིན་པའི་གནས་སྐབས་འདི་འདྲ་བར་གྱུར་ཏོ་སྙམ་ནས་སྒྱིད་ལུག་པ་དང༌། བསྟན་པའི་རྩ་བ་ནི་དམ་པའི་ཆོས་འཛིན་པའི་དགེ་འདུན་ཡིན་ལ་དེ་རྣམས་ཀྱི་དོན་མཐུ་དང་ནུས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་ཞིང༌། སྟོན་པའི་བསྟན་པ་ལ་གཅེས་པར་འཛིན་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོས་མི་དགོངས་ན། བདག་ལྟ་བུའི་དགེ་སློང་མཐུ་ཆུང་བས་ག་ལ་ནུས་སྙམ་དུ་ཡིད་ཀྱང་རབ་ཏུ་ཞུམ་པར་གྱུར་ནས་དབེན་པར་གནས་པར་འདོད་ཅེས་དགོངས་པའོ། །འདི་དག་ནི་གདུལ་བྱ་རྣམས་དམ་པའི་དོན་ལ་བརྩོན་པ་བསྐྱེད་པའི་ཆེད་དུ་གསུངས་པ་ཡིན་གྱི། བསོད་ནམས་བརྒྱ་ཕྲག་དུ་མས་རྣམ་པར་བསྐྲུན་ཞིང་མང་དུ་ཐོས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་གཞན་གྱི་དོན་ལ་སྒྱིད་ལུག་པ་དང༌། ཡིད་ཞུམ་པ་མི་མངའ་སྟེ། པདྨའི་མཚོ་ལ་ངང་པ་འཇུག་པ་ལྟར་སྤྲོ་བ་དང་བཅས་པས་འཇུག་པའི་ཕྱིར་རོ། །དེ་ཉིད་སློབ་དཔོན་ཞི་བ་ལྷས། བསོད་ནམས་ཀྱིས་ནི་ལུས་བདེ་ལ། །མཁས་པ་ཡིས་ནི་སེམས་བདེ་ན། །གཞན་དོན་འཁོར་བར་གནས་ཀྱང་ནི། །སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། །ཞེས་གསུངས་སོ། །དེ་ལྟར་ཐུབ་པའི་གསུང་རབ་རབ་འབྱམས་དཔག་ཡས་ཆུ་གཏེར་ཆེན་པོའི་ངོགས། །བློ་མཆོག་བློ་ཡིས་ཀུན་ནས་བསྲུབས་ལས་ལེགས་གྲུབ་གདམས་པའི་སྙིང་པོ་འདི། །བདག་གིས་མྱངས་བཞིན་གཞན་དག་གིས་ཀྱང་ལེགས་པར་མྱངས་ནས་རྣམ་གྲོལ་ལུས། །རྒྱས་བྱའི་དོན་དུ་ལེགས་པར་བསྡུས་འདི་འགྲོ་བ་ཀུན་གྱིས་སྤྱོད་པར་ཤོག །གང་གི་གཞུང་ལུགས་དྲི་མེད་ཀུན་མཁྱེན་མཁྱེན་པ་ལྟར། །བྱིས་པའི་བློ་ལས་རབ་འདས་ཟབ་ཅིང་རྒྱ་ཆེ་བ། །བདག་འདྲ་བློ་གྲོས་དམན་པས་དཔྱད་པར་མ་ནུས་པས། །འཁྲུལ་པར་གྱུར་གང་མཁས་མཆོག་རྣམས་ཀྱིས་བཟོད་པར་རིགས། །གལ་ཏེ་གསུང་མཆོག་མཐའ་མི་རྟོགས་ཕྱིར་དཔྱད་པར་མི་རིགས་ན། །འགྲོ་བ་འདི་ཀུན་མ་ལུས་ཁྱོད་ཀྱི་གསུང་ལ་རྩོལ་བ་འདོར་རམ་ཅི། །དེ་ཕྱིར་དེ་ཉིད་བཀའ་ཡིས་གནང་དང་བཀའ་བཞིན་ནན་ཏན་རབ་འབད་ནས། །དམ་པའི་ལེགས་གསུང་མི་བརྗེད་དོན་དུ་བདག་གིས་ཡི་གེར་བཀོད་པའོ། །གཞུང་འདི་གསུང་རབ་མ་ལུས་པའི། །སྙིང་པོ་ལེགས་པར་བསྡུས་པ་སྟེ། །དེ་གསུངས་གསལ་བར་བྱེད་པའི་ཕྱིར། །འདི་ནི་གསུང་རབ་གསལ་བའི་རྒྱན། །དེ་ལྟར་བདག་ཅག་རྣམས་ཀྱིས་ཡོངས་སུ་འཛིན་པ་ཡང་དག་པའི་དགེ་བའི་བཤེས་གཉེན། ཐུབ་པའི་དབང་པོའི་ཆོས་ཀྱི་རྒྱལ་སྲིད་ལེགས་པར་སྐྱོང་བའི་ཆོས་ཀྱི་རྒྱལ་པོ། མི་འཕྲོགས་པའི་མཁྱེན་རབ་ཕུན་སུམ་ཚོགས་པ་དང་ལྡན་པས། བདེ་བར་གཤེགས་པའི་བཀའ་རབ་འབྱམས་མ་ལུས་པ་ལ་ཐོགས་པ་དང་ཆགས་པ་མེད་པར་དབང་སྒྱུར་བ། འགྲོ་བ་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའི་ཐུགས་རྗེ་ཆེན་པོ་དང་ལྡན་པས། སྐྱེ་དགུ་རབ་ཏུ་མང་པོ་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་གོ་འཕང་དམ་པ་ལ་འགོད་པར་བརྩོན་པ་དེས། སའི་བདག་པོ་ཆེན་པོ་ཆོས་བཞིན་དུ་རྒྱལ་སྲིད་སྐྱོང་བ་མིའི་དབང་པོ་གོ་པེ་ལས་ཡང་དང་ཡང་དུ་ཞུས་པའི་དོན་དུ་མཛད་པ། བདེ་བར་གཤེགས་པའི་གསུང་རབ་མ་ལུས་པའི་དོན་བསྡུས་ནས་ཉམས་སུ་ལེན་པའི་ཚུལ་སྟོན་པ། རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པ་རྣམ་པར་བཤད་པ་གསུང་རབ་གསལ་བའི་རྒྱན་ཞེས་བྱ་བ། བླ་མ་དམ་པ་དེ་ཉིད་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གཏུགས་ཤིང་ལེགས་པར་བཤད་པའི་བདུད་རྩི་མྱངས་པས་ངོམས་མི་ཤེས་པའི་སྡེ་སྣོད་འཛིན་པའི་ཤེས་རབ་གཞོན་ནུ་ཞེས་བྱ་བས། བླ་མ་དམ་པ་དེ་ཉིད་ཀྱི་གསུང་དང་མཐུན་པར་ཙོམ་མདོ་གནས་སར་གྱི་གཙུག་ལག་ཁང་དུ། ཤིང་མོ་ཕག་གི་ལོ་སྟོན་ཟླ་འབྲིང་པོའི་ཚེས་ཉི་ཤུ་བརྒྱད་ལ་ཚར་བར་སྦྱར་ཞིང་ཡང་དེ་ཉིད་ཀྱི་དྲུང་དུ་ཡང་དང་ཡང་དུ་གཏུགས་ཤིང་དག་པར་བགྱིས་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*