འཕགས་མ་འོད་ཟེར་ཅན་མའི་སྒྲུབ་ཐབས།

༈ ས་སྐྱ་བཀའ་འབུམ་ལས་པོད་༼བ་༽པ།

འགྲོ་བའི་མགོན་པོ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་གསུང་པོད་གསུམ་པ།

༄༅། །ཏྲིདྷཱཏུཛགཏོནཱཐཱརྻམཏིདྷྭཛཤྲཱིབྷདྲཔཱདསྱཔྲཝཙནཾཔུསྟཀསྟྲྀཏཱིཡེབྷྱཨཱརྻཱམཱརཱིཙྱཻསཱདྷནཾབིཧརཏིསྨ།།

༄༅། །ཁམས་གསུམ་འགྲོ་བའི་མགོན་པོ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་གསུང་རབ་གླེགས་བམ་གསུམ་པ་ལས་འཕགས་མ་འོད་ཟེར་ཅན་མའི་སྒྲུབ་ཐབས་བཞུགས་སོ།།

༄༅། །རྒྱ་གར་སྐད་དུ། ཨཱརྻཱ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །གང་གིས་མིང་ཙམ་དྲན་པས་ཀྱང༌། །སྡུག་བསྔལ་ཀུན་ལས་ཐར་བྱེད་མ། །འོད་ཟེར་ཅན་ལ་ཕྱག་འཚལ་ནས། །དེ་ཡི་བསྒྲུབ་པའི་རིམ་པ་བཤད། །རང་གི་སྙིང་གའི་དབུས་གནས་པའི། །ཟླ་བའི་དཀྱིལ་འཁོར་སྟེང་དུ་ནི། །མྃ་གྱི་ཡི་གེ་བསམ་པར་བྱ། །དེ་ཡི་འོད་ཟེར་སྣང་བ་ཡིས། །བདེ་གཤེགས་སྲས་བཅས་སྤྱན་དྲངས་ལ། །ཡན་ལག་བདུན་པ་སྔོན་འགྲོ་བས། །ཚངས་པའི་གནས་བཞི་བསྒོམ་པར་བྱ། །ཀུན་ཏུ་སྟོང་པར་བསམས་ནས་ནི། །མྃ་གྱི་ཡི་གེ་གྱུར་པ་ལས། །རིན་ཆེན་ལས་གྲུབ་ཤིང་རྟའི་དབྱིབས། །ཕག་གིས་དྲངས་པའི་སྟེང་དུ་ནི། སྣ་ཚོགས་པདྨའི་ལྟེ་བ་ལ། །འཕགས་མ་གསེར་གྱི་མདོག་ལྟ་བུ། །གཡས་བརྐྱང་སྐྱིལ་ཀྲུང་ཚུལ་གྱིས་གནས། །ཞལ་གཅིག་ཕྱག་གཉིས་གཡོན་པ་ཡིས། །མྱ་ངན་མེད་པའི་ཤིང་འཛིན་ཅིང༌། །གཡས་པ་མཆོག་སྦྱིན་ཕྱག་རྒྱ་ཅན། །ཞི་དང་འཛུམ་དང་སྒེག་པའི་ཚུལ། །ལང་ཚོ་ལ་བབ་ལུས་རྒྱས་པ། །རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས། །དར་གྱི་ན་བཟས་རབ་ཏུ་གཡོགས། །དེ་ཡི་གནས་གསུམ་བྱིན་བརླབས་ནས། །ཡེ་ཤེས་འཁོར་ལོས་བརྟན་པར་བྱ། །དབང་བསྐུར་རིགས་ཀྱི་བདག་པོ་ནི། །རྣམ་སྣང་མཛད་ཀྱིས་དབུར་བརྒྱན་པའོ། །དེ་ཡི་ཐུགས་ཀར་ཟླ་བ་ཡི། །དབུས་སུ་མྃ་གྱི་ཡི་གེ་ལ། །སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ། །ཨོཾ་མཱ་རཱི་ཙྱཻ་མྃ་སྭཱ་ཧཱ། ཇི་སྲིད་མི་སྐྱོའི་བར་དུ་བཟླས། །གལ་ཏེ་སྐྱོ་བར་གྱུར་ན་དེས། །ཉི་མ་ཟླ་བར་མངོན་ཕྱོགས་ཏེ། །དེ་ཡི་མདུན་གནས་བཅོམ་ལྡན་མ། །མཆོད་ནས་ཐུགས་བརྒྱུད་བསྐུལ་བའི་ཕྱིར། །འདི་ཡི་གཟུངས་ནི་བཀླག་བྱ་ཞིང༌། །གཏོར་མ་ཡིས་ཀྱང་མཉེས་བྱས་ལ། །འདོད་དོན་གསོལ་བ་གདབ་པར་བྱ། །ཕྱིར་བཟློག་པ་དང་འཁྲུལ་འཁོར་དང༌། །བུམ་པའི་ཆོ་ག་གཞན་དུ་གསལ། །བཀྲ་ཤིས་པ་དང་ཚེ་རིང་ཞིང༌། །འདོད་དོན་གང་དེ་འགྲུབ་པར་འགྱུར། །དགྲ་ལས་རྣམ་པར་རྒྱལ་བའི་གསུང༌། །རིན་ཆེན་གྲགས་པ་ལས་བརྒྱུད་པ། །བླ་མའི་ཞལ་ལས་རྙེད་པ་འདི། །བློ་དམན་གཞན་ལ་ཕན་པའི་ཕྱིར། །བདག་གིས་ཀུན་ཏུ་གསལ་བར་བྱས། །དེ་ལས་བྱུང་བའི་དགེ་བ་དེས། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཀུན་བསལ་ནས། །ཐུབ་པའི་འབྱོར་པ་ཐོབ་པར་ཤོག །ཚུལ་འདི་བློ་གྲོས་ཐོགས་མེད་པ། །ཆོས་ཀྱི་རྒྱལ་མཚན་འཛིན་པ་པོ། །ལུས་ཅན་ཀུན་གྱི་དགེ་ལེགས་དཔལ། །བདག་གི་བླ་མ་བཟང་པོས་མཛད།།  །།གང་གིས་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །འཇིགས་པ་ཀུན་ལ་རབ་ཏུ་སྐྱོབ་བྱེད་ཅིང༌། །དྲི་མེད་བདེ་བ་ཉེ་བར་སྩོལ་མཛད་མ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*