༼བ༽
༄༅། །འོད་ཟེར་ཅན་མའི་སྒྲུབ་ཐབས་བཞུགས།།
༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འཕགས་མ་འོད་ཟེར་ཅན་བསྒྲུབ་པར་འདོད་པས། སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེ་ཡི་ཆེད་དུ་འོད་ཟེར་ཅན་མ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་ཨོཾ་སྭ་བྷཱ་བའི་སྔགས་ཀྱིས་བདག་དང་སྣང་བ་ཐམས་ཅད་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ། བྷྲཱུྃ་ལས་རིན་པོ་ཆེའི་མཆོད་རྟེན་གྱི་བུམ་པའི་ནང་དུ་པདྨ་དང་ཟླ་བའི་སྟེང་དུ། བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ་ལས་འོད་ཟེར་ཕར་འཕྲོས་སངས་རྒྱས་ཀྱི་ཞིང་དག་པ་དང་སེམས་ཅན་སྨིན་པར་བྱས། སླར་འདུས་ནས་གཅིག་ཏུ་འདྲེས་པ་ལས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པའི་ཐུགས་ཀར་རང་གི་ཤེས་པ་མྃ་ལས་མྱ་ངན་མེད་པའི་ཤིང་མྃ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་པ་ལས་རང་ཉིད་འོད་ཟེར་ཅན་མ་ཕག་བདུན་གྱིས་དྲངས་པའི་གསེར་གྱི་ཤིང་རྟའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ཞབས་གཡས་བརྐྱང་བའི་ཚུལ་གྱིས་བཞུགས་པ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་པ། གཡས་པ་མཆོག་སྦྱིན་དང༌། གཡོན་པས་མྱ་ངན་མེད་པའི་ཤིང་ཐུགས་ཀར་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང༌། དར་སྣ་ཚོགས་པའི་ན་བཟའ་ཅན་ཤིན་ཏུ་མཛེས་པ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་བསམས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་བསམ། སྙིང་གི་ནང་གི་མྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འོད་ཟེར་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་པ་སྤྱན་དྲངས། ཨོཾ་མཱ་རཱི་ཙྱཻ་ཨརྒྷྃ་པྲ་ཏཱིཙྪ་སྭཱ་ཧཱ། ལ་སོགས་པས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་མཱ་རཱི་ཙྱཻ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས་རང་ལ་གཉིས་སུ་མེད་པར་བསྟིམ། ཡང་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་རིགས་ལྔ་སྤྱན་དྲངས། སྔ་མ་བཞིན་དུ་མཆོད་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མཱ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར་བས་དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ། དེ་ལ་སེམས་གཏད་དེ་མཉམ་པར་གཞག་གོ །སྔགས་ཟློ་བར་འདོད་ན། སྙིང་གི་ནང་གི་མྃ་གྱི་མཐའ་མ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་ཐམས་ཅད་ཀྱི་རྒྱུད་བསྐུལ་ནས་རང་བྱིན་གྱིས་རློབ་པར་བསམ་ཞིང་གཟུངས་ནས་འབྱུང་བའི་སྔགས་རྣམས་དང༌། ཨོཾ་མཱ་རཱི་ཙྱཻ་མྃ་སྭཱ་ཧཱ། ཞེས་ཡང་སྙིང་ཅི་ནུས་པ་བཟླའོ། །གྲངས་ཀྱི་བསྙེན་པ་ནི་འབུམ་ཕྲག་བདུན་ཅུའོ། །བཟླས་པ་ཚར་བ་དང་རང་ལ་བསྟིམ་པའི་ཡེ་ཤེས་པ་ཕྱུང་ནས་མདུན་གྱི་ནམ་མཁར་དམིགས་ཏེ། མཆོད་པས་མཆོད་ནས་བཟོད་པར་གསོལ་ཞིང་ཨོཾ་བཛྲ་མུཿས་གཤེགས་སུ་གསོལ་ཏེ། རང་དམ་ཚིག་པའི་ང་རྒྱལ་གྱིས་སྤྱད་དོ། །གཟུངས་འདོན་པར་འདོད་ན། ཐོག་མར་ཉི་མ་དང་ཟླ་བ་ཤར་བའི་ཕྱོགས་སུ་ཕྱོགས་ཏེ། དེར་འོད་ཟེར་ཅན་མ་མངོན་སུམ་ལྟར་དམིགས་པ་ལ། མཆོད་ནས་གསོལ་བ་གདབ་པའི་ཕྱིར་གཟུངས་བཏོན་པས་བཅོམ་ལྡན་འདས་མའི་ཕྱག་གཡས་པ་བརྐྱང་བ་བདག་གི་སྤྱི་བོར་བཞག་ནས། བྱིན་གྱིས་རློབ་པར་བསམ་ཞིང་གཟུངས་འདོན་ནོ། །མཐར་ཡང་མཆོད་ཅིང་བསྟོད་ནས་དགེ་བའི་རྩ་བ་རྫོགས་པའི་སངས་རྒྱས་སུ་བསྔོ། །གཏོར་མ་གཏོང་བར་འདོད་པས་དཀར་གཏོར་བཤམས་པ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་བསྐྱེད་ནས། རང་གི་སྙིང་ག་ནས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་འོད་ཟེར་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་མདུན་དུ་སྤྱན་དྲངས། དེ་ལ་གཏོར་མ་ཕུལ་བས་གསོལ་བར་བསམ་ཞིང༌། ཏདྱ་ཐཱ་ཨོཾ་བ་ཏ་ལི། བ་ད་ལི། བ་ར་ལི། བ་ར་ཧ་མུ་ཁི། སརྦ་དུཥྚཱན། པྲ་དུཥྚཱ་ནཱྃ། ཙཀྵུ་རྨུ་ཁྃ། བནྡྷ་བནྡྷ། བནྡྷ་མུ་ཁྃ། ཛམྦྷ་ཡ། སྟམྦྷ་ཡ། མོ་ཧ་ཡ། ཨི་དྃ་བ་ལིཾ། གྲྀཧྞཱ་པ་ཡ། གྲྀཧྞཱ་པ་ཡ་སྭཱ་ཧཱ། ཞེས་སྔགས་བདུན་གྱིས་ཕུལ་ནས། ཨརྒྷྃ་ལ་སོགས་པས་མཆོད་ལ། གང་གིས་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་བྱེད་ཅིང༌། །དྲི་མེད་བདེ་ཆེན་ཉེ་བར་སྩོལ་མཛད་པའི། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཕག་བདུན་གྱིས་དྲངས་རིན་ཆེན་ཤིང་རྟའི་ཁྲིར། །པདྨ་ཟླ་བའི་གདན་ལ་བདེར་བཞུགས་ཤིང༌། །ཞལ་གཅིག་ཕྱག་གཉིས་གསེར་བཟང་མདོག་མཚུངས་པ། །བཅོམ་ལྡན་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཕྱག་གཡས་གདུལ་བྱ་རྣམས་ལ་མཆོག་སྩོལ་ཞིང༌། །གཡོན་པས་མྱ་ངན་མེད་པའི་ཤིང་འཛིན་ལ། །སྣ་ཚོགས་རྒྱན་གྱིས་མཛེས་ཤིང་དགྱེས་དགུར་སྤྱོད། །བཅོམ་ལྡན་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །བདག་གིས་ཁྱོད་སྐུ་དྲན་ཞིང་སྔགས་བཟླས་ཏེ། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་འདེབས་ཀྱིས། །བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། །ཆོས་བཞིན་བསམ་པ་འགྲུབ་པར་མཛད་དུ་གསོལ། །ཞེས་པ་རྣམས་ཀྱིས་བསྟོད་ཅིང་གསོལ་བ་གདབ་བོ། །དེ་ནས་འདོད་པའི་དོན་ཐམས་ཅད་གནང་ནས་རང་གི་གནས་སུ་གཤེགས་པར་བསམ་མོ། །ཚུལ་འདི་ལ་རྟག་ཏུ་རྣལ་འབྱོར་དུ་བྱས་ན། བར་དུ་གཅོད་པ་ཐམས་ཅད་ཞི་ཞིང་བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པར་འགྱུར་རོ། །འོད་ཟེར་ཅན་མ་སྒྲུབ་པའི་ཐབས། །སྐད་གཉིས་སྨྲ་བ་དུ་ལག་གིས། །གསོལ་བ་བཏབ་ནས་འཕགས་པས་སྦྱར། །དགེ་དེས་ཀུན་མཁྱེན་ཐོབ་པར་ཤོག །ལྕགས་མོ་ལུག་གི་ལོ། ཟླ་བ་དྲུག་པའི་ཚེས་བཅུའི་ཉིན་མོ་ཤིང་ཀུན་གྱི་ས་ཆར་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply