བསྲུང་བ་ལྔའི་མཚམས་གཅོད།

༼བ༽

༄༅། །བསྲུང་བ་ལྔའི་མཚམས་གཅོད་བཞུགས།།

༄༅། །གནས་དང་ཡོད་བྱད་བྱིན་ཕབ་ནས། རིགས་ཀྱི་ཁྲོ་བོའི་ང་རྒྱལ་དང་ལྡན་པས། སྔོན་འགྲོའི་གཏོར་མ་བྱིན་གྱིས་བརླབས་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བདུན་པོ་དག་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །དེ་དག་ལ་ཕྱག་འཚལ་ནས། ཆོ་ག་འདི་ལ་སྦྱར་བར་བྱའོ། །མིང་འདི་ཞེས་བྱ་བ་ལ་རིག་སྔགས་འདི་གྲུབ་པར་གྱུར་ཅིག འབྱུང་པོའི་ཚོགས་གང་སུ་དག་ས་ལ་རྒྱུ་བ་རྣམས་དང༌། ནམ་མཁའ་ལ་རྒྱུ་བ་རྣམས་དང༌། ཆུ་ལ་རྒྱུ་བ་རྣམས་དང༌། ལྷ་རྣམས་དང༌། ཀླུ་རྣམས་དང༌། ལྷ་མ་ཡིན་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། གནོད་སྦྱིན་རྣམས་དང༌། སྲིན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། འབྱུང་པོ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། སྐེམས་བྱེད་རྣམས་དང༌། སྨྱོ་བྱེད་རྣམས་དང༌། གྲིབ་གནོད་རྣམས་དང༌། བརྗེད་བྱེད་རྣམས་དང༌། གནོན་པོ་རྣམས་བདག་ལ་ཉོན་ཅིག འབྱུང་པོའི་ཚོགས་གཟི་བརྗིད་འཕྲོག་པ་རྣམས་དང༌། ཟས་སུ་མངལ་ཟ་བ་རྣམས་དང༌། ཟས་སུ་ཁྲག་འཐུང་བ་རྣམས་དང༌། ཟས་སུ་ཞག་ཟ་བ་རྣམས་དང༌། ཟས་སུ་ཤ་ཟ་བ་རྣམས་དང༌། ཟས་སུ་ཚིལ་ཟ་བ་རྣམས་དང༌། ཟས་སུ་རྐང་ཟ་བ་རྣམས་དང༌། ཟས་སུ་བཙས་པ་ཟ་བ་རྣམས་དང༌། སྲོག་འཕྲོག་པ་རྣམས་དང༌། ཟས་སུ་གཏོར་མ་ཟ་བ་རྣམས་དང༌། ཟས་སུ་ཕྲེང་བ་ཟ་བ་རྣམས་དང༌། ཟས་སུ་དྲི་ཟ་བ་རྣམས་དང༌། ཟས་སུ་བདུག་པ་ཟ་བ་རྣམས་དང༌། ཟས་སུ་མེ་ཏོག་ཟ་བ་རྣམས་དང༌། ཟས་སུ་འབྲས་བུ་ཟ་བ་རྣམས་དང༌། ཟས་སུ་ལོ་ཏོག་ཟ་བ་རྣམས་དང༌། ཟས་སུ་སྦྱིན་སྲེག་ཟ་བ་རྣམས་དང༌། ཟས་སུ་རྣག་འཐུང་བ་རྣམས་དང༌། ཟས་སུ་ཕྱི་ས་ཟ་བ་རྣམས་དང༌། ཟས་སུ་གཅིན་འཐུང་བ་རྣམས་དང༌། ཟས་སུ་ལྷག་མ་ཟ་བ་རྣམས་དང༌། ཟས་སུ་མཆིལ་མ་ཟ་བ་རྣམས་དང༌། ཟས་སུ་ངར་སྣབས་ཟ་བ་རྣམས་དང༌། ཟས་སུ་སྣབས་ཟ་བ་རྣམས་དང༌། ཟས་སུ་མི་གཙང་བ་ཟ་བ་རྣམས་དང༌། ཟས་སུ་སྐྱུགས་པ་ཟ་བ་རྣམས་དང༌། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང༌། སྡིག་པའི་སེམས་དང་ལྡན་པ་རྣམས་དང༌། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང༌། གཞན་གྱི་སྲོག་འཕྲོག་པ་རྣམས་བདག་ལ་ཉོན་ཅིག བསྲུང་བ་ལྔའི་ཆོ་ག་འདི་བསྒྲུབ་པར་བྱའོ། །སྤོས་དང༌། མེ་ཏོག་དང༌། བདུག་པ་དང༌། གཏོར་མ་ཡང་སྦྱིན་ནོ། །གཏོར་མ་དང་མཆོད་པ་འདིས་མགུ་བར་གྱིས་ལ། མིང་འདི་ཞེས་བྱ་བ་ལ། སྡིག་པའི་སེམས་དང་ལྡན་པ་རྣམས་དང༌། སྡང་བའི་སེམས་དང་ལྡན་པ་རྣམས་དང༌། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང༌། གཞན་གྱི་སྲོག་འཕྲོག་པ་རྣམས་དང༌། གཟི་བྱིན་འཕྲོག་པའི་གདོན་རྣམས་དང༌། འབྱུང་པོ་གང་སུ་དག་ཞི་བའི་སེམས་དང་ལྡན་པ་རྣམས་དང༌། བྱམས་པའི་སེམས་དང་ལྡན་པ་རྣམས་དང༌། དགེ་བའི་སེམས་དང་ལྡན་པ་རྣམས་དང༌། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་མངོན་པར་དད་པ་རྣམས་བདག་ལ་ཉོན་ཅིག འདི་ལྟ་སྟེ། ནག་མོ་བཞིན་སྒྱུར་མ། གྲུལ་བུམ་མ། དུང་ཅན་མ། མེ་ཏོག་ཀ་མ་ལ་ལྟ་བུའི་མིག་ཅན་མ། འཕྲོག་མ། སྐྲ་མདོག་ལྗང་གུ་མ། དཔལ་ལྡན་མ། སྤྲེའུ་ལྟར་དམར་སེར་མ། འཕྱང་མ། རབ་ཏུ་འཕྱང་མ། དུས་ཀྱི་ཞགས་པ་ཅན་མ། བུམ་ལྟོ་མ། གཤིན་རྗེའི་ཕོ་ཉ་མ། འབྱུང་པོ་ཟ་བ་མོ། མེ་ཏོག་དང༌། བདུག་པ་དང༌། དྲི་དང༌། གཏོར་མ་འདི་འབུལ་གྱིས་བཞེས་ལ། འཇིགས་པ་དང་གནོད་པ་ཐམས་ཅད་ལས་མིང་འདི་ཞེས་བྱ་བ་ལ་སྲུང་དུ་གསོལ། ལོ་བརྒྱ་ཚོ་བར་གྱུར་ཅིག སྟོན་བརྒྱ་མཐོང་བར་ཤོག་ཅིག མིང་འདི་ཞེས་བྱ་བ་ལ་རིག་སྔགས་ཀྱི་གཞི་རྣམས་གྲུབ་པར་གྱུར་ཅིག་སྭཱ་ཧཱ། ཞེས་བརྗོད་ནས་རོལ་མོ་དང་བཅས་ཏེ་གཏོར་མ་གཏོང་ངོ༌། །མཚམས་བཅད་པ་སྟེ་དང་པོའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*