སྒྲུབ་ཐབས་རྒྱས་པ།

༼བ༽

༄༅། །སྒྲུབ་ཐབས་རྒྱས་པ་བཞུགས།།

༄༅། །བསྲུང་བ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་ཞེས་བྱ་བ། རྗེ་བཙུན་མ་སོ་སོར་འབྲང་མ་ཆེན་མོ་ལ་ཕྱག་འཚལ་ལོ། །གང་ཞིག་རྒྱལ་བ་ཉིད་ཀྱི་གཉིས་མེད་ཐུགས་ལས་རྣམ་སྤྲུལ་པའི། །སྣ་ཚོགས་ཚུལ་འཆང་དཀར་སེར་དམར་སྔོ་མརྒད་མདོག་མཚུངས་པ། །སོ་སོར་འབྲང་མ་སྟོང་ཆེན་རབ་འཇོམས་རྨ་བྱ་ཆེན་མོ་དང༌། །གསང་སྔགས་རྗེས་འཛིན་བསིལ་བའི་ཚལ་ལ་རྟག་ཏུ་ཕྱག་འཚལ་ལོ། །ཚེ་དང་འཁོར་དང་ལོངས་སྤྱོད་དཔལ་དང་སྙན་པ་དང༌། །གཟུངས་དང་ཏིང་འཛིན་བླ་ན་མེད་པའི་ཡེ་ཤེས་སོགས། །སྒྲུབ་པོ་རྣམས་ཀྱིས་བདེ་བླག་ཏུ་ནི་ཐོབ་བྱེད་པའི། །སྒྲུབ་ཐབས་རིམ་པ་བླ་མའི་གསུང་བཞིན་བདག་གིས་བཤད། །དེ་ལ་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དཀྱིལ་འཁོར་འདིའམ་གཞན་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པ་བླ་མ་ལས་ལུང་ཡང་དག་པར་ནོས་པ། བསྲུང་བ་ལྔ་བསྒྲུབ་པར་འདོད་པའི་གང་ཟག་གིས། ཁྲུས་དང་གཙང་སྦྲ་ཚུལ་བཞིན་དུ་བྱས་ལ། སྟན་བདེ་བ་ལ་འདུག་ནས། བླ་མ་དང་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་སོང་ལ། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས། སངས་རྒྱས་ཀྱི་ས་ལ་དགོད་པའི་ཕྱིར། རིག་པའི་རྒྱལ་མོ་རྣམ་པ་ལྔ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། རང་གི་སྤྱི་བོ། མགྲིན་པ། སྙིང་ག་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་གྱི་ཡི་གེ་དཀར་པོ་དང་དམར་པོ་དང༌། སྔོན་པོ་གསུམ་རིམ་པ་གསུམ་དུ་བསམས་ནས། ཨོཾ་ཨཱཿཧཱུྃ་རཀྵ་རཀྵ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ལན་གསུམ་གྱིས་བདག་དང༌། གསུམ་གྱིས་གནས་དང༌། གསུམ་གྱིས་རྣལ་འབྱོར་བསྲུང་བར་བྱའོ། །དེ་ནས་རང་གི་སྙིང་གའི་དབུས་སུ་པྃ་གི་ཡི་གེ་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པའི་སྟེང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་དྲི་མ་མེད་པའི་ཤེལ་ལྟར་དཀར་ཞིང་གསལ་བའི་པྲྃ་གྱི་ཡི་གེ་བསམས་ལ། དེ་ལས་སྣ་ཚོགས་པའི་འོད་ཟེར་འཕྲོས་པས་ཐོག་མ་མེད་པ་ནས་བསགས་པའི་སྒྲིབ་པ་ཐམས་ཅད་བསལ་ནས། བ་སྤུའི་བུ་ག་ཐམས་ཅད་ནས་ཕྱི་རོལ་དུ་སྤྲོས་པས། ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས། འོད་ཀྱི་སྣང་བ་དེ་ཉིད་ཀྱིས་རང་བཞིན་གྱི་གནས་ནས་རྗེ་བཙུན་སོ་སོར་འབྲང་བ་ཆེན་མོ་ལ་སོགས་པའི་ལྷ་མོ་ལྔ་དང༌། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་སྤྱན་དྲངས་ལ། ཕྱག་དང་མཆོད་པ་སྔོན་དུ་འགྲོ་བས་ཇི་སྐད་བཤད་པའི་ཡན་ལག་བདུན་པ་བྱས་ལ། སྒྱུ་མ་ལྟ་བུའི་སེམས་ཅན་ཐམས་ཅད་ལ་དམིགས་ཏེ། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཚད་མེད་པ་བསྒོམ་པར་བྱའོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་པའི་རྗེས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། ཞེས་བརྗོད་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ་པ་ནི། ཡེ་ཤེས་ཀྱི་ཚོགས་བསགས་པའོ། །ནམ་མཁའི་ཁམས་དེ་ཉིད་དུ་པྃ་ལས་པདྨ་འདབ་མ་བརྒྱད་པ་སྣ་ཚོགས་པའི་ཁ་དོག་ཅན་གྱི་སྟེང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར་དེའི་དབུས་སུ་ཧཱུྃ་གི་ཡི་གེ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་དམིགས་ཏེ། དེ་ལས་སྣ་ཚོགས་པའི་འོད་ཟེར་ཕྱོགས་ཀུན་དུ་སྤྲོས་པས་རབ་ཏུ་བརྟན་ཞིང༌། མི་ཕྱེད་པ་གོ་མཚམས་མེད་པའི་རྡོ་རྗེའི་ས་གཞི་དང༌། རྭ་བ་དང༌། དྲྭ་བ་དང༌། གུར་དང༌། བླ་རེ་དང༌། མདའི་དྲྭ་བ་དང༌། དུས་མཐའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་འབར་བས་ཡོངས་སུ་བསྐོར་བའི་སྲུང་བའི་འཁོར་ལོ་བརྟན་པར་བསྒོམ་པར་བྱའོ། །དེའི་དབུས་སུ་སུྃ་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས་རིའི་རྒྱལ་པོ་རི་རབ། ཤར་ཤེལ། ལྷོ་བཻ་ཌཱུརྻ། ནུབ་པདྨ་རཱ་ག བྱང་གསེར་ལས་གྲུབ་པ། བང་རིམ་བཞི་དང་ལྡན་པ། སྟེང་ན་རིན་པོ་ཆེའི་ལྕོག་བརྒྱད་ཀྱིས་མཛེས་པར་བྱས་པ། དེའི་དབུས་སུ་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲཱུྃ་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་རིན་པོ་ཆེའི་རང་བཞིན་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ། རྩིག་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་ལས་དྲྭ་བ་དང༌། དྲྭ་བ་ཕྱེད་པ་འཕྱང་བ། དེའི་སྟེང་དུ་མདའ་ཡབ་དང༌། པུ་ཤུས་མཛེས་པར་བྱས་པ། ཕྱི་འདོད་ཡོན་གྱི་སྣམ་བུར་ལྷ་མོ་རྣམས་ཀྱིས་མཆོད་རྫས་དུ་མ་ཐོགས་ནས་མཆོད་པ། ནང་ཀ་བ་བརྒྱད་དང་ལྡན་པ། སྟེང་རིན་པོ་ཆེའི་གདུང་ཕུབ་ཕྱུར་བུར་ཕུབ་པའི་སྟེང་ན་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྒྱན་པ། སྒོ་བཞིའི་ཐད་སོར་རྟ་བབས་ཀ་བ་བཞིས་བཏེག་པ། བང་རིམ་བཞི་པའི་སྟེང་དུ་ཆོས་ཀྱི་འཁོར་ལོ་དང༌། རི་དྭགས་དང༌། གདུགས་དང་བཅས་པ། གཞན་ཡང་འཕན་དང༌། རྒྱལ་མཚན་དང༌། ལྡ་ལྡི་དང༌། མེ་ཏོག་གི་ཕྲེང་བ་དང༌། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་དུ་མས་མཛེས་པར་བརྒྱན་པ་བསམ་པར་བྱའོ། །དེའི་ནང་དུ་པྃ་ལས་ཆུ་སྐྱེས་འདབ་མ་བརྒྱད་པ། ལྟེ་བ་དང་གེ་སར་དུ་བཅས་པ་བསྐྱེད་ལ། དེའི་དབུས་དང་ཕྱོགས་ཀྱི་འདབ་མ་བཞི་དང་ལྔར། པདྨ་འདབ་མ་བརྒྱད་པ་ལྔ་བསྒོམས་ནས། ཤར་ཕྱོགས་ཀྱི་པདྨའི་སྟེང་དུ་ཉི་མའི་གདན་དང༌། གཞན་རྣམས་སུ་ཟླ་བའི་གདན་རེ་རེ་བསམ་མོ། །དེ་དག་ནི་རྟེན་བསྐྱེད་པའོ། །དེ་ནས་བརྟེན་པ་ལྷ་བསྐྱེད་པ་ནི་གདན་དབུས་མའི་སྟེང་དུ་པྲྃ་དཀར་པོ་ཤར་དང༌། ལྷོ་དང༌། ནུབ་དང༌། བྱང་རྣམས་སུ་ཧཱུྃ་དང་མྃ་དང་ཤྃ་དང༌། གྃ་གི་ཡི་གེ་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་རྣམས་བསམས་ལ། དེ་རྣམས་ལས་འོད་ཟེར་སྣ་ཚོགས་པ་སྤྲོས་པས། ནམ་མཁའི་མཐས་གཏུགས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས། སླར་འདུས་ཏེ་ས་བོན་སོ་སོ་ལ་ཐིམ་པས་རྐྱེན་བྱས་པས་ཆོས་ཀྱི་ཡི་གེ་དེ་དག་ཡོངས་སུ་གྱུར་པ་ལས། འཆད་པར་འགྱུར་བའི་ལྷ་མོ་ལྔ་པོ་ཅིག་ཆར་བསྐྱེད་ལ། རིམ་གྱིས་གསལ་གདབ་པར་བྱའོ། །དེའི་དབུས་སུ་རྗེ་བཙུན་སོ་སོར་འབྲང་མ་ཆེན་མོ། གངས་རིའི་ཕུང་པོ་ལྟར་རབ་ཏུ་དཀར་བ། ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། ཞལ་བཞི་ཕྱག་བརྒྱད་མ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྩ་བའི་ཞལ་དཀར་བ། གཡས་གནག་པ། རྒྱབ་སེར་བ། གཡོན་དམར་བ། ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་དང་ལྡན་པ། གཡས་པའི་ཕྱག་བཞི་ན་འཁོར་ལོ་དང༌། རྡོ་རྗེ་དང༌། མདའ་དང༌། རལ་གྲི། གཡོན་གྱི་ཕྱག་བཞི་ན་རྡོ་རྗེ་ཞགས་པ་དང༌། རྩེ་གསུམ་དང༌། གཞུ་དང༌། དགྲ་སྟ་འཛིན་པ། སྤྱི་བོར་མཆོད་རྟེན་གྱིས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཞིང༌། དར་སྣ་ཚོགས་པའི་ན་བཟས་ཀླུབས་པ། ཉི་མའི་དཀྱིལ་འཁོར་གྱི་རྒྱབ་ཡོལ་ཅན། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་དུ་མས་སྤུད་པའི་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པར་བྱའོ། །ཤར་དུ་སྟོང་ཆེན་མོ་རབ་ཏུ་འཇོམས་མ། ཨིནྡྲ་ནཱི་ལ་ལྟར་སྔོ་བ། ཉི་མའི་གདན་ལ་ཞབས་གཡས་ཅུང་ཟད་བརྐྱང་བའི་རོལ་པའི་འདུག་སྟངས་ཀྱིས་བཞུགས་པ། ཞལ་བཞི། ཕྱག་བརྒྱད་མ། རྩ་བའི་ཞལ་སྔོ་བ། གཡས་དཀར་བ། རྒྱབ་སེར་བ། གཡོན་དམར་བ། དབུ་རེ་རེ་ཞིང་དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཞལ་ལ་ལ་མཆེ་བ་གཙིགས་ཤིང༌། ལ་ལ་ནི་རབ་ཏུ་གདངས་ནས་ལྗགས་འདྲིལ་བ། སྨིན་མའི་དབུས་ན་ཁྲོ་གཉེར་བསྡུས་པ། གཡས་ཀྱི་ཕྱག་བཞི་ན་རྡོ་རྗེ་དང་བཅས་པའི་མཆོག་སྦྱིན་པ་དང༌། ལྕགས་ཀྱུ་དང༌། མདའ་དང༌། རལ་གྲི། གཡོན་གྱི་ཕྱག་བཞི་ན། ཞགས་པ་དང་བཅས་པའི་སྡིགས་མཛུབ་དང༌། དགྲ་སྟ་དང༌། གཞུ་དང༌། པདྨའི་སྟེང་ན་རིན་པོ་ཆེ་ཟུར་དྲུག་པ་འཛིན་པ། མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པ་དང༌། རིན་པོ་ཆེ་དང༌། སྦྲུལ་གདུག་པའི་རྒྱན་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དབུ་སྐྲ་སེར་པོ་གྱེན་དུ་འབར་བ། རབ་ཏུ་ཁྲོས་པ་དྲག་མོའི་ཚུལ་ཅན། ཏཱ་ལའི་སྡོང་པོ་རབ་ཏུ་རྒྱས་པའི་ཤིང་དྲུང་ན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་བཞུགས་པར་བསམ་མོ། །ལྷོར་རྨ་བྱ་ཆེན་མོ་གསེར་གྱི་མདོག་ཅན། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞལ་གསུམ་ཕྱག་བརྒྱད་མ། རྩ་བའི་ཞལ་སེར་བ། གཡས་གནག་པ། གཡོན་དམར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། གཡས་ཀྱི་ཕྱག་བཞི་ན། མཆོག་སྦྱིན་པ་དང༌། རིན་པོ་ཆེའི་རྒྱུན་འབབ་པའི་བུམ་པ་དང༌། འཁོར་ལོ་དང༌། རལ་གྲི། གཡོན་གྱི་ཕྱག་བཞི་ན། ལྷུང་བཟེད་ཀྱི་སྟེང་ན་དགེ་སློང་གནས་པ་དང༌། རྨ་བྱའི་མཇུག་སྒྲོ་དང༌། བུམ་པའི་སྟེང་ན་སྣ་ཚོགས་རྡོ་རྗེ་གནས་པ་དང༌། རིན་པོ་ཆེའི་རྒྱལ་མཚན་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་དར་སྣ་ཚོགས་པའི་ན་བཟས་ཀླུབས་པ། ཉི་མའི་རྒྱབ་ཡོལ་ཅན། མྱ་ངན་མེད་པའི་ཤིང་དྲུང་ན་བཞུགས་པར་བསམ་མོ། །ནུབ་ཏུ་གསང་སྔགས་རྗེས་སུ་འཛིན་མ། པདྨ་རཱ་ག་ལྟར་དམར་བ། སྐྱིལ་མོ་ཀྲུང་གིས་བཞུགས་པ། གཞོན་ནུ་དར་ལ་བབ་པ། ཞལ་གསུམ་ཕྱག་བཅུ་གཉིས་མ། རྩ་བའི་ཞལ་དམར་བ། གཡས་གནག་པ། གཡོན་དཀར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དང་པོ་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ། དེའི་འོག་མ་གཉིས་ཀྱིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ། གཡས་ཀྱི་ཕྱག་ལྷག་མ་བཞི་ན། མཆོག་སྦྱིན་དང༌། མི་འཇིགས་པ་སྦྱིན་པ་དང༌། རྡོ་རྗེ་དང༌། མདའ། གཡོན་གྱི་ཕྱག་ལྷག་མ་བཞི་ན་སྡིགས་མཛུབ་ཞགས་པ་དང་བཅས་པ་དང༌། པདྨས་བརྒྱན་པའི་བུམ་པ་དང༌། རིན་པོ་ཆེའི་སྙེ་མ་དང༌། གཞུ་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཉི་མའི་རྒྱབ་ཡོལ་ལ་བརྟེན་པ། ཤི་རི་ཤའི་ཤིང་དྲུང་ན་བཞུགས་པར་བསམ་མོ། །བྱང་དུ་བསིལ་བའི་ཚལ་ཆེན་མོར་མ་ར་ཀ་ཏ་ལྟར་ལྗང་བ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞལ་གསུམ་ཕྱག་དྲུག་མ། རྩ་བའི་ཞལ་ལྗང་བ། གཡས་དཀར་བ། གཡོན་དམར་བ། གཡས་ཀྱི་ཕྱག་གསུམ་ན། མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་དང༌། རྡོ་རྗེ་དང༌། མདའ། གཡོན་གྱི་ཕྱག་གསུམ་ན། ཞགས་པ་དང་བཅས་པའི་སྡིགས་མཛུབ་དང༌། རིན་པོ་ཆེའི་རྒྱལ་མཚན་དང༌། གཞུ་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང༌། དར་སྣ་ཚོགས་པའི་ན་བཟས་ཀླུབས་པ། ཉི་མའི་རྒྱབ་ཡོལ་ཅན། ཙམ་པ་ཀའི་ཤིང་དྲུང་ན་བཞུགས་པར་བསམ་མོ། །འོག་གི་པདྨ་འདབ་མ་བརྒྱད་བའི་མཚམས་ཀྱི་འདབ་མ་བཞིར་ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གང་བའི་བུམ་པ་བཞི་བསམ་པར་བྱའོ། །གལ་ཏེ་བདག་བསྐྱེད་ལའང་འཇིག་རྟེན་པའི་ལྷ་དང་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྒོམ་པར་འདོད་པ་དང༌། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྐྱེད་པའི་ཚུལ་ནི་གཞལ་ཡས་ཁང་པའི་ཁོངས་སུ་ལྷ་རྣམས་ཀྱི་དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ་མུ་ཁྱུད་དང་བཅས་པའི་ལྟེ་བར་པདྨ་འདབ་མ་བརྒྱད་པ་ཉིས་བརྩེགས་དམིགས་པའི་དབུས་ཀྱི་པདྨ་ལ་ནི། གོང་དུ་བསྟན་པའི་ཚུལ་གྱིས་ལྷ་མོ་ལྔ་བུམ་པ་བཞི་དང་བཅས་པ་བསྐྱེད་ཅིང༌། དེའི་ཕྱི་རོལ་གྱི་འདབ་མ་བརྒྱད་ལ། སྟེང་གི་ཚངས་པ་ཤར་གྱི་འདབ་མའི་གཡས་དང༌། འོག་གི་སའི་ལྷ་མོ་ནུབ་ཀྱི་འདམ་མའི་གཡས་སུ་མཚན་མ་དགོད་པར་བྱ་ཞིང༌། དེ་དག་ཏུ་སྐད་ཅིག་གིས་སོ་སོའི་གདན་དམིགས་པའི་སྟེང་དུ་རང་རང་གི་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། ཕྱོགས་སྐྱོང་བ་རྣམས་བསྒོམ་པར་བྱ་སྟེ། ཤར་དུ་ཨི་ལས་བརྒྱ་བྱིན་སེར་པོ། གླང་པོ་ཆེ་ས་སྲུང་གི་བུ་ལ་ཞོན་པ། གཡས་པས་རྡོ་རྗེ་འཛིན་ཅིང༌། མིག་སྟོང་དང་ལྡན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལྷོར་མ་ཧེའི་སྟེང་དུ་ཡྃ་ལས་གཤིན་རྗེ་སྔོན་པོ། གཡས་པས་བེ་ཅོན་དང༌། གཡོན་པས་ཐོད་པ་ཁྲག་གིས་བཀང་བ་འཛིན་ཅིང༌། ཤིན་ཏུ་འཇིགས་པ། ནུབ་ཏུ་ཆུ་སྲིན་གྱི་སྟེང་དུ། བྃ་ལས་ཆུ་ལྷ་དཀར་པོ། སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་ཞིང༌། གཡས་པས་སྦྲུལ་ཞགས་འཛིན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། བྱང་དུ་རྟའི་སྟེང་དུ་ཀུྃ་ལས་གནོད་སྦྱིན་སེར་པོ། གཡས་པས་རིན་པོ་ཆེས་མཚན་པའི་དབྱུག་ཐོ་དང༌། གཡོན་པས་ནེའུ་ལེ་འཛིན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། བྱང་ཤར་དུ་ཁྱུ་མཆོག་གི་སྟེང་དུ་ཨི་ལས་དབང་ལྡན་དཀར་པོ། གཡས་པས་རྩེ་གསུམ་འཛིན་པ། ཟླ་བ་ཚེས་པས་དབུ་ལ་བརྒྱན་ཅིང༌། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཤར་ལྷོར་ར་སྐྱེས་ཀྱི་སྟེང་དུ་རྃ་ལས་མེ་ལྷ་དམར་པོ་ཕྱག་བཞི་པ། གཡས་པས་མཆོག་སྦྱིན་དང་དབྱུ་གུ་གསུམ་པ། གཡོན་པས་བགྲང་ཕྲེང་དང༌། རིལ་བ་སྤྱི་བླུགས་འཛིན་པ། རལ་པའི་ཐོར་ཚུགས་དང་ལྡན་ཞིང་མཆོད་ཕྱིར་ཐོགས་པ། ཁྲི་སྙན་ས་ལེའི་པགས་པས་གཡོགས་པ། དྲང་སྲོང་ཆེན་པོའི་ངང་ཚུལ་ཅན། ལྷོ་ནུབ་ཏུ་རོ་ལངས་ཀྱི་སྟེང་དུ་རྃ་ལས་སྲིན་པོ་དམར་ནག་གཡས་པས་རལ་གྲི། གཡོན་པས་ཐོད་ཁྲག་འཛིན་པ། རུས་པའི་རྒྱན་དང་སྦྲུལ་གྱིས་བརྒྱན་ཅིང་འཇིགས་པའི་གཟུགས་ཅན། ནུབ་བྱང་དུ་ཤ་བའི་སྟེང་དུ་ཡྃ་ལས་རླུང་ལྷ་ལྗང་སྔོན། གཡས་པས་བ་དན་འཛིན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྟེང་གི་ཕྱོགས་སུ་པདྨ་དང་ངང་པའི་སྟེང་དུ། ཨོཾ་ལས་ཚངས་པ་སེར་པོ། ཞལ་བཞི་ཕྱག་བཞི་པ། གཡས་པས་པདྨ་དང་བགྲང་ཕྲེང༌། གཡོན་པས་རིལ་བ་སྤྱི་བླུགས་དང་གླེགས་བམ་འཛིན་པ། རལ་པའི་ཐོར་ཚུགས་དང་བཅས་ཤིང༌། ཚངས་སྐུད་འཆང་བ། རབ་ཏུ་ཞི་བའི་ངང་ཚུལ་ཅན་ནོ། །འོག་ཏུ་པདྨ་དང་ཕག་གི་སྟེང་དུ་བྃ་ལས་སའི་ལྷ་མོ་སེར་མོ་ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་འཛིན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་རབ་ཏུ་ཞི་ལ་མཛེས་པ། སའི་ལྷ་མོ་མ་གཏོགས་པ་ཐམས་ཅད་ཀྱི་གཡོན་ནས་རང་གི་རིག་མས་བརྟེན་ཅིང༌། ལག་པ་གཡོན་པས་དེ་དག་ལ་འཁྱུད་པར་བསམ་མོ། །དེའི་ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་ལ་སོ་སོའི་གདན་ལ་གནས་པའི་གཟའ་ཆེན་པོ་རྣམས་བསྒོམ་པར་བྱ་བ་ནི། ཤར་གྱི་གཡས་སུ་རྟས་དྲངས་པའི་ཤིང་རྟ་ལ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྃ་ལས་དྲང་སྲོང་ཆེན་པོ་ཉི་མ་དམར་པོ། པདྨའི་སྡོང་བུ་འཛིན་པ། གཟི་བརྗིད་མཐའ་ཡས་པ། རྩིབས་དེ་ཉིད་ཀྱི་གཡོན་གྱི་ཆ་ལ་ངང་པས་དྲངས་པའི་ཤིང་རྟའི་སྟེང་དུ། ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཨྃ་ལས་ཟླ་བ་དཀར་པོ་ཀུ་མུ་ཏའི་སྡོང་པོ་འཛིན་པ། ཤིན་ཏུ་ཞི་བའི་ངང་ཚུལ་ཅན། ཤར་ལྷོའི་རྩིབས་ལ་ར་སྐྱེས་ཀྱི་སྟེང་དུ་རྃ་ལས་མིག་དམར་དམར་པོ། གཡས་པས་གྲི་གུག་དང༌། གཡོན་པས་མི་མགོ་འཛིན་པ། གཏུམ་པའི་གཟུགས་ཅན། ལྷོའི་རྩིབས་ལ་པདྨའི་སྟེང་དུ་བུ་ལས། གཟའ་ལྷག་ལྗང་གུ་མདའ་དང༌། གཞུ་འཛིན་པ། ཞི་ཞིང་མཛེས་པའི་ཚུལ་ཅན། ལྷོ་ནུབ་ཀྱི་རྩིབས་ལ་གླང་པོ་ཆེའི་སྟེང་དུ་བྲི་ལས་ཕུར་བུ་སེར་པོ། གཡས་པས་བགྲང་ཕྲེང་དང༌། གཡོན་པས་རིལ་བ་སྤྱི་བླུགས་འཛིན་པ་བརྩེ་བའི་ངང་ཚུལ་ཅན། ནུབ་ཀྱི་རྩིབས་ལ་པདྨའི་སྟེང་དུ། ཤྃ་ལས་པ་བ་སངས་དཀར་པོ། གཡས་པས་ཤེལ་ཕྲེང་དང༌། གཡོན་པས་རིལ་བ་སྤྱི་བླུགས་འཛིན་པ། ཤ་རྒྱས་ཤིང་བཞད་པའི་ཉམས་ཅན། ནུབ་བྱང་གི་རྩིབས་ལ་སྦྲུལ་གྱི་སྟེང་དུ། ས་ལས་སྤེན་པ་མིག་སྨན་ལྟར་གནག་པ། གཡས་པས་བགྲང་ཕྲེང་དང༌། གཡོན་པས་དབྱུ་གུ་གསུམ་པ་འཛིན་པ། འཇིགས་ཤིང་གཏུམ་པའི་གཟུགས་ཅན། བྱང་གི་རྩིབས་ལ་རྣམ་པར་འཁྱིལ་པའི་སྤྲིན་གྱི་སྟེང་དུ། རྃ་ལས་སྒྲ་གཅན་དམར་ནག་ཉི་མ་དང་ཟླ་བ་འཛིན་པ། ཁྲོ་ཞིང་བརྗིད་པའི་ཚུལ་ཅན། བྱང་ཤར་གྱི་རྩིབས་ལ་བྲག་རི་བརྩེགས་པའི་སྟེང་དུ་ཀྃ་ལས་ཀེའུ་སྐྱ་བསེངས་རལ་གྲི་དང་སྦྲུལ་ཞགས་འཛིན་པ། དྲག་པོའི་ཚུལ་ཅན་ཏེ་གཟའ་རྣམས་སོ། །དེའི་མུ་ཁྱུད་ལ་ཤར་དུ་སྨིན་དྲུག སྣར་མ། མགོ ལག ནབས་སོ། རྒྱལ། སྐག་བདུན་ནོ། །ལྷོའི་མུ་ཁྱུད་ལ། མཆུ། གྲེ། དབོ། མེ་བཞི། ནག་པ། ས་རི། ས་ག་བདུན་ནོ། །ནུབ་ཀྱི་མུ་ཁྱུད་ལ། ལྷ་མཚམས། སྣྲོན། སྣྲུབས། ཆུ་སྟོད། ཆུ་སྨད། བྱི་ཞུན། གྲོ་ཞུན་བདུན་ནོ། །བྱང་གི་མུ་ཁྱུད་ལ། མོན་གྲེ། མོན་གྲུ། ཁྲུམས་སྟོད། ཁྲུམས་སྨད། དམ་གྲུ། ཐ་སྐར། བྲ་ཉེ་བདུན་ནོ། །རྒྱུ་སྐར་དེ་དག་ནི་ལྷའི་གོས་ནང་ཚངས་ཅན་གྱི་སྟན་ལ་གནས་པ། ལྷའི་བུ་མོའི་གཟུགས་དང་ཆ་ལུགས་ཅན། ཁ་དོག་དང་མདངས་སྣ་ཚོགས་དང་ལྡན་ཞིང༌། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །སྒོ་བཞིར་རིན་པོ་ཆེའི་ཁྲིའི་སྟེང་དུ། ཤར་དུ་ཏྲི་ལས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༌། མ་ར་ཀ་ཏ་ལྟར་ལྗང་བ་ཕྱག་གཉིས་ཀྱིས་པི་ཝང་བསྒྲེང་བ། དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ལྷོར་བི་ལས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། ཨིནྡྲ་ནཱི་ལ་ལྟར་སྔོ་བ། ཕྱག་གཡས་པས་རལ་གྲི་འཛིན་ཅིང༌། གཡོན་པ་གདན་ལ་བརྟེན་པ། གྲུལ་བུམ་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནུབ་ཏུ་པྃ་ལས་རྒྱལ་པོ་ཆེན་པོ་མིག་མི་བཟང་པདྨ་རཱ་ག་ལྟར་དམར་བ། ཕྱག་གཡས་པས་སྦྲུལ་ཞགས་དང་གཡོན་པས་མཆོད་རྟེན་འཛིན་པ། ཀླུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བྱང་དུ་བཻ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གསེར་བཙོ་མ་ལྟར་སེར་བ། གཡས་པས་རིན་པོ་ཆེས་མཚན་པའི་དབྱུག་ཏོ་དང༌། གཡོན་པས་ནེའུ་ལེ་འཛིན་པ། གནོད་སྦྱིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་སྟེ་རྒྱལ་ཆེན་བཞིའོ། །ཐམས་ཅད་སྤྱི་བོས་ལྷ་མོ་ལྔ་ལ་འདུད་པར་བསྒོམ་པར་བྱའོ། །དེ་ནས་ལྷ་དེ་རྣམས་ཀྱི་དཔྲལ་བ་དང༌། མགྲིན་པ་དང༌། སྙིང་གའི་གནས་སུ་ཡི་གེ་གསུམ་དང༌། སྙིང་གི་ནང་དུ་པདྨ་དང་ཟླ་བ་ལ་གནས་པའི་སོ་སོའི་ཁ་དོག་དང་མཚུངས་པའི་ས་བོན་གྱི་ཡི་གེ་བསམས་ནས། དེ་དག་ལས་རྣམ་པ་སྣ་ཚོགས་པའི་འོད་ཟེར་ནམ་མཁའི་ཁམས་ཁྱབ་པར་སྤྲོས་པས། རང་བཞིན་གྱི་གནས་ནས་རང་གིས་བསྒོམས་པ་ལྟ་བུའི་དཀྱིལ་འཁོར་ལ་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ན་བཞུགས་པའི་སྲས་དང་འཁོར་དུ་བཅས་པའི་དེ་བཞིན་གཤེགས་པ་མ་ལུས་པས་ཡོངས་སུ་བསྐོར་བའི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་འགྱུར་བར་བསམ་མོ། །དེ་ནས་ཡང་ཡི་གེ་དེ་དག་ལས་སྔར་བསྟན་པའི་ཚུལ་གྱིས་འོད་ཟེར་དུ་མ་སྤྲོས་པས་དབང་བསྐུར་གྱི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ཏེ། ཡིད་ལས་བྱུང་བའི་མཆོད་པས་མངོན་པར་མཆོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱྃ། ཞེས་གསོལ་བ་བཏབ་པས། སངས་རྒྱས་དེ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་ཡེ་ཤེས་ཀྱི་ཆུས་དབང་བསྐུར་བས། ལྷ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་ཚོགས་ལ་དབང་བར་བྱས་ནས། ཆུ་ལྷག་མ་ཡར་ལུད་པས་རིགས་ཀྱི་བདག་པོ་ལྷ་མོ་ལྔ་ལ་རྡོ་རྗེ་སེམས་དཔའ་ལྔ། གཞན་ཐམས་ཅད་ལ་ཕྱག་ན་རྡོ་རྗེས་དབུ་ལ་བརྒྱན་པར་བསམ་མོ། །དེ་ལྟར་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ནམ། དབང་པོའི་གཞུ་ལྟ་བུ་དེ་ཉིད་ལ་ཡིད་རྩེ་གཅིག་ཏུ་མཉམ་པར་གཞག་པར་བྱའོ། །དེའི་རྗེས་སུ་ཤེས་པ་འཕྲོ་བར་གྱུར་ན། སྔགས་ཀྱི་བཟླས་པ་ལ་འཇུག་པར་བྱ་སྟེ། དེའང་སོ་སོའི་ཐུགས་ཀའི་ས་བོན་གྱི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་ཞིང་ཕྲེང་བ་དེ་དག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ལས་སོ་སོ་སྒྲུབ་པ་ལ་དམིགས་ནས་ལས་དང་རྗེས་སུ་འབྲེལ་བའི་ཕྲེང་བ་འཛིན་པས། གསང་སྔགས་འདི་དག་བཟླས་པར་བྱའོ། །དེའང༌། ཨོཾ་མ་ཎི་དྷཱ་རི་བཛྲཱི་ནི། མ་ཧཱ་པྲ་ཏི་སཱ་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། རྗེ་བཙུན་སོ་སོར་འབྲང་མ་ཆེན་མོའི་འོ། །ཨོཾ་ཨ་མྲྀ་ཏ་བ་ར་བ་ར་བ་ར་པྲ་བ་རེ་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྟོང་ཆེན་མོ་རབ་ཏུ་འཇོམས་མའི་འོ། །ཨོཾ་ཨ་མྲྀ་ཏ་བི་ལོ་ཀི་ནཱི། གརྦྷེ་སཾ་རཀྵ་ན། ཨཱ་ཀརྵ་ནི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། རྨ་བྱ་ཆེན་མོའི་འོ། །ཨོཾ་བི་མ་ལེ་བི་པཱུ་ལེ། ཛ་ཡ་བ་རེ་ཨ་མྲྀ་ཏེ་བི་ར་ཛེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གསང་སྔགས་རྗེས་སུ་འཛིན་མའི་འོ། །ཨོཾ་བྷ་ར་བྷ་ར་སྃ་བྷ་ར་སྃ་བྷ་ར། ཨིནྡྲཱ་ཡ་བ་ལ་བི་ཤོ་དྷ་ནི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བསིལ་བའི་ཚལ་ཆེན་མོའི་འོ། །འཁོར་གྱི་ལྷ་རྣམས་ཀྱི་སྔགས་ནི། ཨོཾ་ཨིནྡྲཱ་ཡ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་ཡ་མཱ་ཡ་སྭཱ་ཧཱ། ཨོཾ་ནཻར་རྀ་ཏྱ་ཡ་སྭཱ་ཧཱ། ཨོཾ་བ་རུ་ཎཱ་ཡ་སྭཱ་ཧཱ། ཨོཾ་བཱ་ཡ་བེ་སྭཱ་ཧཱ། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཨོཾ་ཨཱི་ཤ་ནཱ་ཡ་སྭཱ་ཧཱ། ཨོཾ་བྲཧྨ་ཎཱ་ཡ་སྭཱ་ཧཱ། ཨོཾ་པྲྀ་ཐྭཱི་ཡེ་སྭཱ་ཧཱ། ཕྱོགས་སྐྱོང་བ་རྣམས་ཀྱི་སྔགས་སོ། །ཨོཾ་མཻ་གྷོལྐཱ་ཡ་སྭཱ་ཧཱ། ཨོཾ་ཤཱི་ཏྃ་ཤ་བེ་སྭཱ་ཧཱ། ཨོཾ་རཀྟ་ཨཾ་ག་ཀུ་མཱ་རཱ་ཡེ་སྭཱ་ཧཱ། ཨོཾ་བུདྷཱ་ཡ་སྭཱ་ཧཱ། ཨོཾ་བྲི་ཧསྤ་ཏ་ཡེ་སྭཱ་ཧཱ། ཨོཾ་ཤུ་ཀྲཱ་ཡ་སྭཱ་ཧཱ། ཨོཾ་ཀྲྀཥྞ་ཝརྞཱ་ཡ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་པྲྀ་ཡཱ་ཡ་སྭཱ་ཧཱ། ཨོཾ་ཛྱཽ་ཏི་ཀེ་ཏ་བེ་སྭཱ་ཧཱ། གཟའ་རྣམས་ཀྱི་སྔགས་སོ། །ཨོཾ་ཀཱརྟི་ཀཱ་ཡཻ་སྭཱ་ཧཱ། ཨོཾ་རོ་ཧི་ཎ་ཡེ་སྭཱ་ཧཱ། ཨོཾ་མྲྀ་ག་ཤི་རཱ་སེ་སྭཱ་ཧཱ། ཨོཾ་ཨརྡཱ་ཡ་སྭཱ་ཧཱ། ཨོཾ་བུ་ནརྦ་ས་ཝེ་སྭཱ་ཧཱ། ཨོཾ་པུ་ཥྱཱ་ཡ་སྭཱ་ཧཱ། ཨོཾ་ཨ་ཤླེ་ཥཱ་ཡ་སྭཱ་ཧཱ། ཤར་གྱི་རྒྱུ་སྐར་བདུན་གྱི་སྔགས་སོ། །ཨོཾ་མ་གྷཱ་ཡཻ་སྭཱ་ཧཱ། ཨོཾ་པཱུ་ར་བ་ཕལྒུ་ན་ཡེ་སྭཱ་ཧཱ། ཨོཾ་ཨུཏྟར་ཕལྒུ་ན་ཡེ་སྭཱ་ཧཱ། ཨོཾ་ཧསྟཱ་ཡཻ་སྭཱ་ཧཱ། ཨོཾ་ཙི་ཏྲཱ་ཡ་སྭཱ་ཧཱ། ཨོཾ་སྭ་སྟི་ཡེ་སྭཱ་ཧཱ། ཨོཾ་བི་ཤཱ་ཁཱ་ཡ་སྭཱ་ཧཱ། ལྷོའི་རྒྱུ་སྐར་བདུན་གྱི་སྔགས་སོ། །ཨོཾ་ཨ་ནུ་རཱ་དྷཱ་ཡ་སྭཱ་ཧཱ། ཨོཾ་ཛྱེ་ཥྛཱ་ཡ་སྭཱ་ཧཱ། ཨོཾ་མཱུ་ལཱ་ཡ་སྭཱ་ཧཱ། ཨོཾ་པཱུརྦ་ཥཱ་ཌྷཱ་ཡ་སྭཱ་ཧཱ། ཨོཾ་ཨུཏྟ་རཀྵ་ཌྷཱ་ཡ་སྭཱ་ཧཱ། ཨོཾ་ཤྲ་ཝ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཨ་བྷི་ཛི་ཏཱ་ཡ་སྭཱ་ཧཱ། ནུབ་ཀྱི་རྒྱུ་སྐར་རྣམས་ཀྱི་སྔགས་སོ། །ཨོཾ་དྷ་ནིཥྛཱ་ཡ་སྭཱ་ཧཱ། ཨོཾ་ཤ་ཏཱ་བྷི་ཥཱ་ཡ་སྭཱ་ཧཱ། ཨོཾ་པཱུརྦ་བྷ་དྲཱ་པ་དཱ་ཡཻ་སྭཱ་ཧཱ། ཨོཾ་ཨུཏྟར་གྷ་དྲ་པ་དཱ་ཡཻ་སྭཱ་ཧཱ། ཨོཾ་རེ་ཝ་ཏཱི་ཡེ་སྭཱ་ཧཱ། ཨོཾ་ཨ་ཤྭི་ན་ཡེ་སྭཱ་ཧཱ། ཨོཾ་བྷ་ར་ཎཱི་ཡེ་སྭཱ་ཧཱ། བྱང་གི་བདུན་ཏེ་རྒྱུ་སྐར་རྣམས་ཀྱི་སྔགས་སོ། །ཨོཾ་དྷྲྀ་ཏ་རཱཥྚཱ་ཡ་སྭཱ་ཧཱ། ཨོཾ་བི་རུ་ཊ་ཀཱ་ཡ་སྭཱ་ཧཱ། ཨོཾ་བི་རུ་པཀྵཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲཱ་བ་ཎཱ་ཡ་སྭཱ་ཧཱ། རྒྱལ་པོ་ཆེན་པོ་བཞིའི་སྔགས་སོ། །གསང་སྔགས་ཀྱི་ཚིག་འདི་དག་མི་སྐྱོའི་བར་དུ་བཟླས་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་ལ། ཕྱིའི་དཀྱིལ་འཁོར་ལ་སོགས་པའི་ཆོ་ག་ལ་འཇུག་ན། ལྷ་མོ་བཞི་དང་བཅས་པའི་འཁོར་ཐམས་ཅད་རང་ལ་བསྡུས་ཏེ། རང་ཉིད་གཙོ་མོ་འབའ་ཞིག་གི་ང་རྒྱལ་གྱིས་ཆོ་ག་རྣམས་བྱའོ། །སྐབས་སུ་བབ་པའི་ཆོ་ག་རྣམས་རྫོགས་པའི་མཐར། ཡེ་ཤེས་པ་རང་ལས་ཕྱེ་ནས་མདུན་དུ་བཞུགས་པ་ལ་དངོས་སུ་འབྱོར་པའམ། ཡིད་ཀྱིས་སྤྲུལ་པས་མཆོད་ཅིང་བསྟོད་ལ་འདོད་པའི་དོན་གསོལ་བ་བཏབ་ནས་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོས་ལ་བཟོད་པར་གསོལ་ནས། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ། ཙིཏྟ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨ། ཞེས་གསུམ་མམ་བདུན་བརྗོད་པས་ཆོ་ག་ལྷག་ཆད་ཁ་བསྐངས་ནས། ཨོཾ་བཛྲ་མུཿཞེས་བརྗོད་པས་གཤེགས་སུ་གསོལ་ལ། རང་གི་གནས་གསུམ་བསྲུངས་ནས་དམ་ཚིག་པའི་ཚུལ་གྱིས་ཐུན་མཚམས་ཀྱི་ཀུན་དུ་སྤྱོད་པ་རྣམས་ཆོ་ག་བཞིན་བྱའོ། །བདག་བསྐྱེད་ཀྱི་བསྒོམ་པ་དང༌། བཟླས་པའི་ཚུལ་ལའང༌། ལྷ་ཐམས་ཅད་ཡོངས་སུ་རྫོགས་པར་བསྒོམ་པ་རྒྱས་པ་དང༌། རིག་པའི་རྒྱལ་མོ་ལྔ་བསྒོམ་པ་འབྲིང་དང༌། གཙོ་མོ་འབའ་ཞིག་བསྒོམ་པ་ནི་བསྡུས་པ་སྟེ་རིམ་པ་གསུམ་དུ་ཤེས་པར་བྱའོ། །དེ་དག་གིས་ནི་མངོན་པར་རྟོགས་པའི་རིམ་པ་བསྟན་ཟིན་ཏོ། །རང་དང་གཞན་གྱི་དོན་བསྒྲུབ་པའི་ཕྱིར། ཆོ་གའི་རིམ་པ་ལས་ཀྱི་ཡན་ལག་དུ་མ་དང་བཅས་པ་ནི་གཞན་དུ་ཤེས་པར་བྱའོ། །འདིའི་གཟུངས་རྣམས་བྱ་བའི་རྒྱུད་ཀྱི་ཁོངས་སུ་འདུ་ཞིང་དེ་དག་གི །སྣ་ཚོགས་ཆོ་གའི་ལས་ཀྱི་རིམ་པ་སོ་སོར་གནས་མོད་དེ་ལྟ་ནའང༌། །བླ་མ་བརྒྱུད་པའི་མན་ངག་རིམ་པས་རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །ལྷ་མོ་རྣམ་ལྔ་བསྡུས་པའི་སྒྲུབ་ཐབས་ཁོ་བོས་དེང་འདིར་བསྟན་ཟིན་ཏོ། །དགེ་བ་གང་ཞིག་ནམ་མཁའི་ངོས་ལྟར་རྒྱ་ཆེར་ཡངས་པ་གང་བསྐྲུན་པས། །སྡུག་བསྔལ་རྦ་ཀློང་རྣམ་པར་འཁྲུགས་པའི་སྲིད་པའི་མཚོ་ལས་འགྲོ་བ་ཀུན། །རབ་ཏུ་བསྒྲལ་ནས་ཡོན་ཏན་ནོར་བུས་རྣམ་པར་བཀྲ་བ་ཐར་པ་ཡི། །གླིང་མཆོག་དམ་པར་སྟོབས་བཅུའི་སྟོབས་ལྡན་བསྙེངས་བྲལ་མཆོག་ལ་འགོད་པར་ཤོག །བསྲུང་བ་ལྔའི་སྒྲུབ་པའི་ཐབས་འདི་ནི་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་རྡུལ་སྤྱི་བོས་ལེན་པའི་དགེ་སློང་འཕགས་པ་ཞེས་བྱ་བས། ཤིང་མོ་ཡོས་བུའི་ལོ་གདུ་བུའི་ཟླ་བ་ལ་སྦྱར་བ་རྫོགས་སོ། །མངོན་པར་རྟོགས་པ་སྟེ་གཉིས་པའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*