བསྟོད་པ།

༼བ༽

༄༅། །བསྟོད་པ་བཞུགས།།

༄༅། །བསྲུང་བ་ལྔའི་ལྷ་མོ་ལ་བསྟོད་པ་ཞེས་བྱ་བ། རྗེ་བཙུན་རིག་པའི་རྒྱལ་མོ་རྣམས་ལ་ཕྱག་འཚལ་ལོ། །འགྲོ་ཀུན་དགའ་མཛད་ཐུགས་རྗེའི་རྒྱལ་མཚན་རྩེར། །ཡོན་ཏན་ནོར་བུ་གདུལ་བྱའི་དཔལ་གྱུར་པ། །བླ་མ་བཟང་པོའི་ཞབས་ལ་གུས་བཏུད་དེ། །རིག་པའི་རྒྱལ་མོ་རྣམས་ལ་བསྟོད་པར་བགྱི། །གཟུགས་ཕུང་གནས་གྱུར་གཏི་མུག་རྣམ་དག་པ། །མེ་ལོང་ཡེ་ཤེས་རང་བཞིན་ལྷ་མོའི་སྐུ། །རྒྱལ་བ་ཀུན་གྱི་སྐུ་ཡི་རིགས་ལས་བྱུང༌། །སོ་སོར་འབྲང་མའི་ཞབས་ལ་ཕྱག་འཚལ་ལོ། །སྟོན་ཟླ་ལྟར་གསལ་ཞལ་བཞི་ཕྱག་བརྒྱད་མ། །གཡས་ཞལ་ཆར་སྤྲིན་ལྟ་བུར་ཆེར་གནག་ཅིང༌། །རྒྱབ་ཞལ་གསེར་མདོག་གཡོན་ཞལ་ཛ་བའི་མདངས། །གཙུག་ཏོར་མཆོད་རྟེན་གྱིས་བརྒྱན་ཕྱག་འཚལ་ལོ། །རིན་ཆེན་གྱིས་སྤྲས་བཅུ་དྲུག་ལོན་པའི་ཚུལ། །འཁོར་ལོ་རྡོ་རྗེ་མདའ་དང་རལ་གྲི་གཡས། །ཞགས་པ་རྩེ་གསུམ་གཞུ་དང་དགྲ་སྟ་རྣམས། །གཡོན་གྱི་ཕྱག་ན་བསྣམས་ལ་ཕྱག་འཚལ་ལོ། །གདོང་བཞི་ཞི་བ་དགའ་བྱེད་གོས་སེར་ཅན། །མཁའ་ལྡིང་ཀླུ་དབང་གནོན་སྦྱིན་དྲི་ཟ་དང༌། །མིའམ་ཅི་ཡི་ཚོགས་ཀྱིས་གུས་མཆོད་མ། །བྱང་ཆུབ་ཤིང་དྲུང་བཞུགས་ལ་ཕྱག་འཚལ་ལོ། །ཉོན་མོངས་ཞགས་པའི་འཆིང་བ་གཅོད་མཛད་ཅིང༌། །གཞན་གྱི་སྔགས་དང་ཕྱག་རྒྱ་རྫས་སྦྱོར་དང༌། །བྱད་སྟེམས་འབྱེད་དང་དྲག་ཤུལ་ལས་རྣམས་ཀུན། །རབ་ཏུ་འཇོམས་མ་ཁྱོད་ལ་ཕྱག་འཚལ་ལོ། །དཀོན་མཆོག་མཆོད་ལ་མངོན་པར་བརྩོན་པ་དང༌། །བརྩེ་བས་གཞན་དོན་གཅིག་ཏུ་ལྷུར་ལེན་ཞིང༌། །ཐེག་པ་མཆོག་གི་བརྟུལ་ཞུགས་འཛིན་པ་རྣམས། །ཡོངས་སུ་སྐྱོང་བ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་ཤེས་གནས་གྱུར་ཞེ་སྡང་རྣམ་དག་པ། །ཆོས་དབྱིངས་ཡེ་ཤེས་རང་བཞིན་ལྷ་མོའི་སྐུ། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་རིགས་ལས་བྱུང༌། །སྟོང་ཆེན་རབ་འཇོམས་ཞབས་ལ་ཕྱག་འཚལ་ལོ། །ནམ་མཁའི་མདངས་ལྡན་ཞལ་བཞི་ཕྱག་བརྒྱད་མ། །གཡས་ཞལ་ཀུནྡ་ལྟར་དཀར་རྒྱབ་ཞལ་སེར། །གཡོན་ཞལ་ལྗང་ཞིང་ཞལ་རེར་སྤྱན་གསུམ་ལྡན། །རྔམ་པའི་སྒྲ་དབྱངས་སྒྲོགས་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལྕགས་ཀྱུ་མདའ་དང་རལ་གྲི་གཡས། །ཞགས་པ་དང་བཅས་སྡིགས་མཛུབ་དགྲ་སྟ་གཞུ། །རིན་ཆེན་འབར་བ་གཡོན་པའི་ཕྱག་ན་བསྣམས། །སྟག་དང་སྦྲུལ་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །ཉི་མར་རོལ་པས་བགེགས་དང་འབྱུང་པོ་མནན། །མ་མོ་བདུན་དང་སྲིན་མོ་ཤ་ཟ་མོ། །གནོད་སྦྱིན་མོ་རྣམས་རབ་ཏུ་སྐྲག་མཛད་པ། །ཏཱ་ལའི་ཤིང་དྲུང་བཞུགས་ལ་ཕྱག་འཚལ་ལོ། །རླུང་དང་བད་ཀན་མཁྲིས་པའི་ནད་སེལ་ཞིང༌། །ཐོག་དང་སེར་བ་རླུང་སོགས་གནོད་པ་འཇོམས། །དུས་མིན་འཆི་བ་ངེས་པར་ཟློག་མཛད་པ། །འཇིགས་བྱེད་ཁྲོ་མོའི་ཞབས་ལ་ཕྱག་འཚལ་ལོ། །ཚོར་བ་གནས་གྱུར་སེར་སྣ་རྣམ་དག་པ། །མཉམ་ཉིད་ཡེ་ཤེས་རང་བཞིན་ལྷ་མོའི་སྐུ། །རྒྱལ་བ་ཀུན་གྱི་ཡོན་ཏན་རིགས་ལས་བྱུང༌། །རྨ་བྱ་ཆེན་མོའི་ཞབས་ལ་ཕྱག་འཚལ་ལོ། །གསེར་བཟངས་མདོག་མཚུངས་ཞལ་གསུམ་ཕྱག་བརྒྱད་མ། །གཡས་ཞལ་མིག་སྨན་ལྟར་གནག་གཡོན་པ་དམར། །པདྨ་ཟླ་བར་སེམས་དཔའི་སྐྱིལ་ཀྲུང་བཞུགས། །སྣ་ཚོགས་རྒྱན་གྱིས་སྤྲས་ལ་ཕྱག་འཚལ་ལོ། །མཆོག་སྦྱིན་བུམ་པ་འཁོར་ལོ་རལ་གྲི་གཡས། །དགེ་སློང་དང་བཅས་ལྷུང་བཟེད་རྨ་བྱའི་སྒྲོ། །སྣ་ཚོགས་རྡོ་རྗེས་མཚན་པའི་བུམ་པ་དང༌། །རྒྱལ་མཚན་གཡོན་པས་བསྣམས་ལ་ཕྱག་འཚལ་ལོ། །བདེན་པ་གྲུབ་པའི་དྲང་སྲོང་རྣམས་ཀྱིས་མཆོད། །སྲིན་མོའི་ཚོགས་འཇོམས་ཀླུ་རྣམས་སྐྲག་མཛད་ཅིང༌། །ལྷ་མ་ཡིན་རྣམས་ཀུན་ཏུ་རྨོངས་བྱེད་པ། །མྱ་ངན་མེད་པའི་ཤིང་དྲུང་བཞུགས་ལ་འདུད། །བརྟན་དང་གཡོ་བའི་དུག་རྣམས་རབ་འཇོམས་ཤིང༌། །དམོད་པའི་མདའ་དང་འཁྲུལ་འཁོར་འཇིག་པར་བྱེད། །སྒྲུབ་པོ་དྲི་མེད་བདེ་ལ་འགོད་མཛད་པ། །རིག་སྔགས་རྒྱལ་མོའི་ཞབས་ལ་ཕྱག་འཚལ་འདུད། །འདུ་ཤེས་གནས་གྱུར་འདོད་ཆགས་རྣམ་དག་པ། །ཀུན་རྟོག་ཡེ་ཤེས་རང་བཞིན་ལྷ་མོའི་སྐུ། །རྒྱལ་བ་ཀུན་གྱི་གསུང་གི་རིགས་ལས་བྱུང༌། །གསང་སྔགས་རྗེས་སུ་འཛིན་ལ་ཕྱག་འཚལ་ལོ། །པདྨ་རཱ་གའི་མདངས་ལྡན་ཞལ་གསུམ་མ། །གཡས་གནག་གཡོན་པ་ཀུནྡ་ཟླ་བའི་མདོག །སྤྱན་གསུམ་པདྨ་རྒྱས་འདྲས་འགྲོ་ལ་གཟིགས། །རིན་ཆེན་རྒྱན་གྱིས་མཛེས་ལ་ཕྱག་འཚལ་ལོ། །བཅུ་གཉིས་ཕྱག་གི་དང་པོ་ཆོས་འཆད་ཚུལ། །གཉིས་པ་མཉམ་གཞག་མཆོག་སྦྱིན་མི་འཇིགས་སྦྱིན། །རྡོ་རྗེ་མདའ་གཡས་གཡོན་པ་སྡིགས་མཛུབ་ཞགས། །བུམ་པ་སྙེ་མ་གཞུ་ཡིས་བྲེལ་ལ་འདུད། །འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཞབས་མཆོད་ཅིང༌། །རྒྱལ་ཆེན་བཞི་ཡིས་རྟག་ཏུ་རིམ་གྲོར་བྱེད། །རིག་པ་འཛིན་པ་རྣམས་ཀྱིས་གུས་བཏུད་པ། །ཤིར་ཤིའི་ཤིང་དྲུང་བཞུགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་སྒྱུ་མའི་སྤྲུལ་པས་རྣམ་རོལ་ཞིང༌། །སྔགས་ཀྱི་སྦྱོར་བས་འགྲོ་བ་ཡོངས་སུ་འཛིན། །ལྷ་དང་ལྷ་མིན་ཀླུ་དབང་ཚོགས་རྣམས་ཀུན། །དབང་དུ་མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །འདུ་བྱེད་གནས་གྱུར་ཕྲག་དོག་རྣམ་དག་པ། །བྱ་གྲུབ་ཡེ་ཤེས་རང་བཞིན་ལྷ་མོའི་སྐུ། །རྒྱལ་བ་ཀུན་གྱི་ཕྲིན་ལས་རིགས་ལས་བྱུང༌། །བསིལ་བའི་ཚལ་གྱི་ཞབས་ལ་ཕྱག་འཚལ་ལོ། །ཞལ་གསུམ་ཕྱག་དྲུག་མརྒད་མདོག་མཚུངས་པ། །གཡས་དཀར་གཡོན་ཞལ་ཀརྞི་ཀ་ཡི་མདོག །རིན་ཆེན་འོད་འཕྲོ་དུ་མས་རྣམ་པར་བརྒྱན། །སྒེག་པའི་ཚུལ་འཆང་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་གཡས་མི་འཇིགས་སྦྱིན་དང་རྡོ་རྗེ་མདའ། །གཡོན་པས་ཞགས་པ་དང་བཅས་སྡིགས་མཛུབ་དང༌། །རིན་ཆེན་རྒྱལ་མཚན་དང་ནི་གནམ་རུ་འཛིན། །དཔའ་མོ་དགྱེས་དགུར་སྤྱོད་ལ་ཕྱག་འཚལ་ལོ། །ལྷ་དང་གྲུབ་པ་རིག་འཛིན་གྱིས་མཆོད་ཅིང༌། །སྨྱོ་བྱེད་བརྗེད་བྱེད་ལ་སོགས་འབྱུང་པོའི་ཚོགས། །ཀུན་ཏུ་སྐྲག་མཛད་བྱ་ཡི་གདོན་རྣམས་འཇོམས། །ཙམ་པའི་ཤིང་དྲུག་པ་ཞུགས་ལ་ཕྱག་འཚལ་ལོ། །ཞི་དང་རྒྱས་དང་དབང་དང་དགུག་པ་དང༌། །བསྐྲད་དང་དབྱེ་དང་གསད་ལ་སོགས་པ་ཡི། །ལས་རྣམས་ཐམས་ཅད་སོ་སོར་སྩོལ་མཛད་པ། །དོན་ཀུན་སྒྲུབ་བྱེད་མ་ལ་ཕྱག་འཚལ་ལོ། །མཆོག་ཏུ་དད་པའི་ཡིད་ཀྱིས་བསྐུལ་གྱུར་ནས། །རབ་ཏུ་བསྔགས་པའི་སྒྲ་དབྱངས་བསྒྲགས་པ་ལས། །ཉེ་བར་བསྐྲུན་པའི་དགེ་བའི་རྩ་བ་དེས། །བསྟོད་བྱའི་ཡོན་ཏན་བདག་ལ་རྫོགས་གྱུར་ཅིག །གང་གིས་ཚུལ་འདིས་རྟག་ཏུ་བསྟོད་བྱེད་ན། །དེ་ཡི་རྒྱུད་ལ་ལྷ་མོ་དེ་དག་གི །ཡེ་ཤེས་གཟིགས་པའི་དམ་པ་འཇུག་གྱུར་ཅིང༌། །ཕྱོགས་རྣམས་ཀུན་ལ་རྟག་ཏུ་རྒྱལ་བར་འགྱུར། །བསྟོད་ཚིག་འདི་ནི་བློ་གྲོས་རྒྱལ་མཚན་དཔལ། །བཟང་པོས་མེ་སྦྲུལ་ནག་པའི་ཟླ་བ་ཡི། །ཚེས་བཅུའི་ཉིན་པར་མི་དབང་ག་པ་ལའི། །ཕོ་བྲང་ཆེན་པོར་ལེགས་པར་སྦྱར་བའོ། །ལྷ་མོ་ལྔའི་བསྟོད་པ་སྟེ་གསུམ་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*