གཟའ་སྐར་གྱི་གཏོར་མ།

༼བ༽

༄༅། །གཟའ་སྐར་གྱི་གཏོར་མ་བཞུགས།།

༄༅། །གཟའ་དང་རྒྱུ་སྐར་ལ་མཆོད་ཅིང་གཏོར་མ་ཕུལ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །གཟའ་གང་དག་རྒྱུ་སྐར་རྣམས་ཀྱི་ཁྲོད་ན་རྒྱུ་ཞིང་འགྲིབ་པ་དང༌། འཕེལ་བ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། ལོ་ལེགས་པ་དང༌། ལོ་ཉེས་པ་དག་ཀྱང་སྟོན་པ་རྣམས་འདི་ལྟ་སྟེ། གཟའ་ཉི་མ་དང༌། གཟའ་ཟླ་བ་དང༌། གཟའ་ཕུར་བུ་དང༌། གཟའ་པ་ཝ་སངས་དང༌། གཟའ་སྤེན་པ་དང༌། གཟའ་མིག་དམར་དང༌། གཟའ་ལྷག་པ་དང༌། གཟའ་ལྷ་མིན་དབང་པོ་སྒྲ་གཅན་དང༌། གཟའ་དུ་བ་མཇུག་རིངས་སོ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ནི། །དེ་ལྟར་ཕྱོགས་ན་བདུན་བདུན་ནོ། །སྐར་མ་གཟའ་བདུན་དེ་བཞིན་ཏེ། །རྫུ་འཕྲུལ་ཆེ་ཞིང་དཀའ་ཐུབ་ཆེ། །ཉི་མ་དང་ནི་ཟླ་བ་དང༌། །སུམ་ཅུ་རྩ་བདུན་ཚང་བ་དག །འཆར་བ་དང་ནི་ནུབ་པ་ན། །འཁོར་ལོ་མཚོན་ཆ་བཞིན་དུ་རྒྱུ། །འཇིག་རྟེན་དུ་ནི་ཟད་འཕེལ་བྱེད། །གཟི་ཆེ་རྫུ་འཕྲུལ་ཆེན་པོ་དག །རབ་ཏུ་དང་བའི་སེམས་ཀྱིས་སུ། །རིག་སྔགས་རྗེས་སུ་ཡི་རང་བྱོས། །དེ་དག་གིས་ཀྱང་མིང་འདི་ཞེས་བྱ་བ་ལ་བསྲུང་བགྱིས་ཤིག ལོ་བརྒྱ་འཚོ་བར་གྱུར་ཅིག སྟོན་བརྒྱ་མཐོང་བར་ཤོག་ཤིག རྒྱུ་སྐར་གང་དག་ནམ་མཁའ་ལ་རྒྱུ་ཞིང་སྣང་བར་བྱེད་པ་རྣམས་འདི་ལྟ་སྟེ། སྨིན་དྲུག་དང་ནི་སྣར་མ་དང༌། །མགོ་དང་ལག་དང་ནམ་སོ་དང༌། །རྒྱལ་ནི་བཀྲ་ཤིས་ཕུན་སུམ་ཚོགས། །དེ་བཞིན་སྐག་སྟེ་བདུན་པ་ཡིན། །དེ་ལྟར་རྒྱུ་སྐར་བདུན་པོ་འདི་དག་ནི། །ཤར་གྱི་སྒོ་ན་གནས་པ་དག་སྟེ། གང་དག་ཤར་ཕྱོགས་བསྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དག་གོ །དེ་དག་གིས་ཀྱང་མིང་འདི་ཞེས་བྱ་བ་ལ་བསྲུང་བར་གྱིས་ཤིག ལོ་བརྒྱ་འཚོ་བར་གྱུར་ཅིག སྟོན་བརྒྱ་མཐོང་བར་ཤོག་ཤིག མཆུ་ནི་མི་མཛའ་འཇོམས་པ་དང༌། །དེ་བཞིན་གྲེ་དང་དབོ་གཉིས་དང༌། །མེ་བཞི་ནག་པ་ས་རི་དང༌། །ས་ག་སྟེ་ནི་བདུན་པ་ཡིན། །དེ་ལྟར་རྒྱུ་སྐར་བདུན་པོ་འདི་དག་ནི་ལྷོ་ཕྱོགས་ཀྱི་སྒོ་ན་གནས་པ་དག་སྟེ། གང་དག་ལྷོ་ཕྱོགས་བསྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དག་གོ །དེ་དག་གིས་ཀྱང་མིང་འདི་ཞེས་བྱ་བ་ལ་བསྲུང་བ་གྱིས་ཤིག ལོ་བརྒྱ་འཚོ་བར་གྱུར་ཅིག སྟོན་བརྒྱ་མཐོང་བར་ཤོག་ཤིག ལྷ་མཚམས་གཟི་བརྗིད་ཆེན་པོ་དང༌། །དེ་བཞིན་སྣྲོན་དང་སྣྲུབས་དང་ནི། །ཆུ་སྟོད་དང་ནི་ཆུ་སྨད་དང༌། །དེ་ལྟར་བྱི་བཞིན་གྲོ་བཞིན་དང༌། །དེ་ལྟར་རྒྱུ་སྐར་བདུན་པོ་འདི་དག་ནི་ནུབ་ཕྱོགས་ཀྱི་སྒོ་ན་གནས་པ་དག་སྟེ། གང་དག་ནུབ་ཕྱོགས་བསྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དག་གོ །དེ་དག་གིས་ཀྱང་མིང་འདི་ཞེས་བྱ་བ་ལ་བསྲུང་བ་གྱིས་ཤིག ལོ་བརྒྱ་འཚོ་བར་གྱུར་ཅིག སྟོན་བརྒྱ་མཐོང་བར་ཤོག་ཤིག མོན་གྲུ་དང་ནི་མོན་གྲེ་དང༌། །དེ་བཞིན་ཁྲུམས་སྟོད་ཁྲུམས་སྨད་དང༌། །ནམ་གྲུ་དང་ནི་ཐ་སྐར་དང༌། །བྲ་ཉེ་སྟེ་ནི་བདུན་པ་ཡིན། །དེ་ལྟར་རྒྱུ་སྐར་བདུན་པོ་འདི་དག་ནི། བྱང་ཕྱོགས་ཀྱི་སྒོ་ན་གནས་པ་དག་སྟེ། གང་དག་བྱང་ཕྱོགས་བསྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དག་གོ །དེ་དག་གིས་ཀྱང་མིང་འདི་ཞེས་བྱ་བ་ལ་བསྲུང་བ་གྱིས་ཤིག ལོ་བརྒྱ་འཚོ་བར་གྱུར་ཅིག སྟོན་བརྒྱ་མཐོང་བར་ཤོག་ཤིག གཟའ་སྐར་གྱི་གཏོར་མ་དང་གསོལ་བ་བཏབ་པ་སྟེ་དྲུག་པའོ།།  །།དེ་ནས་སྨན་དང་འབྲས་བུས་བརྒྱན་པའི་དཀར་གཏོར་གཉིས་དང༌། དམར་གཏོར་ལྔ་བཤམས་ནས་དཀར་གཏོར་དང་པོ་བྱིན་གྱིས་བརླབས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །རྒྱལ་པོ་ཆེན་པོ་བཞིའི་ལམ་དང༌། ལམ་མ་ཡིན་པ་ན་གནས་པ་བཞི་ཡོད་དེ། དེ་དག་ཀྱང་གང་ཞེ་ན་འདི་ལྟ་སྟེ། བཀྲ་ཤིས་ལྡན་དང༌། ཀུན་བཤེས་དང༌། གང་པོ་དང༌། དགའ་བའི་དཔལ་རྣམས་ཏེ། གང་དེ་དག་གི་མིང་ཤེས་པ་དང༌། རུས་ཤེས་པ་དེ་ལ་ནི། རྒྱལ་པོའི་འཇིགས་པ་མི་འབྱུང་ངོ༌། །ཆོམ་རྐུན་གྱི་འཇིགས་པ་དང༌། མེའི་འཇིགས་པ་དང༌། ཆུའི་འཇིགས་པ་དང༌། མིའི་འཇིགས་པ་དང༌། མི་མ་ཡིན་པའི་འཇིགས་པ་མི་འབྱུང་ངོ༌། །དེ་བས་ན་མིང་འདི་ཞེས་བྱ་བའི་ཕྱིར། བཀྲ་ཤིས་ལྡན་དང༌། ཀུན་བཤེས་དང༌། གང་པོ་དང༌། དགའ་བའི་དཔལ་ལ་གསོལ་ལོ། །གསོལ་བ་འདེབས་སོ། །ཞེས་བརྗོད་ནས་གཏོར་མ། ན་མ་སརྦ་ཏ་ཐཱ་ག་ཏས་ཕུལ་ལ་ཡང་འདི་སྐད་ཅེས། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས། མིང་འདི་ཞེས་བྱ་བ་ལ་བསྲུང་བ་གྱིས་ཤིག ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་བཟློག་པར་གྱིས་ཤིག དཀར་གཏོར་གཉིས་པ་བྱིན་གྱིས་བརླབས་ལ་འདི་སྐད་ཅེས། ལག་ན་རྡོ་རྗེའི་བུ་ཕོ་ལག་མྱུར་ཞེས་བྱ་བ། གྲོང་ཁྱེར་ཁོར་ཡུག་ཅེས་བྱ་བ་ན་གནས་པ་ཡོད་དེ། གང་དེའི་མིང་ཤེས་པ་དང༌། རུས་ཤེས་པ་དེ་ལ་ནི་དེས་སྲུང་བར་བྱེད། ཡོངས་སུ་སྐྱོབ་པར་བྱེད། ཡོངས་སུ་འཛིན་པར་བྱེད། ཆད་པ་ཟློག་པར་བྱེད། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བྱེད་དོ། །དེ་བས་ན་མིང་འདི་ཞེས་བྱ་བའི་ཕྱིར། ལག་ན་རྡོ་རྗེའི་བུ་ཕོ་ལག་མྱུར་ལ་གསོལ་ལོ། །གསོལ་བ་འདེབས་སོ། །ཞེས་བརྗོད་ནས་གཏོར་མ་ཕུལ་ལ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས། མིང་འདི་ཞེས་བྱ་བ་ལ་བསྲུང་བ་གྱིས་ཤིག ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་བཟློག་པར་གྱིས་ཤིག དམར་གཏོར་གཅིག་བྱིན་གྱིས་བརླབས་ལ་འདི་སྐད་ཅེས། སྲིན་མོ་ཆེན་མོ་བཅུ་བཞི་ཡོད་དེ། དེ་དག་ནི་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་ཞུགས་པ་ན་ཡང་སྲུང་སྲུང༌། བལྟམས་པའི་ཚེ་ན་ཡང་སྲུང་སྲུང༌། བལྟམས་ཟིན་པའི་འོག་ཏུ་ཡང་སྲུང་སྲུང༌། སྐུ་འཁྲུངས་པ་ན་ཡང་སྲུང་སྲུང་སྟེ། བཅུ་བཞི་གང་ཞེ་ན་འདི་ལྟ་སྟེ། སྟོབས་ལྡན་དང༌། དྲི་མ་མེད་དང༌། སྒྲ་ཆེན་དང༌། རབ་མཉེན་དང༌། འཇིགས་བྱེད་མ་དང༌། འཛམ་བུ་མགྲིན་དང༌། མཆོག་ལེན་དང༌། བླ་མ་དང༌། གྲགས་མ་དང༌། རྨད་གྲགས་དང༌། འཐབ་དགའ་མ་དང༌། རྩེད་མོ་དགའ་དང༌། ས་འཛིན་དང༌། འཐབ་འཇུག་གོ །གང་དེ་དག་གི་མིང་ཤེས་པ་དང༌། རུས་ཤེས་པ་དེ་ལ་ནི། དེ་དག་གིས་སྲུང་བར་བྱེད། ཡོངས་སུ་སྐྱོབ་པ་དང༌། ཡོངས་སུ་འཛིན་པར་བྱེད། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བྱེད་དོ། །དེ་བས་ན་མིང་འདི་ཞེས་བྱ་བའི་ཕྱིར་དེ་དག་ལ་གསོལ་ལོ། །གསོལ་བ་འདེབས་སོ། །ཞེས་བརྗོད་ལ་གཏོར་མ་ཕུལ་ལ་འདི་སྐད་ཅེས་བརྗོད་དོ། །འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས། མིང་འདི་ཞེས་བྱ་བ་ལ་བསྲུང་བར་གྱུར་ཅིག ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་བཟློག་པར་གྱིས་ཤིག ཡང་དམར་གཏོར་གཅིག་བྱིན་གྱིས་བརླབས་ལ་འདི་སྐད་ཅེས། སྲིན་མོ་བརྒྱད་ཡོད་དེ། དེ་དག་ནི་སྐྱེས་པ་དང༌། བུད་མེད་དེ་དག་གཉིད་ལོག་ཀྱང་རུང༌། མ་ལོག་ཀྱང་རུང་སྟེ། གཟི་བརྗིད་འཕྲོག་པར་བྱེད་དོ། །དེ་དག་གང་ཞེ་ན་འདི་ལྟ་སྟེ། རྭ་དང༌། ཐུབ་མེད་དང༌། ངན་སློབ་དང༌། ཕྲ་མ་ཅན་དང༌། བྲན་མོ་དམར་མོ་དང༌། རབ་ཆེན་དང༌། མིག་བཟང་དང༌། བརྒྱད་པ་སྟེ་འཇིགས་བྱེད་དོ། །གང་དེ་དག་གི་མིང་ཤེས་པ་དང༌། རུས་ཤེས་པ་དེ་ལ་ནི་དེ་དག་གིས་སྲུང་བར་བྱེད། ཡོངས་སུ་སྐྱོབ་པ་དང༌། ཡོངས་སུ་འཛིན་པ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་ཆད་པ་ཟློག་པར་བྱེད་དོ། །དེ་བས་ན་མིང་འདི་ཞེས་བྱ་བའི་ཕྱིར་དེ་དག་ལ་གསོལ་ལོ། །གསོལ་བ་འདེབས་སོ། །ཞེས་བརྗོད་ལ་གཏོར་མ་ཕུལ་ལ་འདི་སྐད་ཅེས་བརྗོད་དོ། །འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས། མིང་འདི་ཞེས་བྱ་བ་ལ་བསྲུང་བར་གྱིས་ཤིག ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་བཟློག་པར་གྱིས་ཤིག ཡང་དམར་གཏོར་གཅིག་བྱིན་གྱིས་བརླབས་ལ་འདི་སྐད་ཅེས་སྲིན་མོ་བདུན་ཡོད་དེ། དེ་དག་ནི་ཁྲག་གི་དྲི་མ་ནམ་ནས་དཔག་ཚད་བརྒྱར་ཡང་རྒྱུག་གོ །དེ་དག་ཀྱང་གང་ཞེ་ན་འདི་ལྟ་སྟེ། གཟི་བརྗིད་མཆོག་དང༌། དགའ་བརྩེགས་དང༌། སྣ་ཚོགས་སྦྱིན་སྤང་དང༌། བྲན་མོ་དཀར་མོ་བཟང་དང༌། འཇུག་འདོད་དང༌། གྲོང་ཁྱེར་ཁོར་ཡུག་དང༌། བདུན་པ་སྟེ་རི་སྲུང་ངོ༌། །གང་དེ་དག་གི་མིང་ཤེས་པ་དང་རུས་ཤེས་པ་དེ་ལ་ནི་དེ་དག་གི་སྲུང་བར་བྱེད་དོ། །ཡོངས་སུ་སྐྱོབ་པ་དང༌། ཡོངས་སུ་འཛིན་པ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་ཆད་པ་ཟློག་པར་བྱེད་དོ། །དེ་བས་ན་མིང་འདི་ཞེས་བྱ་བའི་ཕྱིར་དེ་དག་ལ་གསོལ་ལོ། །གསོལ་བ་འདེབས་སོ། །ཞེས་བརྗོད་ལ་གཏོར་མ་ཕུལ་ལ་འདི་སྐད་ཅེས། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས། མིང་འདི་ཞེས་བྱ་བ་ལ་བསྲུང་བར་གྱིས་ཤིག ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་ཆད་པ་བཟློག་པར་གྱིས་ཤིག ཡང་དམར་གཏོར་གཅིག་བྱིན་གྱིས་བརླབས་ལ་འདི་སྐད་ཅེས། སྲིན་མོ་ཆེན་མོ་ནག་མོ་ཞེས་བྱ་བ་བུ་སྟོང་ཡོད་པ། རྒྱ་མཚོའི་འགྲམ་ན་གནས་པ་མཚན་གཅིག་གིས་དཔག་ཚད་བརྒྱད་ཁྲིར་ཕྱིན་པ་ཅིག་ཡོད་དེ། གང་དེའི་མིང་ཤེས་པ་དང་རུས་ཤེས་པ་དེ་ལ་ནི་དེ་དག་གིས་སྲུང་བར་བྱེད། ཡོངས་སུ་སྐྱོབ་པ་དང༌། ཡོངས་སུ་འཛིན་པ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་ཆད་པ་ཟློག་པར་བྱེད་དོ། །དེ་བས་ན་མིང་འདི་ཞེས་བྱ་བའི་ཕྱིར་དེ་དག་ལ་གསོལ་ལོ། །གསོལ་བ་འདེབས་སོ། །ཞེས་བརྗོད་གཏོར་མ་ཕུལ་ནས་འདི་སྐད་ཅེས། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས། མིང་འདི་ཞེས་བྱ་བ་ལ་བསྲུང་བར་གྱིས་ཤིག ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་ཆད་པ་བཟློག་པར་གྱིས་ཤིག ཡང་དམར་གཏོར་གཅིག་བྱིན་གྱིས་བརླབས་ལ་འདི་སྐད་ཅེས། སྲིན་མོ་ཆེན་མོ་ལྔ་གནོད་སྦྱིན་འབུམ་ཕྲག་བདུན་ཅུ་རྩ་བདུན་དང༌། ལྷན་ཅིག་ཏུ་འཛམ་བུའི་གླིང་གི་མི་རྣམས་ལ་སྲུང་ཞིང་སྐྱོབ་པར་བྱེད་དེ། དེ་དག་ཀྱང་གང་ཞེ་ན་འདི་ལྟ་སྟེ། རྟག་ཏུ་མྱོས་དང༌། རྗེས་སུ་མྱོས་དང༌། སྟོབས་ཀྱིས་རྒྱགས་དང༌། འོད་མའི་སྦུབས་དང༌། ལྔ་པ་སྟེ་འབྱོར་ལྡན་ནོ། །གང་དེ་དག་གི་མིང་ཤེས་པ་དང་རུས་ཤེས་པ་དེ་ལ་ནི་དེ་དག་གིས་སྲུང་བར་བྱེད། ཡོངས་སུ་སྐྱོབ་པ་དང༌། ཡོངས་སུ་འཛིན་པ་དང༌། ཆད་པ་ཟློག་པ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་ཆད་པ་ཟློག་པར་བྱེད་དོ། །དེ་བས་ན་བདག་གིས་མིང་འདི་ཞེས་བྱ་བའི་ཕྱིར་སྲིན་མོ་ལྔ་པོ་གནོད་སྦྱིན་འབུམ་ཕྲག་བདུན་ཅུ་རྩ་བདུན་དང་བཅས་པ་དེ་དག་ལ་གསོལ་ལོ། །གསོལ་བ་འདེབས་སོ། །ཞེས་བརྗོད་ལ་གཏོར་མ་ཕུལ་ལ་འདི་སྐད་ཅེས་བརྗོད་དོ། །འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས། མིང་འདི་ཞེས་བྱ་བ་ལ་བསྲུང་བར་གྱིས་ཤིག ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་ཆད་པ་བཟློག་པར་གྱིས་ཤིག ཏདྱ་ཐཱ། བི་མུ་དེ། བཱི་ཏི་དེ། པི་ཙ་རི་དེ། པི་ག་ར་དེ། ཀ་ར་ཌི། ཀ་ར་བཱ་རི། སྭ་རི། མ་དྷུ་ར་གྷོ་ཥྚེ། ཤ་ཏ་ཧ་ནི་ཏ། བྷ་ཤི་ཏ་གྷེ། ཨག་ཀེ ནག་ཀེ བི་ཀ་ཌི་ཏཱ། བི་ཀུ་ཌི་ཏེ། བི་ར་ཛེ། བི་གཥྚ་བི་དེ། བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཞེས་བརྗོད་ནས་རོལ་མོའི་སྒྲ་ཡང་བྱའོ། །གསང་སྔགས་རྗེས་སུ་འཛིན་པའི་གཏོར་མ་སྟེ་བདུན་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*