རྒྱུད་སྡེའི་དཀར་ཆག

༼བ༽

༄༅། །རྒྱུད་སྡེའི་དཀར་ཆག་བཞུགས་སོ།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། ན་མོ་གུ་རུ་བྷྱཿ ན་མ་ཤྲཱི་བྷཊྚཱ་རཱ་ཀ་བཛྲ་དྷཱ་རཱ་ཡ། རྡོ་རྗེ་འཆང་ཆེན་ཉིད་ཀྱི་ཐུགས་རྗེ་ཡིས། །གཞན་གྱི་དོན་དུ་སྐྱེ་བོའི་སྐུར་བསྟན་ནས། །སྐལ་བ་ཇི་བཞིན་གདུལ་བྱའི་དོན་མཛད་པ། །ས་སྐྱའི་བླ་ཆེན་རྣམས་ལ་ཕྱག་འཚལ་ལོ། །འདིར་རྗེ་བཙུན་རིན་པོ་ཆེ་རྒྱལ་མཚན་གྱི་མཐས་རྣམ་པར་བརྒྱན་པའི་ཞལ་སྔ་ནས། བོད་དུ་འགྱུར་བའི་ཡང་དག་པའི་རྒྱུན་དུ་རིན་པོ་ཆེ་བཞི་པོ་ཕལ་མོ་ཆེའི་མཚན་ཕྱོགས་གཅིག་ཏུ་བསྡེབས་པ་ལས་གཉིས་སུ་མེད་པའི་རྒྱུད་ཐོག་མར་སྨོས་ཤིང༌། བླ་མ་ཆོས་ཀྱི་རྗེས་བསྒྱུར་བའི་རྒྱུད་རྣམས་བསྣན་ཏེ་བྲི་བར་བྱ་བ་ནི། འདི་ལྟ་སྟེ། གཉིས་སུ་མེད་པའི་རྒྱུད་ལ་ཀྱེའི་རྡོ་རྗེའི་རྩ་རྒྱུད་བརྟག་པ་གཉིས་པ། ཐུན་མོང་མ་ཡིན་པའི་བཤད་རྒྱུད་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར། ཐུན་མོང་གི་བཤད་པའི་རྒྱུད་དཔལ་སཾ་པུ་ཊ་ཐིག་ལེའི་རྒྱུད་ཕྱི་མ་དང་བཅས་པ། བརྟག་པ་གཉིས་པའི་རྒྱུད་ཕྱི་མའི་ཕྱི་མར་གྲགས་པ་ཕྱག་རྒྱ་ཆེན་པོའི་ཐིག་ལེ། ཡེ་ཤེས་ཐིག་ལེ་དེ་ཁོ་ནའི་སྒྲོན་མ། གསང་བའི་སྒྲོན་མ། དེ་ཁོ་ན་ཉིད་ཀྱི་མན་ངག་སྟེ་ཐིག་ལེའི་རྒྱུད་ལྔ། ཡེ་ཤེས་སྙིང་པོ་རྣལ་འབྱོར་མའི་རྒྱུད། རྙོག་པ་མེད་པའི་ཨཱ་རལླི། རྡོ་རྗེ་ཨཱ་རལླི། རྀ་གི་ཨཱ་རལླི། མཚན་ཡང་དག་པར་བརྗོད་པ། དམ་པ་དང་པོའི་རྩ་བའི་རྒྱུད། དུས་ཀྱི་འཁོར་ལོའི་རྩ་རྒྱུད་བསྡུས་པ། དབང་གི་དོན་སྟོན་པའི་རྒྱུད་ཀྱི་དུམ་བུ། མགོན་པོ་མངོན་པར་འབྱུང་བའི་རྒྱུད། གསང་སྔགས་ཀྱི་སྤྱོད་པ་རྒྱ་མཚོ་མཆོག་ཏུ་གསང་བ་ལས་ཐོད་པ་བརྟག་པའི་རྒྱུད་གསུམ། མི་གཡོ་བའི་རྒྱུ་གསང་བ་ཆེན་པོ་རྣམས་ཤེས་རབ་ཀྱི་རྒྱུད་ལ་འཁོར་ལོ་བདེ་མཆོག་རྩ་བའི་རྒྱུད། བཤད་པའི་རྒྱུད་མཁའ་འགྲོ་མ་ཀུན་སྤྱོད། ཨ་བྷི་དྷ་ན། རྡོ་རྗེ་མཁའ་འགྲོ་རྒྱ་མཚོ། ཧེ་རུ་ཀ་མངོན་འབྱུང༌། ཕག་མོ་མངོན་འབྱུང༌། སྡོམ་པ་འབྱུང་བ། རྣལ་འབྱོར་མ་བཞི་ཁ་སྦྱོར་གྱི་རྒྱུད། འབུམ་པ་གསུམ་པ་ལས་རལ་པ་གྱེན་དུ་བརྫེས་པའི་ནང་ནས་བྱུང་བའི་ལེའུ་གཅིག སངས་རྒྱས་མཉམ་སྦྱོར་རྩ་བའི་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ། ཟླ་གསང་ཐིག་ལེ། རྡོ་རྗེ་གདན་བཞི། དབང་གི་དོན་སྟོན། རྒྱུད་ཀྱི་དུམ་བུ། མནྟྲ་ཨཾ་ས། བཤད་རྒྱུད་ཆེན་མོ། མ་ཧཱ་མཱ་ཡཱ། སངས་རྒྱས་ཐོད་པ། རྡོ་རྗེ་བདུད་རྩི་རྣམས་སོ། །ཐབས་ཀྱི་རྒྱུད་ལ་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ། རྡོ་རྗེ་ཕྲེང་བ། དགོངས་པ་ལུང་སྟོན། ལྷ་མོ་བཞིས་ཞུས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ། གཤིན་རྗེ་གཤེད་དགྲ་ནག གཞོན་ནུ་གདོང་དྲུག རྡོ་རྗེ་འཇིགས་བྱེད། རྣམ་པར་སྣང་མཛད། སྒྱུ་འཕྲུལ་དྲྭ་བ་རྣམས་སོ། །རྣལ་འབྱོར་གྱི་རྒྱུད་ལ་རྩ་བའི་རྒྱུད། དེ་ཁོ་ན་ཉིད་བསྡུས་པ། རྡོ་རྗེ་རྩེ་མོ། དཔལ་མཆོག་དང་པོ། ཁམས་གསུམ་རྣམ་རྒྱལ། མགོན་པོ་ཀུན་སྣང༌། ངན་སོང་སྦྱོང་རྒྱུད། ནམ་མཁའ་དང་མཉམ་པའི་རྒྱུད། རབ་ཏུ་གནས་པའི་རྒྱུད། ཐམས་ཅད་གསང་བ་རྣམས་སོ། །བླ་མ་ཆོས་ཀྱི་རྗེའི་ཞལ་སྔ་ནས་བསྒྱུར་བ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། འདུ་བ་རབ་གསལ། སྐུ་གསུང་ཐུགས་ཀྱི་གསང་བ་རྒྱན་གྱི་བཀོད་པའི་རྒྱུད། གསང་བ་ནོར་བུ་ཐིག་ལེ་རྣལ་འབྱོར་གྱི་རྒྱུད་དུ་འདུ་བར་གསལ་ལ། རྡོ་རྗེ་ས་འོག་གི་རྒྱུད་བྱ་བའི་རྒྱུད་ཀྱི་ཁོངས་སུ་འདུ་མོད་ཀྱི། འགྱུར་མཛད་པ་པོ་གཅིག་པའི་ཕྱིར། ཕྱོགས་གཅིག་ཏུ་བྲིས་པའོ། །སྤྱོད་པའི་རྒྱུད་ལ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད། འཇམ་དཔལ་རྩ་བའི་རྒྱུད། གཤིན་རྗེ་གཤེད་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད། པྲ་ཁོག་བསླང་རྩ་བའི་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ། མི་གཡོ་བའི་རྟོག་པ་ཆེན་པོ། བྱ་བའི་རྒྱུད་ལ་རིགས་གསུམ་སོ་སོའི་རྒྱུད། རིག་པའི་ལྷ་མོའི་རྒྱུད། ཐུན་མོང་གི་རྒྱུད་གསུམ་ལས། རིགས་གསུམ་སོ་སོའི་འཇམ་དཔལ་གྱི་རྒྱུད་ལ་དཔའ་བོ་གཅིག་ཏུ་གྲུབ་པ། དུམ་བུའི་རྒྱུད་ལ་འཇམ་དཔལ་གྱི་ཞལ་ནས་གསུངས་པ། འཇམ་དཔལ་གྱི་དམོད་བཙུགས་པ། ཤེས་རབ་བློ་འཕེལ། ཤེས་རབ་བསྐྱེད་པ། འཇམ་དཔལ་གྷོ་ཥ་ངག་གི་དབང་ཕྱུག འཇམ་དཔལ་ལ་ལྷ་མོ་བརྒྱད་ཀྱིས་བསྟོད་པ། འཇམ་དཔལ་ཡིག་འབྲུ་གཅིག་པ་རྣམས་སོ། །སྤྱན་རས་གཟིགས་ཀྱི་རྒྱུད་ལ། དོན་ཡོད་ཞགས་པ་རྩ་བའི་རྒྱུད། དོན་ཡོད་ཞགས་པའི་རྟོག་པ་ཆེན་པོ། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་རྟོག་པ་རྒྱས་པ། ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་གཟུངས། ཟ་མ་ཏོག་བཀོད་པའི་རྟོག་པ་རྒྱས་པ། སྤྱན་རས་གཟིགས་ཧ་ལ་ཧ་ལའི་རྟོག་པ་རྒྱས་པ། འཕགས་པ་མེ་ཁ་ལ། སྙིང་རྗེ་མི་བཤོལ་བའི་གཟུངས། སྤྱན་རས་གཟིགས་ཀྱི་ཡུམ། སྤྱན་རས་གཟིགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ། ཡིད་བཞིན་གྱི་ནོར་བུ་འཁོར་ལོས་སྒྱུར་བའི་རྟོག་པ་ཆེན་པོ། ཧ་ཡ་གྲྀ་ཝའི་གཟུངས་ཀྱི་དུམ་བུ། སེང་གེ་སྒྲའི་དམ་བཅས་པའི་གཟུངས་ཀྱི་དུམ་བུ་རྣམས་སོ། །ཕྱག་ན་རྡོ་རྗེའི་རྒྱུད་ལ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། ཀྲྀ་ཡ་རིག་པ་མཆོག་གི་རྒྱུད། དཔུང་པ་བཟང་པོ། རྡོ་རྗེ་ས་འོག་གི་རྒྱུད་སྔ་འདྲེས་གཅིག རྡོ་རྗེ་རྣམ་འཇོམས། དེའི་བཤད་རྒྱུད། རི་རབ་ཁང་བུ་བརྩེགས་པ། རྡོ་རྗེ་མི་ཕམ་པ་མེ་ལྟར་འབར་བ་རྨོངས་བྱེད། རྡོ་རྗེ་སྙིང་པོའི་གཟུངས། རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པ་ཞེས་བྱ་བའི་གཟུངས། འཕགས་པ་སྟོབས་པོ་ཆེའི་གཟུངས། ལག་ན་རྡོ་རྗེ་བཅུའི་གཟུངས། རྡོ་རྗེ་འཇིགས་བྱེད་ཀྱི་དུམ་བུ། འཕགས་པ་རྡོ་རྗེ་མཆུ། གནམ་ལྕགས་མཆུ། ལྕགས་ཀྱི་མཆུ། ལྕགས་ཀྱི་མཆུ་ནག་པོ། དྲང་སྲོང་གི་ཀླུ་ལ་དམོད་བོར་བའི་གཟུངས། ཀླུའི་རྒྱལ་པོ་སོག་མ་མེད་པའི་རྟོག་པ་རྒྱས་པ་རྣམས་སོ། །རིག་པའི་ལྷ་མོ་རྣམས་ཀྱི་གཟུངས་ལ། གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་དྲི་མེད། གཙུག་ཏོར་གདུགས་དཀར་རྒྱས་འབྲིང་གསུམ། སྒྲོལ་མ་ལས་སྣ་ཚོགས་པའི་རྒྱུད། ཀུ་རུ་ཀུལླེའི་རྟོག་པ། འོད་ཟེར་ཅན་གྱི་རྩ་བའི་སྔགས། དེའི་རྟོག་པ་ཆེན་པོ། འཕགས་པ་རྡོ་རྗེ་ལྕགས་སྒྲོག སྐུལ་བྱེད་མའི་གཟུངས། གཟའ་རྣམས་ཀྱི་ཡུམ། གཟུངས་གྲྭ་ལྔ། འཕགས་པ་བེ་ཅོན་ནག་པོ། འཕགས་པ་ཡངས་པ་ཅན་གྱི་གྲོང་ཁྱེར་དུ་འཇུག་པ། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན། འཕགས་པ་རྣམ་པར་རྒྱལ་བ། འཕགས་པ་ཕྱིར་བཟློག་པ་རྣམ་པར་རྒྱལ་བ་ཅན་མ། ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ། གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་མ། ཕྱིར་བཟློག་པ་སྟོབས་ཅན་མ། བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོར་མ། འཕགས་པ་དུག་སེལ་མ། མདངས་ཕྱིར་འཕྲོག་པའི་གཟུངས། རིན་ཆེན་ཕྲེང་བའི་དུམ་བུ། འཕགས་པ་རྒྱལ་བ་ཅན། པརྞ་ཤ་བ་རིའི་གཟུངས། མེ་ལྟར་འབར་བའི་གཟུངས། རིག་སྔགས་ཀྱི་རྒྱལ་མོ་སྒྲོན་མ་མཆོག དབྱིག་ལྡན་མའི་གཟུངས། ཡི་གེ་དྲུག་པའི་གཟུངས། འགྲོ་ལྡེང་བའི་རིག་སྔགས་ཀྱི་རྒྱལ་མོ། དཔལ་ཆེན་མོའི་གཟུངས། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས། རིམས་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས། མིག་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས། མིག་ནད་རྣམ་པར་སྦྱོང་བའི་གཟུངས། གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་གཟུངས། རིག་སྔགས་ཀྱི་རྒྱལ་མོ་དབུགས་ཆེན་མོ། མི་རྒོད་རྣམ་པར་འཇོམས་པའི་གཟུངས། ལྷ་མོ་དབྱངས་ཅན་མའི་བསྟོད་པ། སངས་རྒྱས་ཐམས་ཅད་ཀྱི་ཡུམ། གཙུག་གི་ནོར་བུའི་གཟུངས། ཙནྡན་གྱི་ཡན་ལག་དྲི་མ་མེད་པ། སྟོང་འཁྱིལ་བ། ལྷ་མོ་བརྒྱད་ཀྱི་གཟུངས། དེ་བཞིན་གཤེགས་པའི་ཡུམ་གྱི་གཟུངས། བྱང་ཆུབ་སྙིང་པོ་རྒྱན་གྱི་གཟུངས་རྣམས་སོ།།  །།ཐུན་མོང་གི་རྒྱུད་ལ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ། གསང་བ་སྤྱི་རྒྱུད། ལེགས་པར་གྲུབ་པ། བསམ་གཏན་ཕྱི་མ། གསེར་འོད་དམ་པ། འོག་མིན་གྱི་ཚེ་དཔག་མེད། བདེ་བ་ཅན་གྱི་ཚེ་དཔག་མེད། ཆོས་ཀྱི་རྒྱ་མཚོ། དཀྱིལ་འཁོར་བརྒྱད་པ། ནོར་བུ་རྒྱས་པའི་གཞལ་མེད་ཁང༌། འཇིགས་པ་བརྒྱད་ལས་སྒྲོལ་བ། གཟུངས་ཆེན་པོ་གསང་བའི་རིང་བསྲེལ་གྱི་ཟ་མ་ཏོག སྒོ་མཐའ་ཡས་པའི་གཟུངས། མཚན་མོ་བཟང་པོ། འཕགས་པ་དཀོན་མཆོག་ཏ་ལ་ལ། ཡེ་ཤེས་ཏ་ལ་ལ། ཡེ་ཤེས་སྐར་མདའ། མེ་ཏོག་བརྩེགས་པ། རིག་སྔགས་ཀྱི་རྒྱལ་མོ་ཀུན་ནས་འོད། ཀུན་ཏུ་བཟང་པོའི་གཟུངས། གསེར་ཅན་གྱི་གཟུངས། འདུས་པ་ཆེན་པོའི་གཟུངས། ཀུན་ཏུ་རྒྱུ་བ་དང་མཐུན་པ་དང་མི་མཐུན་པ། སངས་རྒྱས་བདུན་པ། བུ་མང་པོ་རྟོན་པ། སངས་རྒྱས་ཀྱི་སྙིང་པོའི་ཆོས་ཀྱི་རྣམ་གྲངས། སངས་རྒྱས་ཀྱི་སྙིང་པོའི་གཟུངས། སངས་རྒྱས་ཀྱི་ཡན་ལག་དང་ལྡན་པ། སོར་མོ་ཅན། ལུས་ཀྱི་དབྱིབས་མཛེས་པ། བདེ་བ་བསྒྲགས་པ། མཆོད་པའི་སྤྲིན་གྱི་གཟུངས། སྟོང་འགྱུར། ཀཾ་ཀ་ནིའི་གཟུངས། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ། སྒོ་དྲུག་པའི་གཟུངས། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་གཟུངས། བདུད་རྩི་སྨན་གྱི་གཟུངས། ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པའི་གཟུངས། སྤྲིན་ཆེན་པོ་ལས་ཆར་དབབ་པ་རླུང་གི་དཀྱིལ་འཁོར་ཞེས་བྱ་བའི་ལེའུ། ཀླུ་ཐམས་ཅད་ཀྱི་སྙིང་པོ། འདུས་པ་ཆེན་པོ་རིན་ཆེན་ཏོག འདུས་པ་ཆེན་པོ་ཉི་མའི་སྙིང་པོ། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་བརྒྱ་རྩ་བརྒྱད་པ། ཉེ་བའི་སྲས་བརྒྱད་ཀྱི་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་སྔགས་དང་བཅས་པ་རྣམས་སོ།།  །།སྔ་འགྱུར་གྱི་རྒྱུད་ལ། རྡོ་རྗེ་ཕུར་པ་རྩ་བའི་དུམ་བུ། གསང་བ་སྙིང་པོ། སྒྱུ་འཕྲུལ་བླ་མ། ལྷ་མོ་སྒྱུ་འཕྲུལ། ཐབས་ཀྱི་ཞགས་པ། སྒྱུ་འཕྲུལ་བརྒྱད་ཅུ་པ་རྣམས་སོ།།  །།འཇིག་རྟེན་པའི་རྒྱུད་ལ། ཚོགས་ཀྱི་བདག་པོའི་གཟུངས། ནོར་བུ་བཟང་པོའི་གཟུངས། ནོར་རྒྱུན་མའི་གཟུངས། གར་མཁན་མཆོག་གི་རྟོག་པ་ཆེན་པོ་རྣམས་སོ།།  །།དེ་ལྟར་ཤིན་ཏུ་ཟབ་པའི་དོན་སྟོན་པ། །རྡོ་རྗེ་ཐེག་པའི་རྒྱུད་སྡེ་དམ་པ་རྣམས། །དྲི་མེད་རིན་ཆེན་གསེར་གྱི་རང་བཞིན་གྱིས། །དྲི་བར་འདོད་པའི་ལྷག་བསམ་དང་ལྡན་པ། །འབྲི་ཀླུང་དམ་པ་ཆོས་ཕྱུག་ལྡན་སྟོད་དུ། །སྨོན་ལམ་དག་པས་ཉེ་བར་སྐྱེས་གྱུར་པ། །སྟོན་སེང་ཞེས་བྱས་རྗེ་བཙུན་རིན་ཆེན་ལ། །དྲི་མེད་རྒྱུད་ཀྱི་མཚན་ཕྲེང་ཞུས་མོད་ཀྱང༌། །སྦྱོར་བ་རྩོམ་བཞིན་རྐྱེན་གྱིས་མ་གྲུབ་པ། །དེ་ཡི་དབོན་པོ་བློ་གྲོས་དང་ལྡན་པ། །དབང་ཕྱུག་རྒྱལ་པོ་ཞེས་བྱས་རབ་འབད་ནས། །དཔལ་ལྡན་ཆོས་རྗེ་ས་སྐྱ་པཎྜི་ཏའི། །ཞབས་པད་དྲི་མེད་ཡུན་རིང་བརྟེན་བྱས་ནས། །གསུང་རབ་བདུད་རྩིས་བློ་གྲོས་ཚིམ་པར་བྱས། །དེ་ཡི་ཚ་བོ་བཀྲ་ཤིས་ཚུལ་ཁྲིམས་དཔལ། །བཟང་པོ་ཞེས་བྱ་མིང་གཞན་དབོན་ནག་ཏུ། །གྲགས་པ་དེས་ཀྱང་དཔལ་ལྡན་ས་སྐྱ་པ། །འཕགས་པ་ཞེས་བྱར་ཡོངས་སུ་གྲགས་གྱུར་པའི། །ཞབས་པད་བཏུད་ནས་ཆོས་ཀྱི་བདུད་རྩི་ནོས། །དེ་ཡི་བླ་མའི་བཀའ་དྲིན་དྲན་ཕྱིར་དང༌། །རྒྱལ་པོ་ཡབ་སྲས་སྐུ་ཚེ་རིང་ཕྱིར་དང༌། །ཁུ་མེས་དག་གི་དགོངས་པ་རྫོགས་ཕྱིར་དང༌། །རྒྱལ་ཁམས་ཆོས་བཞིན་བདེ་ལེགས་བྱ་ཕྱིར་དང༌། །རང་གི་བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །ཧོར་གྱི་རྒྱལ་རབས་ལྔ་པའི་རྒྱལ་པོ་མཆོག །ག་གན་རྒྱལ་པོ་ཞེས་བྱའི་སྐུ་རིང་ལ། །ཆུ་མོ་བྱ་ལོ་དབྱར་ཟླ་དུས་ཀྱི་ཚེ། །བཻ་ཌཱུརྻ་ཡི་ཞིང་ཁམས་དག་པ་ལ། །གསེར་བཟང་འབར་བས་ཚུལ་བཞིན་བཞེངས་པ་དང༌། །བཀླགས་དང་མཆོད་ལ་སོགས་པའི་དགེ་བ་ཡིས། །བདག་དང་མཁའ་མཉམ་སེམས་ཅན་མ་ལུས་པ། །རྡོ་རྗེ་འཆང་དབང་གོ་འཕང་ཐོབ་པར་ཤོག །ཚེ་རབས་ཀུན་ཏུ་གསུང་རབ་འདི་དག་དང༌། །གཞན་ཡང་ཆོས་ཚུལ་རྒྱ་མཚོ་ཐམས་ཅད་ལ། །ཉེ་བར་ཞུགས་ཤིང་རྟོགས་པ་མཆོག་གྱུར་ཏེ། །གཞན་དག་ལ་ཡང་རྒྱ་ཆེར་སྟོན་པར་ཤོག །གནས་སྐབས་ཆོས་ཀྱི་རྒྱལ་པོ་ཡོན་མཆོད་དང༌། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཀུན། །ཚེ་རིང་ནད་མེད་ཕུན་སུམ་ཚོགས་པ་དང༌། །བློ་ཀུན་ཆོས་དང་མཐུན་ཞིང་བདེ་ལེགས་ཤོག །འདིས་བསྟན་པ་དང་སེམས་ཅན་ལ་ཕན་བདེ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*