མགོན་པོའི་སྒྲུབ་ཡིག

༼བ༽

༄༅། །མགོན་པོའི་སྒྲུབ་ཡིག་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཁྱེན་བརྩེའི་བདག་ཉིད་བླ་མ་དམ་པ་དང༌། །ཀྱེ་ཡི་རྡོ་རྗེ་དཔལ་མགོན་ཕྱག་འཚལ་ནས། །དྲི་མེད་བསྟན་པ་རབ་ཏུ་བསྲུང་བའི་ཕྱིར། །ནག་པོ་ཆེན་པོ་སྒྲུབ་པའི་རིམ་པ་བཤད། །དེ་ལ་འདིར་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ལེའུ་བཅོ་ལྔ་པ་དང༌། རྡོ་རྗེ་གདན་བཞིའི་རྒྱུད་བསྡུས་པ་ལས་འབྱུང་བ། བླ་མ་དམ་པ་རྣམས་ཀྱི་མན་ངག་གིས་ཡང་དག་པར་བརྒྱན་པ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་སྒྲུབ་པའི་ཐབས་ཡན་ལག་དང་བཅས་པ་འདི་ནི། དད་པ་དང་གཞན་ལ་བརྩེ་བས་ཀུན་ནས་བསླངས་ནས། བླ་མ་རྡོ་རྗེ་འཛིན་པ་དང་བཅས་པ་ལ་གསོལ་བ་བཏབ་སྟེ་བྲི་བར་བྱའོ། །དེའང་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཐོབ་ཅིང༌། དམ་ཚིག་དང་ལྡན་པའི་བླ་མས་རྗེས་སུ་གནང་བ་ནོས་པའི་གང་ཟག་གིས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་བསྒྲུབ་པར་འདོད་པས་དོན་གསུམ་གྱིས་རྟོགས་པར་བྱ་སྟེ། བསྙེན་པ་དང༌། སྒྲུབ་པ་དང༌། ལས་ལ་སྦྱར་བའོ། །དེ་དག་ཀྱང་རྐྱང་དུ་སྒྲུབ་པ་དང༌། སྦགས་ཏེ་སྒྲུབ་པ་གཉིས་ལས། འདིར་སྦགས་ཏེ་སྒྲུབ་པ་བཤད་པར་བྱའོ། །དེ་ལ་ཐོག་མར་བསྙེན་པ་ནི་རང་གི་ལྷག་པའི་ལྷའི་བསྙེན་པ་སྔོན་དུ་སོང་ནས་མཆོད་གཏོར་ལ་བརྟེན་ཏེ་བསྙེན་པ་བྱའོ། །དེ་ལ་གཉིས། མཆོད་གཏོར་གྱིས་མཉེས་པར་བྱ་བ་དང༌། སྔགས་ཀྱི་བཟླས་པ་ཉིད་ཇི་ལྟར་བྱ་བའོ། །དང་པོ་ལའང་ཡོ་བྱད་བཤམས་པ་དང༌། དངོས་གཞི་གཉིས་སོ། །དང་པོ་ནི་གནས་ཁང་དབེན་པར་དམིགས་པའི་རྟེན་བྲིས་སྐུ་ལ་སོགས་པའི་མདུན་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་རྣམ་པ་ལྔ་དང༌། དུག་དང་ཉུངས་ཀར་དང༌། ཚིལ་ཆེན་བསྲེས་པ་ཡི་དྭགས་ཀྱི་མེས་བསྲེགས་པའི་བདུག་པ་རྒྱུན་མི་ཆད་པ་ནི་ཁྱད་པར་རོ། །གཏོར་མ་ནི་འབྲས་ཆེན་ལ་སོགས་པ་ཅི་འབྱོར་པ་དང༌། མོན་སྲན་གྲེའུ་དང༌། སྒོག་སྐྱ་དང༌། ཤ་སྣ་ཚོགས་པ་བསྲེས་ཏེ་བསྔོས་པ་ནི་འཛམ་བུ་ཏི་བ་ཡིན་ལ། གཞན་ཡང་ཤ་སྣ་ཚོགས་པ་དོན་སྙིང་ལྔས་བརྒྱན་པ་དང༌། ཁྲག་སྣ་ཚོགས་པ་ཞུན་ཆེན་པོས་བརྒྱན་པ་ལ་སོགས་པ་ཕུན་སུམ་ཚོགས་པ་བཤམས་ཏེ། དར་ནག་གི་འཕན་དང༌། རྒྱལ་མཚན་དང་ལྡ་ལྡིས་མཛེས་པར་བྱས་ནས། བདུད་རྩི་རིལ་བུས་སྦགས་ལ་ཆང་དང་ཆུ་སྦྱངས་པ་ནི་གཏོར་མའོ། །དེ་ལྟར་ཡོ་བྱད་ཕུན་སུམ་ཚོགས་པར་བྱས་ནས། མཆོད་གཏོར་དངོས་ལ་བཞི། རྫས་ཀྱི་ཏིང་ངེ་འཛིན། མགྲོན་གྱི་ཏིང་ངེ་འཛིན། མཆོད་པ་དང་གཏོར་མ་དབུལ་བ། བསྟོད་ཅིང་ཕྲིན་ལས་གཞོལ་བའོ། །དང་པོ་ནི་རང་ཉིད་ཡི་དམ་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས་ཐོག་མར་མཆོད་པ་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་མ་དག་པ་བསང༌། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསམ། སྟོང་པའི་ངང་ལས་མཆོད་པའི་ཁྱད་པར་ཕུན་སུམ་ཚོགས་པར་བསྐྱེད་ལ། སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་བོ། །དེ་ནས་གཏོར་མ་བྱིན་གྱིས་བརླབ་པ་ནི། གཏོར་མ་ལ་ལག་པ་གཡོན་པ་བསྟན་ནས་ཨོཾ་ཞེས་བརྗོད་པས་སྟོང་པར་བསམ། གཡས་པ་བསྟན་ནས་ཨཱཿཞེས་བརྗོད་པས་ཐོད་པ་དཀར་པོ་དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ་ཡངས་ཤིང་རྒྱ་ཆེ་བར་བསམ། གཉིས་ཀ་བསྟན་ནས་ཧཱུྃ་ཞེས་བརྗོད་པས། ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བར་བསམ། བྱ་ཁྱུང་གི་ཕྱག་རྒྱ་དང༌། ཧོཿཞེས་བརྗོད་པས་ཁ་དོག་དང༌། དྲི་དང༌། ནུས་པ་ཕུན་སུམ་ཚོགས་པར་བསམ་པ་ནི་རྫས་ཀྱིའོ། །གཉིས་པ་མགྲོན་གྱི་ཏིང་ངེ་འཛིན་ནི། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། རྃ་ལས་ཉི་མའི་དབུས་སུ་དགྲ་བགེགས་ཐམས་ཅད་མནན་པའི་སྟེང་དུ་ཧཱུྃ་མཐིང་ནག དེ་ལས་འོད་ཟེར་འཕྲོས་པས་དགྲ་བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་ཏེ་དེ་ཉིད་ལ་ཐིམ་པས་རྐྱེན་བྱས་ནས། རྡོ་རྗེ་ནག་པོ་ཆེན་པོ་ཆེར་འབར་བ་ཞལ་གཅིག་ཕྱག་གཉིས་པ། སྐུ་ཐུང་ཞིང་སྦོམ་ལ་བརྗིད་པ། མིའུ་ཐུང་གེལ་པའི་ཚུལ་གྱིས་བཞུགས་པ། ཕྱག་གཡས་གྲི་གུག་དང༌། གཡོན་པས་ཐོད་པ་དགྲ་བགེགས་ཀྱི་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། ཕྱག་གི་དབུས་ན་རྣམ་འཕྲུལ་གྱི་གཎྜཱི་བསྣམས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་མེ་མདག་གི་ཕུང་པོ་ལྟར་དམར་ཞིང་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་རྣམ་པར་གཙིགས་ཤིང༌། སྨིན་མའི་དབུས་ན་ཁྲོ་གཉེར་བསྡུས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་ཞིང༌། སྦྲུལ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྤྲུལ་པའི་ཕོ་ཉ་དུ་མ་སྤྲོ་བ་དང་བསྡུ་བའི་བདག་ཉིད་དུ་བསམ་མོ། །དེའི་གཡོན་དུ་པདྨ་དང་ཉི་མའི་སྟེང་དུ་ཏྲག་ལས། ཨེ་ཀ་ཛཱ་ཊཱི་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ་འཛུམ་ཁྲོའི་རྣམ་པ་ཅན། ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། དར་དཀར་གྱི་ན་བཟས་སྟོད་གཡོགས་ཤིང༌། སྟག་གི་པགས་པའི་ཤམ་ཐབས་ཅན། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་བསྐྱེད་ལ། དེའི་ལྟོ་བ་ཡངས་པའི་ནང་དུ་ཏྲག་ལས་ཁྲག་གི་རྒྱ་མཚོའི་ནང་དུ། བྷྱོ་ལས་འདོད་པའི་ཁམས་ཀྱི་དབང་ཕྱུག་མ། བོང་བུ་གྭ་པ་ལ་ཞོན་པ། ཞལ་གཅིག་ཕྱག་བཞི་མ། གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་ཐོད་པ། གཡོན་གྱི་དང་པོ་ན་མདུང༌། གཉིས་པ་ན་རྩེ་གསུམ་འཛིན་པ། སྤྱན་གསུམ་དང་ལྡན་པ། མི་རོ་རེངས་པ་ཁར་བཅུག་ནས་ཞལ་མཆེ་བ་རབ་ཏུ་གཙིགས་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང༌། བ་ལང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་ཅན། ཀླུའི་དབང་པོས་སྐ་རགས་བྱས་ཤིང་ཞབས་གཉིས་ལྕགས་སྒྲོག་གིས་མཛེས་པར་བྱས་པ། སྙན་གཡས་པ་ལ་དུག་སྦྲུལ་དང༌། གཡོན་པ་སེང་གེས་བརྒྱན་པ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། སྐུ་ལ་ཁྲག་དང་ཞག་གི་ཐིག་ལེ་དང་ཟོ་རིས་སུ་བྲིས་པ། ལྟེ་བའི་ཐད་ནས་ཉི་ཟླ་འཆར་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། ལྕམ་དྲལ་གཉིས་ཀ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ་མོ། །དམ་ཚིག་པ་བསྐྱེད་པའོ། །དེ་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་འོག་མིན་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་ཡེ་ཤེས་པ་སྤྱན་དྲངས་པ་དང༌། རང་བཞིན་གྱི་གནས་ནས་ལྷ་མོ་སྤྱན་དྲངས་པ་ལ་མགོ་ཐོད་ལ་སོགས་པའི་ཕྱག་རྒྱ་བཅས་ནས། མཛུབ་མོ་གཡབ་ཅིང་ངག་ཏུ། མགོན་པོ་འདིར་གཤེགས་གདན་ལས་བཞེངས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང༌། །ཤཱཀྱའི་བསྟན་པ་བསྲུང་བ་དང༌། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཞེས་པ་དང༌། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཨེ་ཧྱེ་ཧི། ཞེས་བྱ་བས་མགོན་པོ་སྤྱན་དྲངས། དེ་བཞིན་དུ། ལྷ་མོ་འདིར་གཤེགས་གདན་ལས་བཞེངས། །ཞེས་བྱ་བ་ལ་སོགས་པ་དང༌། མ་ཧཱ་ཀཱ་ལཱི་དེ་ཝཱི་ཨེ་ཧྱེ་ཧི། ཞེས་བྱ་བས་ལྷ་མོ་སྤྱན་དྲངས་ལ། ཛཿཧཱུྃ་བྃ་ཧོཿས་ཡེ་ཤེས་པ་དང་གཉིས་སུ་མེད་པར་བསྟིམ། དེ་ནས་པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་པས་སོ་སོའི་པདྨའི་གདན་དབུལ་ལོ། །གསུམ་པ་མཆོད་པ་དང༌། གཏོར་མ་དབུལ་བ་ནི། སོ་སོའི་ཕྱག་རྒྱ་བཅས་ལ། ཤྲཱི་མ་ཧཱ་ཀཱ་ལཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དབུལ་ལོ། །ཨརྒྷཾ་གྱི་གནས་སུ། པཱ་དྱཾ་གིས་ཞབས་བསིལ་དབུལ། པུཥྤཾ་གྱིས་མེ་ཏོག དྷཱུ་པཾ་གྱིས་བདུག་སྤོས། དཱི་པཾ་གྱིས་མར་མེ། གནྡྷཾ་གྱིས་དྲི་ཆབ། ནཻ་ཝི་དྱེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ཞལ་ཟས་དབུལ་ལོ། །དེ་བཞིན་དུ་མ་ཧཱ་ཀཱ་ལཱི་དེ་ཝཱི་གྲྀཧྞེ་དཾ་ཞེས་པ་ལ་སོགས་པས་ལྷ་མོ་ཡང་མཆོད་པར་བྱའོ། །དེ་ནས་སྐབས་འདིར་དམ་ལ་བཞག་པར་བྱ་སྟེ། ཐལ་མོ་སྙིང་གར་སྦྱར་བ་མགོན་པོའི་ཕྱག་རྒྱ་དེ་ཉིད་ལས། སོར་མོ་རྣམས་བསྣོལ་བ་ལྷ་མོའི་ཕྱག་རྒྱ་སྟེ། དེ་ལྟར་དམ་ཚིག་ཕྱག་རྒྱ་བསྟན་པ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ས་མ་ཡ་སྨཱ་ར་ས་མ་ཡ་མ་ཏི་ཀྲ་མ་ས་མ་ཡ་རཀྵནྟུ། ཞེས་བརྗོད་ནས་རྡོ་རྗེ་སྤྱི་བོར་བཞག་པར་བསམས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་དཔལ་རྡོ་རྗེ་ནག་པོ་ཆེན་པོས་དམ་ཚིག་སྲུངས་ཤིག སྒྲུབ་པ་པོ་བདག་ཅིག་གི་འདོད་པའི་དོན་ཐམས་ཅད་སྒྲུབ་པ་དང༌། དམ་པའི་ཆོས་སྒྲུབ་པའི་བར་ཆད་ཞི་བ་དང༌། བླ་མ་དང་སངས་རྒྱས་ཀྱི་བསྟན་པ་དང་སྒྲུབ་པ་པོ་བདག་ཅག་ལ་གནོད་ཅིང་འགལ་བར་བྱེད་པའི་གདོན་དང༌། ལོག་འདྲེན་ཐམས་ཅད་ཐལ་བ་རྡུལ་དུ་བརླག་པར་མཛོད་ཅིག་ཅེས་དམ་ལ་བཞག་གོ །དེ་ནས་གཏོར་མ་དབུལ་བར་བྱ་སྟེ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་བཅས་ལ། ཡིད་ཀྱིས་ནག་པོ་ཆེན་པོ་དང་ལྷ་མོའི་ཞལ་ནས་འོད་ཟེར་གྱི་སྦུ་གུ་བྱུང་ནས་གཏོར་མ་གསོལ་བར་བསམ་ཞིང་ངག་ཏུ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ཞེས་ལན་བདུན་གྱིས་ཕུལ་བས་མཉེས་པར་བྱས་ཤིང་ཚིམ་པར་བསམ་མོ། །དེ་བཞིན་དུ་ཤྲཱི་མ་ཧཱ་ཀཱ་ལཱ་ཡའི་གནས་སུ། མ་ཧཱ་ཀཱ་ལཱི་དེ་ཝཱི་ཞེས་པ་དང༌། དེ་ཉིད་བོད་སྐད་དུ། དཔལ་རྡོ་རྗེ་ནག་པོ་ཆེན་པོའི་གནས་སུ་དཔལ་ལྷ་མོ་ནག་མོ་ཞེས་སྦྱར་ནས་ལྷ་མོ་དམ་ལ་བཞག་པ་དང༌། གཏོར་མ་ཕུལ་བར་བྱའོ། །བཞི་པ་བསྟོད་ཅིང་ཕྲིན་ལས་གཞོལ་བ་ནི། རྣལ་འབྱོར་པས་རྡོ་རྗེ་དྲིལ་བུ་འཛིན་པའམ། རྔ་བརྡུང་ཞིང༌། ཅུང་ཟད་ཁྲོ་ཚུལ་དང་བཅས་པས་བསྟོད་པར་བྱ་སྟེ། ཧཱུྃ་སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པ། །ནག་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་ན་གདུག་པའི་ཁྲག་བཀང་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཁྲོས་པས་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ཞེས་པ་ལ་སོགས་པས་ནག་པོ་ཆེན་པོ་བསྟོད་ནས། ལྷ་མོ་ལ་བསྟོད་པ་ནི། གང་གི་སྐུ་གསུང་ཐུགས་ཀྱི་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་སྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་འདུད། །དཔལ་ལྡན་ལྷ་མོ་ཁྱོད་ཀྱི་སྐུ། །དབང་པོ་སྔོན་པོ་ལྟ་བུར་འབར། །རི་རབ་ལྷུན་པོ་ལྟ་བུར་བརྗིད། །ཉི་མའི་ཟེར་ལྟར་སྤྲུལ་པ་འགྱེད། །དབུ་སྐྲ་སེར་པོ་གྱེན་དུ་འཁྱིལ། །སྤྱན་རྩ་དམར་པོ་གློག་ལྟར་འཁྱུག །མི་རོ་ཁར་བཅུག་མཆེ་བ་གཙིགས། །ཁྲག་གིས་གང་བའི་ཐོད་པ་དང༌། །འཇིགས་པའི་མཚོན་ཆས་ཕྱག་རྣམས་བྲེལ། །མི་མགོ་རིན་ཆེན་རུས་པས་བརྒྱན། །ཀླུ་དབང་སེང་གེ་ལྕགས་སྒྲོག་དང༌། །ཁྲག་དང་ཞག་གི་ཐིག་ལེས་བརྒྱན། །ཀོ་རློན་རེ་ལྡེ་གོས་སུ་གྱོན། །བུང་བུ་གྭར་ཞོན་མཚན་མོར་རྒྱུ། །ཤིན་ཏུ་རིད་ཅིང་མི་སྡུག་མ། །འཇིགས་གཟུགས་མ་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་གསུང་གི་ང་རོའི་དབྱངས། །འབྲུག་སྟོང་ལྡིར་པའི་སྒྲ་སྒྲོགས་པས། །ཁམས་གསུམ་མ་ལུས་ཟིལ་མནན་ནས། །ས་གསུམ་གཡོ་བར་མཛད་ལ་འདུད། །ཁྱོད་ཐུགས་ཞི་ལ་རབ་གཞོལ་ཡང༌། །སྙིང་རྗེའི་དབང་གིས་སྲིད་ལ་བཞུགས། །ཁྲོ་དང་འཁྲུགས་དང་རྔམ་པ་ཡིས། །བདུད་དཔུང་ངེས་པར་འཇོམས་ལ་འདུད། །ཁྱོད་ཀྱིས་ཕྲིན་ལས་མི་བཟད་པ། །རྣམ་འཕྲུལ་སྣ་ཚོགས་བསྟན་པའི་ཚེ། །ལྷ་དང་ལྷ་མིན་ཀླུ་དབང་དང༌། །གཤིན་རྗེའི་ཚོགས་ཀྱིས་ཕྱག་བྱས་མ། །ཁྱོད་ཀྱིས་འཇིག་རྟེན་ཁམས་ཀུན་གྱི། །བརྟན་དང་གཡོ་བའི་དུག་བསྡུས་ནས། །ནག་པོའི་ཕྱོགས་རྣམས་ཐམས་ཅད་ཀྱི། །འདུ་བ་རྣམས་བཞིའི་དུག་སློང་མཛད། །འཇིག་རྟེན་ཁམས་ཀྱི་བདུད་རྩི་དང༌། །བརྟན་དང་གཡོ་བའི་སྨན་བསྡུས་ནས། །དཀར་པོའི་ཕྱོགས་ཀྱི་ནད་སེལ་ཞིང༌། །རེ་འདོད་ཡོངས་སུ་རྫོགས་པར་མཛད། །དེ་ལྟར་ཚར་བཅད་རྗེས་བཟུང་བས། །ཐུབ་པའི་བསྟན་པ་རྒྱས་མཛད་མ། །ཁྱེད་ལ་གུས་པས་གསོལ་བ་འདེབས། །བདག་གི་འདོད་པའི་དོན་ཀུན་སྒྲུབས། །ཁྱོད་ཀྱིས་དང་པོ་ཐུབ་པ་དང༌། །རྡོ་རྗེ་འཛིན་པའི་སྤྱན་སྔ་རུ། །རྒྱལ་བའི་བསྟན་པ་བསྲུང་བ་དང༌། །རྣལ་འབྱོར་དམ་ཚིག་ཅན་གྱི་ཚོགས། །ཐམས་ཅད་བུ་བཞིན་བསྐྱང་ངོ་ཞེས། །དམ་བཅས་བཞིན་དུ་རྗེས་དགོངས་ལ། །དམ་ཚིག་དེ་ལས་མ་འདའ་བར། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱིས། །བདེ་གཤེགས་བསྟན་པ་སྐྱོང་བ་དང༌། །བདག་གི་འདོད་པའི་དོན་རྣམས་ཀུན། །ཡིད་བཞིན་དུ་ནི་འགྲུབ་པར་མཛོད། །སེམས་ཅན་ལ་འཚེ་ཐུབ་པ་ཡི། །བསྟན་ལ་གནོད་པར་བྱེད་པ་དང༌། །རྡོ་རྗེ་འཛིན་པ་བདག་ཅག་ལ། །གདུག་ཅིང་སྡང་བའི་སེམས་ལྡན་པ། །མི་དང་མི་མིན་གང་ཅིའང་རུང༌། །དཔུང་དང་བཅས་པའི་ཕྱོགས་ཀུན་ལ། །ཁྱོད་ཀྱིས་དུག་གི་རླངས་ཕྱུང་ནས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཀྱིས། །ཀུན་ཏུ་གཟིར་ནས་གསད་པར་གྱིས། །གང་ཡང་བདག་སོགས་རྣལ་འབྱོར་པ། །དམ་ཚིག་ལ་གནས་ཐམས་ཅད་ལ། །ཁྱོད་ཀྱི་ཞལ་ནས་བདུད་རྩིའི་ཆར། །ཕབ་ནས་སྡུག་བསྔལ་ཞི་བ་དང༌། །ཚེ་དང་བསོད་ནམས་རྒྱས་པ་དང༌། །ལོངས་སྤྱོད་དབང་ཐང་འཕེལ་བ་དང༌། །འགྲོ་ཀུན་དབང་དུ་འདུ་བར་གྱིས། །ཞེས་བྱ་བས་ལྷ་མོ་ལ་བསྟོད་པར་བྱའོ། །བསྐུལ་ཞིང་གསོལ་བ་གདབ་པ་ནི། ཧཱུྃ་བྷྱོ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལཱ་ཡ། །ལྷ་ཆེན་དཔལ་འབར་ནག་པོ་མཐུ་བོ་ཆེ། །མ་ཧཱ་དེ་ཝའི་སྲས་པོ་དྲག་ཤུལ་ཅན། །ཚོགས་བདག་ཆེན་པོ་མ་ཧཱ་ཀཱ་ལ་དང༌། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱོད་ཀྱི་བཀའ་ལས་མི་འདའ་བའི། །དུར་ཁྲོད་བདག་པོ་ཞིང་སྐྱོང་འཁོར་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་འཁོར་དང་བཅས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །འཛམ་བུ་ཏི་བའི་ཞལ་ཟས་འདི་བཞེས་ཤིག །ཛ་གད་དཔའ་བོ་སྨན་དང་ཕུད་ཀྱི་མཆོད་པ་འདི་བཞེས་ཤིག །སྔར་བཅོལ་ལས་ཀྱི་གཏང་རག་གཉེན་པོར་འབུལ། །ད་བཅོལ་ལས་ཀྱི་གསལ་འདེབས་གཉེན་པོར་བཞེས། །འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་ཟློག་པ་དང༌། སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །སྲིད་ཞིའི་དཔལ་འབྱོར་ཐམས་ཅད་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང༌། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་ཀུན། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་མཛོད། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །ཚེ་རིང་ནད་མེད་ལོངས་སྤྱོད་ཕུན་སུམ་ཚོགས། །དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང༌། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །ཅེས་བྱ་བས་གསོལ་བ་གདབ་པར་བྱའོ། །དེ་དག་གིས་ནི་མཆོད་པ་དང་གཏོར་མས་མཉེས་པར་བྱ་བ་བསྟན་ཟིན་ཏོ།།  །།གཉིས་པ་བཟླས་པ་ཉིད་ཇི་ལྟར་བྱ་བ་ནི། རང་ཡི་དམ་གྱི་ལྷར་བསམ་པའི་ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས་པས། ནག་པོ་ཆེན་པོ་དང་ལྷ་མོའི་ཐུགས་ཀར་ཕོག་སྟེ། དེ་དག་གི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསྐུལ་པ་ལ་དམིགས་ནས་བཟླས་པ་བྱ་སྟེ། དེའང་བསྙེན་པའི་སྔགས་ནི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་པའོ། །བསྙེན་པའི་གྲངས་ནི་འབུམ་ཕྲག་བཅུ་གཉིས་སོ། །དེ་ལྟར་བསྙེན་པ་སོང་ནས་རྩ་བའི་སྔགས་ལ་བཟླས་པར་བྱའོ། །དེ་ནས་ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧ་རི་ཎི། ཨེ་ཥ་ཨ་པ་ཤྩཱི་མ་ཀཱ་ལོ། ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ། ཡ་དི་པྲ་ཏིཛྙཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཱ། ཁ་ཁ། ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ་ཧཱུྃ་ཞེས་བྱ་བའོ། །བསྙེན་པའི་གྲངས་ནི་འབུམ་ཕྲག་བཞིའོ། །དེ་ནས་ལྷོའི་བཟླས་པ་ལའང་དེ་ཉིད་ཀྱི་ཐུན་གྱི་རྗེས་ལ་བྱ་སྟེ། དམིགས་པ་ནི་སྔར་དང་འདྲ་བ་ལ་སྔགས་ནི། ཨོཾ་རོ་རུ་རོ་རུ་བི་ཏིཥྛ། བདྷྭཏྶི་ཀ་མ་ལ་རཱཀྵ་སི་ཧཱུྃ་བྷྱོ་ཧཱུྃ་ཞེས་བྱ་བ་སྟེ། གྲངས་ནི་འབུམ་ཕྲག་བཞིའོ། །ཞེས་གསུངས་ཀྱང་བརྒྱད་དུ་བྱས་ན་འཐད་ཅེས་གསུང་ངོ༌། །དེ་ལྟར་གྲངས་ཀྱི་བསྙེན་པ་ཐིམ་པ་དང༌། མཚན་མ་འབྱུང་བ་ནི། ནག་པོ་ཆེན་པོ་དང་ལྷ་མོ་དངོས་སམ། རྨི་ལམ་དུ་མཐོང་བའམ། བྱ་ནག་དང༌། ཁྱི་ནག་དང༌། ཅེ་སྤྱང་དང༌། བུད་མེད་ནག་མོའི་ཚོགས་འདུ་ཞིང་བདག་ལ་དགའ་བའི་ཚུལ་བྱེད་པ་དང༌། ཐོད་པའི་ཕྲེང་བ་འཛིན་པ་ལ་སོགས་པ་ནི་མཚན་མའོ། །དེ་དག་གིས་ནི་བསྙེན་པ་བསྟན་ཟིན་ཏོ།།  །།གཉིས་པ་སྒྲུབ་པ་ལ་གཉིས་ལས། རྟེན་བཅའ་བ་ནི། རབ་ཏུ་དབེན་ཞིང་ཉམས་དགའ་བའི་ཁང་པའམ་དུར་ཁྲོད་ལ་སོགས་པར་ས་སྟེགས་མདའ་གང་བའི་ཚད་དང་ལྡན་པའི་མཎྜལ་གྲུ་བཞི་བྱས་ལ། བ་བྱུང་ལྔ་དང༌། དྲི་ལྔ་བདུད་རྩིའི་རིལ་བུ་དང་བཅས་པ་དང༌། མར་ཆེན་པོ་དང་ཁྲག་ཆེན་པོས་བྱུགས་ནས། དེའི་དབུས་སུ་དུར་ཁྲོད་ཀྱི་སོལ་བས་ཁྲུ་གང་བའི་ཚད་ཀྱི་གྲུ་གསུམ་དུ་བྱུགས་པའི་དཀྱིལ་དུ་རང་བྱུང་གི་མེ་ཏོག་གིས་ཐིག་ལེ་བྱས་ལ། མེ་ཏོག་ཚོམ་བུ་གཉིས་དགོད། གྲུ་གསུམ་གྱི་རྩེ་མོ་ཕར་བསྟན་པའི་རྩེར་བཤོས་བུ་གྲུ་གསུམ་པ་ཁྲུ་གང་པ་དང༌། གཡས་ཟུར་དུ་དར་ནག་གི་འཕན་དང༌། མགོན་པོའི་བྲིས་སྐུ་གཟུགས། གཡོན་ཟུར་དུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་ནག་པོ་ཁྲུ་གང་བ་རབ་གནས་བྱས་པ་ཅིག་བཞག གཞན་ཡང་མཆོད་པ་དང་གཏོར་མའི་ཡོ་བྱད་སྔར་བསྟན་པ་ལྟར་རྒྱ་ཆེན་པོ་བཤམ་མོ། །གཉིས་པ་ཇི་ལྟར་བསྒྲུབ་པ་ནི། སྒྲུབ་པ་ལ་འཇུག་པའི་ཚེ། སྒྲུབ་པའི་གྲོགས་འགའ་ཞིག་གིས་ཡི་དམ་གྱི་ལྷའི་སྔགས་དང༌། སྲུང་བའི་འཁོར་ལོ་བསྒོམ་པ་དང༌། རིམ་གྲོ་རྒྱ་ཆེན་པོ་བྱེད་དུ་གཞུག བདག་ཉིད་ཀྱིས་ཉི་ཤུ་དགུའི་མཚན་མོ་ཚོགས་ཀྱི་འཁོར་ལོ་ཕུན་སུམ་ཚོགས་པ་བྱས་ལ། བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བའི་དྲག་ཤུལ་གྱི་བསམ་པས་ཀུན་ནས་བསླངས་ནས། སྲོད་ལ་སྲུང་བའི་འཁོར་ལོ་བརྟན་པར་བསྒོམ་པར་བྱའོ། །དེ་ནས་ཡི་དམ་གྱི་ལྷའི་བཟླས་བསྒོམ་རྫོགས་པ་དང༌། མདུན་དུ་བསྒྲུབ་པའི་མཎྜལ་གྱི་རྟེན་བསྐྱེད་པར་བྱ་སྟེ། ཆང་ལ་བདུད་རྩིས་སྦྱར་བ་གཏོར་ཞིང༌། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་ནག་པོ་ཆེན་པོ་སྔ་མ་ལྟར་བསྐྱེད། དེའི་གཡོན་གྱི་མེ་ཏོག་ཚོམ་བུ་ཡང་སྔ་མ་ལྟར་ལྷ་མོ་བསྐྱེད་ནས། ཡེ་ཤེས་པ་སྤྱན་འདྲེན་པ་ནི། རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱི་སྣང་བས་སྤྱན་དྲངས་པར་བསམ་ཞིང༌། འདི་སྐད་ཅེས་བརྗོད་པར་བྱའོ། །རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདི་རུ། །དྲག་པོའི་ལས་ལ་སྤྱན་འདྲེན་བཞུགས། །ཞེས་པས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་བསྟིམ། མཆོད་པས་མཆོད། གཏོར་མ་རྒྱས་པ་དབུལ། སླར་ཡང་མཆོད་ནས་བསྟོད་ལ་བཟླས་པ་ཅུང་ཟད་བྱས་ནས་ཚོགས་ལ་སྤྱོད། དེ་ནས་ལྷག་མའི་ཆོ་གའི་བར་དུ་བྱ་སྟེ། དེ་ཙམ་གྱིས་ནུབ་དང་པོ་ཇི་ལྟར་འཇུག་པའི་བྱ་བ་བསྟན་ཟིན་ཏོ། །དེ་ནས་ཐུན་བཞིའམ་དྲུག་གི་ངེས་པས་ཡི་དམ་གྱི་བཟླས་བསྒོམ་དང་མཆོད་གཏོར་སྔར་བསྟན་པ་བཞིན་བྱ་སྟེ། དེ་ཡང་རྟེན་གཏོར་མི་གཏང༌། མཆོད་གཏོར་དང་བསྟོད་བསྐུལ་ཡང་ཡང་བྱས་ནས་རྗེས་སུ་བཟླས་པ་བྱ་སྟེ། དེའི་དམིགས་པ་ནི་རང་ཡི་དམ་གྱི་ལྷར་གནས་པའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ། དེའི་མཐའ་མར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་ནས། མདུན་གྱི་ནག་པོ་ཆེན་པོ་དང༌། ལྷ་མོའི་ཐུགས་ཀར་ཕོག་པས་དེའི་རྒྱུད་བསྐུལ་ནས་དྲག་པོའི་ཕྲིན་ལས་བསྒྲུབ་པར་བསམ་ཞིང་མ་ཡེངས་པར་བཟླའོ། །དེ་ནས་གཟུངས་རིང་དང་ལྷ་མོའི་སྔགས་བཟླའོ། །ཐུན་འཇོག་པའི་དུས་སུ་བདག་གིས་སྔགས་ཀྱི་བཟླས་པ་བྱས་པའི་མཐུས་ནག་པོ་ཆེན་པོ་དང༌། ལྷ་མོ་མཉེས་ནས་གཟི་བརྗིད་དང་ལྡན་པར་གྱུར་ཏེ། བདག་ལ་ཅི་འདོད་པའི་དངོས་གྲུབ་རྣམས་སྩོལ་བར་བསམས་ལ། སླར་ཡང་མཆོད་པས་མཆོད། བསྟོད་པས་བསྟོད་ནས་ཕྲིན་ལས་བཅོལ་ལ། བསྒྲུབ་པའི་མཎྜལ་དང་རྟེན་བཤམས་པ་རྣམས་དར་ནག་པོས་ཞལ་བཀབ་ནས། རང་གི་གནས་གསུམ་ཡི་གེ་གསུམ་གྱིས་བསྲུངས་ལ། ལོག་པའི་སྤྱོད་པ་སྤངས་ནས་ཅི་བདེ་བར་སྤྱད་དོ། །དུས་ཐམས་ཅད་དུ་སྒྲུབ་པ་ལ་བརྩོན་པ་དང༌། མ་ཡེངས་པ་གལ་ཆེའོ། །དེ་ལྟར་རྟག་ཏུ་བསྒྲུབས་པས་གྲུབ་པའི་མཚན་མ་འབྱུང་བར་འགྱུར་ཏེ། རབ་ནག་པོ་ཆེན་པོ་དང་ལྷ་མོ་དངོས་སུ་མཐོང་བའམ། རྨི་ལམ་དུ་ཞལ་བསྟན་ནས་ཅི་འདོད་པ་སྟེར་བ་ལ་སོགས་པ་འབྱུང་ལ། འབྲིང་དུ་ཡང་རྟེན་དེ་ལས་སྒྲ་དང༌། འོད་འབྱུང་བ་དང༌། ཐ་མར་ཡང་རྨི་ལམ་ལྟས་སུ། སྲོག་ཆགས་གདུག་པ་ཅན་བསད་པ་དང༌། མི་ཤ་དམར་པོ་ཟ་བ་དང༌། གོ་མཚོན་བཟང་པོ་ཐོགས་པའི་དམག་གི་དཔུང་ཆེན་པོས་བདག་ལ་བསྐོར་ནས། བདག་གི་དོན་སྒྲུབ་པ་ལ་སོགས་པ་རྣམས་ནི་གྲུབ་པའི་རྟགས་ཡིན་ནོ། །དེ་དག་གིས་ནི་སྒྲུབ་པའི་ཆོ་ག་བསྟན་ཟིན་ཏོ།།  །།གསུམ་པ་ལས་ལ་སྦྱར་བ་ནི། རྒྱུད་ལས། ཚ་བ་གསུམ་གྱིས་གཟུགས་བརྙན་ནི། །བྱས་ནས་ལུས་ལ་ཚེར་མས་དགང༌། །དུག་དང་སྐེ་སོགས་ཀྱིས་བྲིས་ནས། །དེ་ནི་གོང་གི་མིང་གིས་ནི། །དེ་ནས་མེ་ལ་གདུང་བར་བྱ། །ཞེས་གསུངས་པའི་དོན་ནི། ཐོག་མར་ལིངྒ་བཤམ་པར་བྱ་སྟེ། བག་ཕྱེ་ལ་ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ། དགྲ་བོའི་རྐང་རྗེས་ཀྱི་རྡུལ་དང་དྲི་མ་གང་རྙེད་དང༌། ཚ་བ་གསུམ་ནི། དབྱི་མོང༌། སྲུབ་ཀ ལྕེ་ཚ་བ་གསུམ་མོ། །དེ་དག་སྦགས་པ་ལས་ལིངྒ་སོར་བརྒྱད་པ། སྐྱེ་མཆེད་རྣམས་གསལ་ཞིང་ཡོངས་སུ་རྫོགས་པར་བྱས་ལ་གདུག་པ་ཅན་གྱི་ཤིང་ལས་བྱུང་བའི་ཚེར་མས་ལུས་ལ་ཅི་རིག་པར་དགང་བར་བྱའོ། །དེ་ནས་དེའི་སྙིང་གར་འཁོར་ལོ་གཞུག་པར་བྱ་སྟེ། མིའི་པགས་པའམ་རླུང་གིས་ཁྱེར་བའི་ཤིང་ཤུན་ལ་ཁྲག་དང་སྐེ་ཚེ་དང༌། གྲིར་ཤི་བའི་ཁྲག་དང༌། རྒྱ་སྐྱེས་ཀྱི་ཁུ་བ་རྣམས་ཀྱིས་སྣག་ཚ་བྱས་ལ། དེས་འཁོར་ལོ་རྩིབས་དྲུག་པ་ལྟེ་བ་དང་མུ་ཁྱུད་དང་བཅས་པ་བྲི། དེའི་རྩིབས་དྲུག་ལ། ཨི་དཾ་དུཥྚཱཾ་ཆེ་གེ་མོ་དཱི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ་ཅེས་བྲི། ལྟེ་བར་གཟུངས་རིང་སྤེལ་ཚིག་དང་བཅས་པ་བྲིས་ལ་རབ་ཏུ་གནས་པ་ནི། རང་ལྷག་པའི་ལྷའི་ང་རྒྱལ་དང་ལྡན་པས་མདུན་དུ་འཁོར་ལོ་བཞག་ལ། སྭ་བྷཱ་ཝས་སྟོང་པར་བསམ། དེའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་འཁོར་ལོ་ཇི་ལྟར་བྲིས་པ་བཞིན་བསྐྱེད་ནས། རང་གི་སྙིང་གའི་ཧཱུྃ་དང་འཁོར་ལོའི་ཡིག་འབྲུའི་ཚོགས་ལས་འོད་ཟེར་གྱི་སྣང་བས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འཁོར་ལོའི་རྣམ་པ་དང༌། ཡིག་འབྲུའི་རྣམ་པ་དུ་མ་སྤྱན་དྲངས་ནས་མདུན་དུ་བསྐྱེད་པ་དང་གཉིས་སུ་མེད་པར་བསྟིམ་ནས། མཆོད་པ་ལྔས་མཆོད་པས་གཟི་བརྗིད་དང་ལྡན་པར་གྱུར་ཏེ། དེའི་ལྟེ་བའི་གཟུངས་ལས་ཕོ་ཉ་ཁྲོ་བོའི་ཚོགས་ལྕགས་ཀྱུ་དང་ཞགས་པ་ལ་སོགས་པ་ལག་ཆ་དུ་མ་འཛིན་པ་སྤྲོས་པས་བསྒྲུབ་བྱ་གང་ན་ཡོད་པའི་གནས་ནས་རང་དབང་མེད་པར་རླུང་གི་ཤུགས་ཀྱིས་བཀུག་ནས་ཛཿཧཱུྃ་བྃ་ཧོཿ ཞེས་བྱ་བ་ཕྱག་རྒྱ་དང་བཅས་པ་ཡང་ཡང་དུ་ཁོའི་མིང་ཡིག་ལ་བསྟིམ་པར་བྱའོ། །དེ་ནས་འཁོར་ལོ་ལེགས་པར་དྲིལ་ལ་ཤན་པས་ཕྱིན་ཅི་ལོག་ཏུ་བཀལ་བའི་སྐུད་པས་རྒྱ་གྲམ་དུ་དཀྲིས་ནས། ལིངྒའི་སྙིང་གར་བཅུག་ལ་སྤྲ་ཚིལ་བཞུ་བས་བྱུགས་ཏེ། བཤང་ལམ་ནས་ལྕགས་ཀྱི་ཐུར་མས་སྙིང་གའི་འཁོར་ལོ་ལ་མ་སོང་བར་བུ་ག་བྱས་ལ། དེ་བསྒྲུབ་པའི་མཎྜལ་གྱི་ལྷོ་ཕྱོགས་སུ་འབྲུབ་ཁུང་གྲུབ་གསུམ་པ། རྒྱ་དང་དཔངས་སུ་མཐེབ་སོར་བཅུ་གསུམ་པའི་ཚད་དང་ལྡན་པ་ལ་དུར་ཁྲོད་ཀྱི་སོལ་བས་བྱུགས་པའི་ནང་དུ་བཞག་ནས། རྡོ་ལེབ་ལ་སྣ་ཚོགས་རྡོ་རྗེ་བྲིས་པས་དགབ་པར་བྱའོ། །དེ་ནས་རབས་ཆད་དམ་མཛེ་ཕོའི་ཐོད་པའི་ནང་དུ་ཡུངས་ཀར་དང་ཁྲག་སྣ་དང་དུག་སྣ་དང་ཐལ་ཆེན་བསྲེས་པས་བཀང་བའི་ཐུན་རྫས་བཤམ་པར་བྱའོ། །དེ་དག་ནི་སྔོན་འགྲོའོ། །དེ་ནས་དངོས་གཞིའི་བྱ་བ་ནི། རང་ལྷག་པའི་ལྷའི་ང་རྒྱལ་དང་ལྡན་པས། མདུན་གྱི་ནག་པོ་ཆེན་པོ་དང་ལྷ་མོ་གསལ་བར་དམིགས་ལ། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་མགོན་པོ་དང་ལྷ་མོའི་ཐུགས་ཀར་ཕོག་པས་རྒྱུད་བསྐུལ་ནས། དེའི་ཐུགས་ཀ་ནས་སྔགས་མེ་སྟག་གི་རྣམ་པ་ཚ་ཞིང་རྩུབ་པ་དཔག་ཏུ་མེད་པ་འཕྲོས་ནས་མདུན་གྱི་ཐུན་རྫས་ལ་ཐིམ་པས། ཐུན་རྫས་ཁྲོ་བོའི་རྣམ་པ་རབ་ཏུ་ཁྲོས་པ། མཚོན་ཆ་དུ་མ་འཛིན་པ་མེ་འབར་ཞིང་མེ་སྟག་འཕྲོ་བ་དཔག་ཏུ་མེད་པར་གྱུར་པར་བསམ་ཞིང༌། སྙིང་པོའི་སྔགས་གཙོ་བོར་གྱུར་པ་གཟུངས་རིང་དང་ལྷ་མོའི་བཟླས་པ་ཅི་ནུས་པ་བཟླས་པར་བྱའོ། །དེ་ནས་ཐུན་གྱི་རྗེས་སུ་ལིངྒ་ཁ་ཕྱེད་ལ་སྭ་བྷཱ་ཝས་སྟོང་པར་བསམ། སྟོང་པའི་ངང་ལས་ཎིའི་ཡི་གེར་གྱུར་པའམ། མིང་གི་དང་པོའི་ཡི་གེར་གྱུར་པ་ལས་བསྒྲུབ་བྱ་དབང་པོ་དང་སྐྱེ་མཆེད་ཡོངས་སུ་རྫོགས་པར་བསྐྱེད་ལ། གོང་བཞིན་རྣམ་པར་ཤེས་པ་ཡང་ནས་ཡང་དུ་བསྟིམ་ནས་ལིངྒ་དེ་ཉིད་དེར་ངེས་པར་དམིགས་ལ། དངོས་སུ་ཐུན་རྫས་ཀྱི་བྲབ་ཅིང༌། ཡིད་ཀྱིས་ཐུན་རྫས་རྣམས་ཁྲོ་བོ་དང་མེའི་ཕུང་པོ་ཚ་ཞིང་རབ་ཏུ་གདུངས་པས་དགྲ་བགེགས་ཀྱི་ལུས་ལ་བྲབས་པས་ལུས་ཐལ་བའི་ཕུང་པོར་བྱས། སེམས་ཀྱི་སྡིག་སྒྲིབ་ཐམས་ཅད་བསྲེག་པར་བསམ་ཞིང་དྲག་ཏུ་བྲབ་པར་བྱའོ། །དེའི་ཚེ་ནག་པོ་ཆེན་པོ་དང༌། ལྷ་མོའི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་བོ་མདའ་དང༌། མདུང་དང༌། རལ་གྲི་དང༌། ཐོ་ལུམ་མེ་འབར་བ་དུ་མ་ཐོགས་པ་བྱུང་ནས། དེ་རྣམས་ཀྱིས་བསྒྲུབ་བྱའི་ལུས་ལ་མཚོན་གྱི་ཆར་ཕབ་པར་བསམ་ཞིང་གཟུངས་རིང་གི་མཐར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླ་བར་བྱའོ། །དེའི་མཐར་ལྷ་མོའི་སྔགས་སྤེལ་ཚིག་དང་བཅས་པ་བཟླའོ། །མཐར་བསྒྲུབ་བྱའི་རྣམ་ཤེས་མི་བསྐྱོད་པའི་ཞིང་དུ་སངས་རྒྱས། ལུས་ཐལ་བའི་རང་བཞིན་དུ་གྱུར་པར་བསམས་ལ་ལྷ་མཆོད་དེ་བཟོད་པར་གསོལ་ནས། ཕོ་ཉ་དེ་རྣམས་དེའི་ཐུགས་ཀར་བསྡུ། ལིངྒ་ཁ་བཅད་ལ་གཏོར་མ་ལ་སོགས་པས་མནན། རང་ཅི་བདེར་སྤྱད། དེ་ལྟ་བུ་ཐུན་བཞིའམ་དྲུག་གིས་ངེས་པར་བསྒྲུབ། ཅི་ཞིག་ལྟར་ན་ལིངྒ་འགུལ་བ་ལ་སོགས་པའི་རྟགས་བྱུང་ན་མེས་གདུང་བར་བྱ་སྟེ། ཕྱི་དྲོའི་དུས་སུ་མཆོད་པ་དང༌། གཏོར་མ་སྔོན་དུ་སོང་ནས་འབྲས་ཀྱི་ཕུབ་མ་དུར་ཁྲོད་ཀྱི་མེ་སྦར་བ་དུ་བ་ཡལ་བ་ལ། ནག་པོ་ཆེན་པོའི་ཐུགས་ཀའི་ཧཱུྃ་ལས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་འཕྲོས་ནས་ཐིམ་པས་མེ་དེ་ཚ་ཞིང་གདུང་བར་བསམ་མོ། །དེ་ལྕགས་ཀྱི་ཐུར་མས་ལིངྒའི་བཤང་ལམ་ནས་བཙུགས་ནས། བདག་གི་ལག་པ་གཡོན་པས་བཟུང་ལ་བླ་ལོག་བསྒྱུར་ཞིང་སྤྲ་ཚིལ་མ་ཞུ་ཙམ་དུ་མེ་ལ་གདུངས་ལ། ལག་པ་གཡས་པས་ཕྲེང་བའི་གྲངས་བཟུང་ཞིང༌། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་བཟླ་ཞིང་ནམ་ཕྱེད་ལ་ཐུག་གི་བར་དུ་བསྒྲུབ་པར་བྱའོ། །དེ་ནས་ལིངྒ་འབྲུབ་ཁུང་དུ་བཅུག་ནས་སྣ་ཚོགས་རྡོ་རྗེས་ཁ་བཅད་མེ་མ་ཤི་བར་བྱའོ། །དེ་ལྟ་བུ་ཞག་བདུན་བྱས་པས། དེ་ཡི་ཚེ་ན་མི་སྣང་འགྱུར། །ཞེས་ཤེས་པར་བྱའོ། །གལ་ཏེ་དེས་ཀྱང་དེ་ལྟར་མ་གྱུར་ན་སྦྱིན་སྲེག་གི་ཆོ་ག་བརྩམ་པར་བྱ་སྟེ། རྗེ་བཙུན་བླ་མས་དྲག་པོའི་སྦྱིན་སྲེག་གི་ཡི་གེ་མཛད་པ་ལྟར་ཉམས་སུ་བླང་བར་བྱ་སྟེ། དུས་ནི་ཉི་ཤུ་དགུའི་ནམ་ཕྱེད་དོ། །བསྲེག་རྫས་ནི་ཚེར་མ་སྣ་ཚོགས་དང༌། ཐང་ཕྲོམ་གྱི་འབྲས་བུ། ཡུངས་ཀར་ཡུངས་ནག ལྕགས་ཕྱེ། ཟངས་ཕྱེ། རྡོ་བྲག་གི་ཕྱེ་མ། ཁྲག་སྣ་དུག་སྣ། གོང་གི་ཐུན་རྫས་དང་ལིངྒའི་དུམ་བུ་རྣམས་སོ། །སྔགས་ནི་གོང་དུ་བསྟན་པ་ཉིད་དོ། །དེ་དག་ནི་ཁྱད་པར་རོ། །གཞན་ནི་གཞན་དུ་ཤེས་པར་བྱའོ། །མཐར་ནག་པོ་ཆེན་པོ་འཁོར་དང་བཅས་པ་ལ་མཆོད་པ་དང་གཏོར་མ་ཆེན་པོས་མཉེས་པར་བྱས་ལ་གསོལ་བ་གདབ། མཎྜལ་གྱི་ལྷ་གཤེགས་སུ་གསོལ། སྦྱིན་སྲེག་གི་ཐལ་བ་རྣམས་ལམ་གྱི་བཞི་མདོའམ་མཆོད་རྟེན་གྱི་འོག་ཏུ་མནན་པར་བྱའོ། །སྒྲུབ་པའི་སྐབས་རྣམས་སུ་ལྷ་འདྲེ་ཟ་ལམ་བསྟན་པའི་ཕྱིར་དགྲའི་ཕྱོགས་སུ་གཏོར་ཟོར་འཕང་ངོ༌། །ཇི་སྲིད་གྲུབ་པའི་བར་དེ་སྲིད་དུ་བསྒྲུབ་པར་བྱའོ། །དབང་བསྐུར་བ་ཕྱིན་ཅི་མ་ལོག་པར་ཐོབ་ཅིང༌། དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས། བླ་མ་དམ་པའི་སྐུ་དགྲར་གྱུར་པ་དང༌། བསྟན་པ་སྤྱི་ལ་གནོད་པར་བྱེད་པ་དང༌། སེམས་ཅན་མང་པོ་ལ་འཚེ་བར་བྱེད་པའི་གདུག་པ་ཅན་མཐོང་ན། ཞི་བའི་སྒོ་ནས་ཡང་ནས་ཡང་དུ་བཟློག་པར་བྱའོ། །དེ་ལྟར་བྱས་ཀྱང་བཟློག་པར་མ་ནུས་ན། བླ་མའམ་ཡི་དམ་ལ་ཞུས་ཏེ། བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་ནས་ཐབས་ལ་མཁས་པའི་ཁྱད་པར་དང་ལྡན་པར་བྱའོ། །བདག་ཉིད་དང་ཞེ་འགྲས་པ་ཙམ་གྱིས་ཞེ་སྡང་གིས་ཀུན་ནས་བསླངས་ཏེ་བསྒྲུབས་ན་ཉེས་པ་ཆེན་པོར་འགྱུར་བས་དུས་ནམ་ཡང་དེ་ལྟར་མི་བྱའོ། །ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་སྙིང་རྗེ་ཡིན་ཞིང༌། གསང་སྔགས་ཀྱི་ལམ་གྱི་མཐར་ཐུག་བླ་མ་ཡིན་པས་སྙིང་རྗེ་ཆེན་པོ་དང་དད་པ་ཆེན་པོས་བསྒྲུབས་ན་བདག་ཉིད་ཀྱང་གནས་སྐབས་ཀྱི་ཆེད་དུ་བྱ་བ་འགྲུབ་ཅིང༌། ལམ་གྱི་གྲོགས་སུ་འགྱུར་ལ། བསྒྲུབ་བྱའི་སྡིག་པ་སྦྱོང་བའི་མཆོག་ཏུ་འགྱུར་རོ། །དེ་དག་གིས་ནི་ལས་ལ་སྦྱར་བ་བསྟན་ཟིན་ཏོ། །དེ་ལྟར་བསྟན་འདི་བདེ་བར་གཤེགས་པའི་གསུང༌། །གྲུབ་པའི་སྐྱེས་བུ་རྣམས་ལས་བརྒྱུད་གྱུར་ཞིང༌། །བླ་མའི་ཞལ་ལས་ལེགས་པར་རྙེད་པ་འདི། །དོན་ཟབ་རྙེད་དཀའ་དམན་པའི་ཡུལ་མིན་པས། །ཡི་གེར་བཀོད་པ་མི་རིགས་དེ་ལྟ་ནའང༌། །དོན་གཉེར་སྐྱེ་བོ་འགའ་ཡིས་རབ་བསྐུལ་ནས། །བླ་མ་རྡོར་འཛིན་སྲས་དང་བཅས་རྣམས་ལ། །གུས་པས་མཆོད་དེ་གསོལ་བ་བཏབ་ནས་འདིར། །དད་དང་བརྩེ་བའི་བསམ་པས་བདག་གིས་བྲིས། །མི་ཤེས་བག་མེད་ཉོན་མོངས་དབང་གྱུར་པ། །བདག་བློས་ཉེས་པ་གང་དང་ཅི་མཆིས་པ། །དེ་ཀུན་དཔལ་ལྡན་བླ་མ་དམ་པ་དང༌། །རྒྱལ་དང་དེ་སྲས་མཁའ་འགྲོའི་ཚོགས་རྣམས་དང༌། །ནག་པོ་ཆེན་པོ་འཁོར་དང་བཅས་རྣམས་ཀྱིས། །བརྩེ་བ་ཆེན་པོས་བཟོད་པར་མཛད་ནས་ཀྱང༌། །རྣམ་པ་ཀུན་ཏུ་བདག་ལ་བྱིན་གྱིས་རློབས། །དེ་ལས་བྱུང་བའི་དགེ་བའི་རྩ་བ་དེས། །བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རབ་བཅོམ་ནས། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་གྱུར་ཏེ། །ལུས་ཅན་ཀུན་གྱི་སྐྱབས་སུ་བདག་གྱུར་ཅིག །འདི་ནི་ལེགས་པར་བརྟགས་པ་ཡིས། །སྐྱེ་བོ་འགའ་ལ་སྦྱིན་བྱ་ཡི། །ཀུན་ལ་ནམ་ཡང་མ་ཡིན་ནོ། །ཤེས་ལྡན་དག་གིས་བག་ཡོད་བྱོས། །གལ་ཏེ་འདི་ནི་སྐལ་མེད་ལ། །བྱིན་ཞིང་དམ་ཚིག་ལས་འདས་ན། །ནག་པོ་ཆེན་པོའི་ཟངས་གྲི་ཡིས། །དེ་ཡི་སྙིང་ཡང་དགས་པར་གྱིས། །བླ་མ་ལ་གུས་ཚུལ་བཞིན་སྤྱོད། །དམ་ཚིག་ལ་གནས་སྒྲུབ་པ་པོས། །ཇི་སྲིད་བྱང་ཆུབ་ཐོབ་ཀྱི་བར། །དེ་སྲིད་དེ་ཡི་དོན་ཀུན་སྒྲུབས། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་སྒྲུབ་པའི་ཐབས་འདི་ནི་བླ་མའི་གསུང་ལས་ཇི་ལྟར་བྱུང་བ་བཞིན། གཞན་གྱིས་གསོལ་བ་བཏབ་པའི་ངོར་རྡོ་རྗེ་འཛིན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས། ཆུ་ཕོ་བྱི་བའི་ལོ་ལ་མེ་ཉག་གི་ཡུལ་དུ་སྦྱར་བ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*