༼བ༽
༄༅། །བདུད་རྩི་ལྔ་མཆོད་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །རཀྟའི་རྒྱ་མཚོ་རབ་བསྐྱིལ་བ། །ལྤུ་བའི་ཕྲེང་བ་འཁྲིགས་པ་ཡི། །ཨརྒྷཾ་མཆོག་གི་མཆོད་པ་འདི། །དཔལ་ལྡན་མ་ཧཱ་ཀཱ་ལ་དང༌། །འདོད་ཁམས་དབང་ཕྱུག་མ་ལ་འབུལ། །དམ་ཚིག་དབང་གིས་བཞེས་ནས་ཀྱང༌། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལི་དེ་ཝཱི་ཡེ། མ་ཧཱ་རཀྟ་ས་མུ་དྲ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དགྲ་བགེགས་རྣམས་ཀྱི་མིག་དང་ནི། །རྣ་བ་དང་ནི་དེ་བཞིན་སྣ། །ལྕེ་དང་ཙིཏྟ་ཡང་དག་ལྡན། །དབང་པོ་ལྔ་ཡི་མེ་ཏོག་འདི། །དཔལ་ལྡན་མ་ཧཱ་ཀཱ་ལ་དང༌། །འདོད་ཁམས་དབང་ཕྱུག་མ་ལ་འབུལ། །དམ་ཚིག་དབང་གིས་བཞེས་ནས་ཀྱང༌། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཨོ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་ཝཱི་ཡེ། པཉྩ་ཨིནྡྲ་གུ་ཧྱ་པུཥྤེ་ཨཱཿཧཱུྃ། དགྲ་བགེགས་རྣམས་ཀྱི་ཚིལ་ཆེན་པོ། །བདུད་རྩི་ལྔ་དང་ཡང་དག་ལྡན། །བྱིན་ཟ་ཆེན་པོར་བསྲེགས་པ་ཡི། །བདུག་པའི་སྤྲིན་གྱི་མཆོད་པ་འདི། །དཔལ་ལྡན་མ་ཧཱ་ཀཱ་ལ་དང༌། །འདོད་ཁམས་དབང་ཕྱུག་མ་ལ་འབུལ། །དམ་ཚིག་དབང་གིས་བཞེས་ནས་ཀྱང༌། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་ཝཱི་ཡེ། མ་ཧཱ་མེ་ད་གུ་ཧྱ་དྷཱུ་པེ་ཨཱཿཧཱུྃ། དགྲ་བགེགས་རྣམས་ཀྱི་སྦྲང་ཆེན་པོ། །སྲ་བའི་རས་ཀྱི་སྡོང་བུར་བཅས། །ཡི་དྭགས་མེ་ཡིས་སྦར་བ་ཡི། །སྣང་གསལ་མཆོག་གི་མཆོད་པ་འདི། །དཔལ་ལྡན་མ་ཧཱ་ཀཱ་ལ་དང༌། །འདོད་ཁམས་དབང་ཕྱུག་མ་ལ་འབུལ། །དམ་ཚིག་དབང་གིས་བཞེས་ནས་ཀྱང༌། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་ཝཱི་ཡེ། མ་ཧཱ་མ་དྷུ་ར་གུ་ཧྱ་ཨཱ་ལོ་ཀེ་ཨཱཿཧཱུྃ། དགྲ་བགེགས་རྣམས་ཀྱི་ཁྲག་དང་ཞག །བདུད་རྩི་ལྔ་ཡིས་ཡང་དག་སྦགས། །ནུས་པ་མཆོག་དང་རབ་ལྡན་པ། །རབ་ཏུ་སྦྱར་བའི་དྲི་མཆོག་འདི། །དཔལ་ལྡན་མ་ཧཱ་ཀཱ་ལ་དང༌། །འདོད་ཁམས་དབང་ཕྱུག་མ་ལ་འབུལ། །དམ་ཚིག་དབང་གིས་བཞེས་ནས་ཀྱང༌། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་ཝཱི་ཡེ། མ་ཧཱ་བ་ས་རུ་དྷི་ར་གུ་ཧྱ་གནྡྷེ་ཨཱཿཧཱུྃ། དགྲ་བགེགས་རྣམས་ཀྱི་ཤ་རུས་ཀྱི། །བཟའ་བ་ཁྲག་གི་བཏུང་བར་ལྡན། །རི་རབ་རྒྱ་མཚོར་མཉམ་པ་ཡི། །རོ་བརྒྱ་ལྡན་པའི་མཆོད་པ་འདི། །དཔལ་ལྡན་མ་ཧཱ་ཀཱ་ལ་དང༌། །འདོད་ཁམས་དབང་ཕྱུག་མ་ལ་འབུལ། །དམ་ཚིག་དབང་གིས་བཞེས་ནས་ཀྱང༌། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་ཝཱི་ཡེ། མ་ཧཱ་མཾ་ས་རཀྟ། བྷུཉྫ་ཐ། པི་པ་ཐ་ཨཱཿཧཱུྃ། དྲིལ་བུ་དམ་ཚིག་སྐུལ་བའི་སྒྲ། །རྔ་ཆེན་ཀུན་ནས་བརྗིད་པའི་སྒྲ། །དུང་ཆེན་གླིང་བུ་སྙན་པའི་སྒྲ། །ཅང་ཏེའུ་ཕྲིན་ལས་སྐུལ་བའི་སྒྲ། །གསང་བའི་རྡེའུ་ཆུང་དབང་སྡུད་སྒྲ། །སྣ་ཚོགས་རོལ་མོ་མཆོད་པའི་སྒྲ། །འཇིགས་བྱེད་ཆེན་པོ་མཉེས་བྱེད་པའི། །ཟབ་བརྗིད་སྙན་པའི་སྒྲ་དབྱངས་འདི། །དཔལ་ལྡན་མ་ཧཱ་ཀཱ་ལ་དང༌། །འདོད་ཁམས་དབང་ཕྱུག་མ་ལ་འབུལ། །དམ་ཚིག་དབང་གིས་བཞེས་ནས་ཀྱང༌། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་ཝཱི་ཡེ་ཤཔྡ་པཱུ་ཛི་ཏེ་ཨཱཿཧཱུྃ། གཡང་གཞིའི་བླ་རེ་ནམ་མཁའི་རྒྱན། །རྒྱུ་རློན་ལྡ་ལྡི་བར་སྣང་རྒྱན། །ཀེང་རུས་ཕྲེང་བ་ས་གཞིའི་རྒྱན། །ཕྱག་རྒྱ་རྣམ་དྲུག་སྐུ་ཡི་རྒྱན། །འཇིགས་བྱེད་ཆེན་པོ་མཉེས་བྱེད་པའི། །བླ་ན་མེད་པའི་མཆོད་པ་འདི། །དཔལ་ལྡན་མ་ཧཱ་ཀཱ་ལ་དང༌། །འདོད་ཁམས་དབང་ཕྱུག་མ་ལ་འབུལ། །དམ་ཚིག་དབང་གིས་བཞེས་ནས་ཀྱང༌། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་ཝཱི་ཡེ། གུ་ཧྱ་ཨཱ་ལཾ་ཀྲི་ཏ་པཱུ་ཛི་ཏེ་ཨཱཿཧཱུྃ། མྱོས་བྱེད་སྟོང་གི་བཅུད་བསྡུས་པ། །ལྕགས་ཀྱུ་ལྔ་དང་ཡང་དག་ལྡན། །བདུད་རྩི་ལྔ་དང་རབ་སྦྱར་ཏེ། །ཡེ་ཤེས་ལྔ་ཡིས་བྱིན་རླབས་པ། །ཁ་དོག་དྲི་རོ་ནུས་པར་ལྡན། །དངོས་གྲུབ་པདྨོ་འབྱུང་བའི་གནས། །མཁའ་འགྲོ་ངང་པ་འདུ་བའི་གཞི། །གསང་བ་བདུད་རྩིའི་རྒྱ་མཚོ་འདི། །དཔལ་ལྡན་མ་ཧཱ་ཀཱ་ལ་དང༌། །འདོད་ཁམས་དབང་ཕྱུག་མ་ལ་འབུལ། །དམ་ཚིག་དབང་གིས་བཞེས་ནས་ཀྱང༌། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་ཝཱི་ཡེ། གུ་ཧྱ་ཨ་མྲྀ་ཏ་ས་མུ་དྲ་པཱུ་ཛི་ཏེ་ཨཱཿཧཱུྃ། དགྲ་བགེགས་རྣམས་ཀྱི་ཤ་དང་ཁྲག །སྒྲོན་མ་ལྔ་དང་བདུད་རྩི་ལྔ། །བཟའ་དང་བཏུང་བ་སྣ་ཚོགས་བཅས། །སྣ་ཚོགས་རྒྱན་གྱིས་མཛེས་བྱས་པ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །བཞེད་དགུ་འབྱུང་བའི་རྒྱ་མཚོར་ནི། །མངོན་པར་བྱིན་གྱིས་བརླབས་ནས་ཀྱང༌། །དམ་ཚིག་བཞིན་དུ་བདག་འབུལ་གྱིས། །ཐུགས་དམ་བཞིན་དུ་བཞེས་མཛོད་ལ། །དམ་བཅས་བཞིན་དུ་རྗེས་དགོངས་ནས། །རྣལ་འབྱོར་བདག་གིས་བཅོལ་བ་ཡི། །ལས་རྣམས་ཐམས་ཅད་གྲུབ་པར་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་ཝཱི་ཡེ། མ་ཧཱ་པཉྩ་མཾ་ས། མ་ཧཱ་པཉྩ་ཨ་མྲྀ་ཏ་བ་ལིནྟ་པཱུ་ཛི་ཏེ་ཨཱཿཧཱུྃ། རྡོ་རྗེ་རྒྱལ་པོ་རབ་ཁྲོས་པའི། །ཁྲོ་བོའི་ཁྲོ་བོ་མཉེས་བྱེད་པ། །གསང་བའི་མཆོད་གཏོར་རིམ་པ་འདི། །རྡོ་རྗེ་འཛིན་པ་འཕགས་པས་སྦྱར།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply