༼བ༽
༄༅། །མགོན་པོའི་བསྟོད་པ་བཞུགས།།
༄༅། །ན་མོ་གུ་རུ་བྷྱཿན་མ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཧཱུྃ་གང་གི་ཐུགས་ནི་དབྱིངས་ལས་མ་གཡོས་ཀྱང༌། །རྒྱལ་བ་ཀུན་གྱི་ཕྲིན་ལས་བསྒྲུབ་པའི་ཕྱིར། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད་པ། །དཔལ་ཆེན་གཏུམ་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་སྐུ་ལྷུན་པོ་ལྟ་བུར་རབ་བརྗིད་ཅིང༌། །མི་འགྱུར་ནམ་མཁའི་མདངས་ལྟར་རབ་ཏུ་མཛེས། །ཆོས་ཀུན་དེ་བཞིན་ཉིད་དུ་གཅིག་པའི་དབུ། །བདེན་གཉིས་ཟབ་མོའི་དོན་མཚོན་ཕྱག་དང་ཞབས། །སྐྱོན་དྲུག་གཅོད་ཅིང་བདུད་སྡེའི་དཔུང་འཇོམས་ཕྱིར། །གཡས་པའི་ཕྱག་གིས་གྲི་གུག་ཐུགས་ཀར་འཛིན། །འདོད་ཁྲོ་རྨོངས་སྤངས་གཡོན་པའི་ཕྱག་གིས་ནི། །གདུག་པའི་ཁྲག་གིས་བཀང་བའི་ཐོད་པ་འཛིན། །ཆོས་སྒྲ་ཆེན་པོས་བདུད་ཀྱི་ཀླད་འགེམས་ཕྱིར། །རྣམ་འཕྲུལ་གཎྜཱི་ཕྱག་གི་དབུས་ན་བསྣམས། དེ་བཞིན་གཤེགས་པ་ལྔ་ནི་རྣམ་དག་པས། །མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་ཅན། །ཨཱ་ལི་ཀཱ་ལི་ལྔ་བཅུ་དག་པའི་ཕྱིར། །གདུག་པའི་མགོ་རློན་ལྔ་བཅུའི་དོ་ཤལ་འཛིན། །གཟུང་འཛིན་རབ་སྤངས་སྟག་གི་ཤམ་ཐབས་ཅན། །ཀླུ་ཆེན་དབང་དུ་བསྡུས་པའི་སྦྲུལ་གྱིས་བརྒྱན། །རིན་ཆེན་རུས་པའི་རྒྱན་གྱིས་རབ་ཏུ་སྒེག །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་པས་དཔའ། །ཁྲོ་གཉེར་མཆེ་བ་རང་གཙིགས་མི་སྡུག་པ། །སྣ་ཚོགས་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །གང་གི་གསུང་ནི་ནམ་མཁའི་མཐས་གཏུགས་པར། །ཧ་ཧ་ཧི་ཧི་སོགས་པས་རབ་ཏུ་བཞད། །ཧཱུྃ་ཧཱུྃ་ཕཊ་ཕཊ་ལ་སོགས་དྲག་ཤུལ་སྒྲས། །བདུད་དང་ལོག་འདྲེན་ཚོགས་རྣམས་སྐྲག་པར་མཛད། །དཔའ་བོ་གསུང་གི་ང་རོ་འབྲུག་སྟོང་སྒྲ། །ཤིན་ཏུ་འཇིགས་རུང་སྒྲོགས་པ་དེ་ལ་འདུད། །ཁྱོད་ཀྱི་ཐུགས་ནི་སྤྲོས་ལས་རྣམ་གྲོལ་ཡང༌། །སྙིང་རྗེ་དབང་གིས་འགྲོ་བའི་ཡིད་ལ་འཇུག །སྐད་ཅིག་གཅིག་གིས་ཁམས་གསུམ་མ་ལུས་པ། །བཟའ་བར་ནུས་པའི་རྔམ་པ་མཆོག་དང་ལྡན། །དེ་ལྟའི་སྤྲུལ་པ་སྣ་ཚོགས་རབ་སྟོན་ཡང༌། །རང་བཞིན་ཆོས་སྐུ་ཉེར་ཞིའི་ཐུགས་ལ་འདུད། །དཔའ་བོ་ཁྱོད་ཀྱིས་ཐུབ་པའི་བསྟན་པ་མཆོག །རབ་ཏུ་བསྐྱང་ཕྱིར་ལོག་འདྲེན་འདུལ་བ་དང༌། །གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི། །ལམ་ལ་གནས་པའི་རྡོ་རྗེ་འཛིན་པ་སྐྱོངས། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི། །རྨི་ལམ་ལྟས་སྡིག་སྐལ་བ་ངན་པ་དང༌། །ནད་དང་གདོན་དང་དུས་མིན་འཆི་ལ་སོགས། །མི་མཐུན་ཕྱོགས་རྣམས་ཞི་བར་མཛད་དུ་གསོལ། །བདག་དང་གཞན་ལ་ཕན་པར་གང་སེམས་པ། །དེ་དག་ཀུན་གྱི་ཚེ་དང་བསོད་རྣམས་དང༌། །འཁོར་དང་ལོངས་སྤྱོད་མཐུ་དང་དབང་ཕྱུག་ཀུན། །རྟག་ཏུ་མི་ཉམས་རྒྱས་པར་མཛད་དུ་གསོལ། །ལྷ་དང་མི་དང་ཀླུ་དང་གནོད་སྦྱིན་སོགས། །འགྲོ་བ་ཀུན་གྱི་གདུག་པའི་སེམས་ཞི་ནས། །ཐམས་ཅད་བདག་གི་དབང་དུ་གྱུར་ནས་ཀྱང༌། །ཐེག་མཆོག་སྟོན་པའི་སྣོད་དུ་འགྱུར་བར་མཛོད། །གང་ཞིག་ཞི་བས་གདུལ་བར་མི་ནུས་པ། །གདུག་ཅིང་གཏུམ་པའི་སེམས་དང་རབ་ལྡན་པས། །བླ་མ་དམ་པའི་སྐུ་ལ་བསྡོ་བ་དང༌། །སེམས་ཅན་ལ་འཚེ་ཐུབ་པའི་བསྟན་ལ་གནོད། །རྣལ་འབྱོར་རྡོ་རྗེ་འཛིན་པ་བདག་ཅག་གི །སྒྲུབ་ལ་བར་དུ་གཅོད་པར་བྱེད་པ་ཡི། །གདོན་དང་ལོག་པར་འདྲེན་པའི་ཚོགས་ཀུན་ལ། །གཏུམ་པོ་ཁྱོད་ཀྱིས་མངོན་སྤྱོད་ལས་ཀྱིས་ནི། །བསྐྲད་གཟིར་བཅིང་ཞིང་རེངས་པར་བྱེད་པ་དང༌། །རྨུགས་ཤིང་དྲན་པ་རབ་ཏུ་ཉམས་པ་དང༌། །དེ་ཡི་ལུས་ངག་ཡིད་ཀྱི་རྫུ་འཕྲུལ་དང༌། །མཐུ་དང་ལོངས་སྤྱོད་དབང་ཕྱུག་ཚོགས་རྣམས་ཀུན། །སྐད་ཅིག་གིས་ནི་ཐམས་ཅད་རབ་ཉམས་ནས། །འདུ་བ་རྣམ་བཞིའི་ནད་ཀྱིས་གཟིར་ནས་ཀྱང༌། །ཁ་ནས་ཁོང་ཁྲག་དྲོན་མོ་རབ་སྐྱུགས་ནས། །ད་ལྟ་ཉིད་དུ་གསད་ཅིང་བསྒྲལ་བར་གྱིས། །བདག་གིས་བསྒོ་བའི་ཚིག་འདི་མ་བསྒྲུབས་ན། །སྔོན་ཚེ་བདེ་བར་གཤེགས་པའི་སྤྱན་སྔ་རུ། །ཐུབ་པའི་བསྟན་པ་བསྲུང་བར་ཁས་བླངས་པ། །དམ་བཅས་ཙམ་གྱུར་དེ་སླད་མ་གཡེལ་ཅིག །དེ་ལྟར་བསྟོད་ཅིང་བསྐུལ་བའི་ཚིག་འདི་ཡང༌། །བསྟན་པ་དྲི་མེད་མཆོག་ལ་རབ་དད་ཅིང༌། །གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི། །རྡོ་རྗེ་འཛིན་པ་བློ་གྲོས་རྒྱལ་མཚན་དཔལ། །སྐལ་བ་བཟང་པོས་རབ་སྦྱར་འབད་པ་ལས། །ཐོབ་པའི་དགེ་བ་དྲི་མེད་དེ་ཡིས་བདག །ཇི་སྲིད་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །དཔལ་ཆེན་རྡོ་རྗེ་ནག་པོ་ཁྱོད་ཀྱིས་ནི། །ལམ་གྱི་བར་དུ་གཅོད་པ་ཀུན་བསལ་ནས། །བདུད་སྡེ་དཔུང་བཅས་མ་ལུས་ཟིལ་མནན་ཏེ། །་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །ལྕགས་ཕོ་ཁྱིའི་ལོ་རྒྱལ་གྱི་ཟླ་བ་ལ་མི་ཉག་གི་ཡུལ་བྱང་ངོས་སུ་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply