བགེགས་གཏོར།

༼བ༽

༄༅། །བགེགས་གཏོར་བཞུགས།།

༄༅། །བགེགས་གཏོར་ནི་བསང་བ་ནས་སྟོབས་བརྗོད་པའི་བར་སྔ་མ་དང་འདྲའོ། །དེའི་འོག་ཏུ་བདག་ཉིད་ཁྲོ་བོར་གསལ་བར་དམིགས་ཏེ་ཁྲོ་བོ་གང་ཡིན་པ་དེའི་སྔགས་བརྒྱའམ་སྟོང་བཟླས་ཏེ་བསྐུལ་ལ། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། གསང་སྔགས་དང་རིག་སྔགས་རྣམས་ཀྱི་བྱིན་གྱི་བརླབས་ཀྱིས། བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་ཡུད་ཙམ་ཐད་ཅིག་འདི་ཉིད་ལ་འདིར་མཆིས་པར་གྱུར་ཅིག ཅེས་བརྗོད་པ་ལྕགས་ཀྱུ་འདོད་པའི་རྒྱལ་པོའི་སྔགས་དང་ཕྱག་རྒྱ་དགུག་པར་བྱའོ། །མཆོད་ཡོན་སྦྲེང་ལ་མདུན་དུ་བྱོན་པར་བསམས་ལ། ཨོཾ་གུངྐ་རི་གུངྐ་རི་སྭཱ་ཧཱ། ཨོཾ་པི་ཙི་པི་ཙི་སྭཱ་ཧཱ། ཨོཾ་གུང་གུང་སྭཱ་ཧཱ། ཞེས་པ་དང༌། ཕྱོགས་སྐྱོང་མཆོད་པའི་སྔགས། གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པས་མཆོད་པར་བྱའོ། །དེའི་འོག་ཏུ་ཚིགས་སུ་བཅད་པ་འདིས་བསྔོ་བར་བྱའོ། །གང་ཞིག་མཚན་མོར་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང༌། །སྲིན་པོ་ཤ་རྗེན་ཟ་བ་དང༌། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་ལ་སོགས་གནས། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆེན་འབྲས་བུ་མང་པོ་སྦྱིན། །མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང༌། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས། །ཞེས་བྱ་བས་བསྔོ་བ་བྱའོ། །དེ་ནས་ཚིག་འདིས་བདེན་པ་བདར་ཏེ། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང༌། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེ་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ་ཆེན་པོའམ་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་ཉེ་བར་ཕྱུང་ནས་སུ། །གདོན་དེ་རང་གི་གནས་སུ་དེང༌། །དེ་ལྟར་བདག་གིས་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡིས། །དམ་ཚིག་གནས་ལ་གནས་ནས་སུ། །བདག་གི་བསམ་པ་སྐོང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང༌། །འདིར་ནི་ཆེ་གེ་མོ་ཞིག་གི །ནད་དེ་རབ་ཏུ་བསལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་སོང༌། །ཞེས་བརྗོད་ལ། སརྦ་བིགྷྣཱཾ་གཙྪ་ཞེས་པས་སླར་གཏང༌། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མཚམས་བཅད་པ་ནི། ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾ་ཥྚྲོ་ཏྐ་ཊ་བྷཻ་ར་ཝཱ་ཡ། ཨ་སི་མུ་ས་ལ། པ་ར་ཤུ་པཱ་ཤ་ཧསྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། བི་གྷཾ་བི་ནཱ་ཡ་ཀ་ནཱ། མ་ཧཱ་ག་ཎ་པ་ཏི། ཛཱི་བི་ཏ་ཨནྟ་ཀ་རཱ་ཡ་སྭཱ་ཧཱ། དཔལ་གསང་བ་འདུས་པ་ལས་འབྱུང་བའོ། །ཆ་གསུམ་གཏོར་མ་འབྲིང་པོའི་ཆོ་ག་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*