ཀླུ་གཏོར།

༼བ༽

༄༅། །ཀླུ་གཏོར་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཀླུ་གཏོར་གཏོང་བར་འདོད་པས། དཀར་གཏོར་གཙང་མ་བཤམས་ལ། སྐྱབས་འགྲོ་དང་སེམས་བསྐྱེད་བྱ། རང་ཡི་དམ་གྱི་ལྷ་གང་རུང་དུ་བསྒོམ། གཏོར་མ་ལ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་བསྟན་ནས། ཨོཾ་བཛྲ་ཡཀྵ་ཧཱུྃ་ཞེས་ལན་གསུམ་བརྗོད་པས་མ་དག་པ་བསངས། རྡོ་རྗེ་མེའི་ཕྱག་རྒྱ་བསྟན་ནས། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། ཅེས་བརྗོད་པས། རིན་པོ་ཆེའི་སྣོད་རྒྱ་ཆེན་པོ་བདུད་རྩིས་གང་བར་བསམ། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་འདེབས་པའི་ཚུལ་བྱ་ཞིང༌། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས། གཏོར་མ་ལས་ཀླུ་རྣམས་ཀྱིས་ཅི་འདོད་པ་ཐོགས་པ་མེད་པར་འབྱུང་བར་བསམ། འདོད་པའི་རྒྱལ་པོའི་ཕྱག་རྒྱ་བཅས་ལ། རང་གི་སྙིང་ག་ནས་འོད་འཕྲོས་པས། ཀླུའི་རྒྱལ་པོ་འཁོར་དང་བཅས་པ་དང༌། བྱེ་བྲག་ཏུ་རང་ལ་གནོད་པ་ཐམས་ཅད་སྤྱན་དྲངས་པར་བསམ་ཞིང༌། ཨོཾ་བ་ཏ་ལི་བ་ཏ་ལི་མ་ཧཱ་བ་ཏ་ལི་ཧཱུྃ་ཧཱུྃ་ཛཿཛཿསྭཱ་ཧཱ། ཞེས་ལན་གསུམ་དང༌། ཨོཾ་ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང༌། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་མོ་དང༌། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང༌། །སོག་མ་མེད་དང་ཧུ་ལུནྟ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང༌། །ཚ་བ་ཚ་བ་ཆེན་པོ་དང༌། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང༌། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང༌། །ལྟོ་འཕྱེ་ཆེ་དང་ཚི་ལི་དང༌། །ཚི་ལི་ཆེན་པོ་རྣམས་དག་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་སརྦ་བྷུརྦྷུ་ཝ་ཕྲུཾ་ཕུཿཧཱུྃ་སྭཱ་ཧཱ། ཞེས་བརྗོད་པས་མདུན་དུ་བྱོན་པར་བསམ། པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་བརྗོད་པས་སོ་སོ་ལ་པདྨའི་གདན་དབུལ། ཨོཾ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་གྲྀཧྞེ་དཾ་ཞེས་ཀུན་ལ་སྦྱར་ལ། ཨརྒྷཾ་སྭཱ་ཧཱས་མཆོད་ཡོན། པཱ་དྱཾ་སྭཱ་ཧཱས་ཞབས་བསིལ། པུཥྤཾ་སྭཱ་ཧཱས་མེ་ཏོག དྷཱུ་པཾ་སྭཱ་ཧཱས་བདུག་སྤོས། དཱི་པཾ་སྭཱ་ཧཱས་མར་མེ། གནྡྷཾ་སྭཱ་ཧཱས་དྲི། ནཻ་ཝི་དྱེ་སྭཱ་ཧཱས་ཞལ་ཟས་ཕུལ་ནས། ཀླུ་ཐམས་ཅད་ཀྱིས་གཏོར་མ་གསོལ་བར་བསམ་ཞིང༌། ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་བྱས་ལ། ཨོཾ་ཧི་ལི་ཧི་ལི། མ་ཧཱ་ཧི་ལི་ཕྲུཾ་ཕྲཾ་ཕྲཾ་ཕྲཾ་སྭཱ་ཧཱ། ཞེས་བརྗོད་ནས་སེ་གོལ་བརྡབས་པས་གཏོར་སྣོད་རེ་རེ་ལ་གསུམ་གསུམ་དང༌། ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛཱ་ཛཱུཾ་ཕྲུཾ་ཕུཿསྭཱ་ཧཱ། ཞེས་ལན་གསུམ་གསུམ་བརྗོད་པས་ཕུལ་ནས། ཡེ་དྷརྨཱ་ཧེ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏྟེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཞེས་པ་དང༌། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཆོས་ཀྱི་སྦྱིན་པ་བྱིན་ནས། ཀླུའི་རྒྱལ་པོ་ཆེན་པོ་བརྒྱད་ཀྱིས་གཙོ་བྱས་པའི་ཀླུའི་རིགས་སུ་གྱུར་པ་ཐམས་ཅད་དང༌། བྱེ་བྲག་ཏུ་བདག་ལ་གནོད་ཅིང་ལན་ཆགས་པའི་ཀླུ་དང་ས་བདག་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱུར་ཅིག གནོད་པ་དང་གདུག་པའི་སེམས་ཉེ་བར་ཞི་ནས། ཕན་པ་དང་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱིས་ཤིག ཅེས་བརྗོད་ནས། ཨོཾ་ནཱ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་གཙྪ། ཞེས་བརྗོད་པས། རང་གི་གནས་སུ་གཤེགས་པར་བསམ། བྱ་ཁྱུང་གི་ཕྱག་རྒྱ་བཅས་ནས། ཨོཾ་ག་རུ་ཌ་ཧཾ་ས་ཧེ་ཙ་ལ་སྭཱ་ཧཱ། ཞེས་བརྗོད་པས་ནག་པོའི་རིགས་ཀྱི་ཀླུ་གཞན་ཐམས་ཅད་བསྐྲད་པར་བསམ། གཏོར་མ་ས་གཙང་སར་གཏོང༌། དགེ་བའི་རྩ་བ་སངས་རྒྱས་སུ་བསྔོ། ཀླུའི་གཏོར་མ་རྡོ་རྗེ་གདན་བཞིའི་རྒྱུད་ལས་བྱུང་བ་བཞིན། ཆོས་རྗེ་ས་སྐྱ་པས་མཛད་པའི་ཕྱག་ལེན་འཕགས་པས་ཡི་གེར་བཀོད་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*