ཆུ་གཏོར།

༼བ༽

༄༅། །ཆུ་གཏོར་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྒྱུ་དང་ཚེགས་ཆུང་ཞིང་ཕན་ཡོན་དང་འབྲས་བུ་ཆེ་བའི་ཆུ་གཏོར་གཏང་བའི་རིམ་པ་ནི། འཁར་བ་དང་བསེ་མ་ཡིན་པའི་སྣོད་གཙང་མར་ཆུ་གཙང་མ་དང༌། ཕྱེ་གཙང་མ་དང་མེ་ཏོག་སྣ་ཚོགས་དང༌། སྨན་ལྔ་དང༌། འབྲུ་ལྔ་དང༌། རིན་པོ་ཆེ་ལྔ་དང༌། དྲི་ལྔ་དང༌། དར་སྣ་ཚོགས་པ་བཏབ་ལ། རང་ཉིད་བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ། དེ་ནས་སེསམ་ཅན་ཐམས་ཅད་ལ་དམིགས་པའི་ཚད་མེད་བཞི་བསྒོམ། ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མེད་པར་བསྒོམ། རང་བཞིན་མེད་པའི་ངང་ནས། ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཞེས་པའི་སྒྲ་གྲགས་པས་རང་གི་སེམས་པདྨ་དང་ཟླ་བའི་སྟེང་དུ་མུཾ་སེར་པོ་ཞིག་ཏུ་བསམ། དེའི་མཐའ་མར་ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཞེས་པའི་ཡི་གེས་གཡས་ཕྱོགས་སུ་བསྐོར་བར་བསྒོམ། དེ་རྣམས་ཡོངས་སུ་གྱུར་པ་ལས། རལ་གྲི་ཡུ་བར་མུྃ་གྱིས་མཚན་པ་ཅིག་ཏུ་བསྒོམ། དེ་ལས་འོད་ཟེར་ཕར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ནས་གཅིག་ཏུ་གྱུར་པ་ལས་རང་འཕགས་པ་འཇམ་དཔལ་དུ་གྱུར་པར་བསམ། པདྨ་དང་ཟླ་བའི་སྟེང་དུ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་པས་པུ་སྟི་ཐུགས་ཀར་འཛིན་པར་བསམ། དེའི་སྤྱི་བོར་ཧཱུྃ་སྔོན་པོ་ཅིག་བསམ། དེ་ནས་ཞུ་ནས་ཐིམ་པས་ལུས་ཐམས་ཅད་རྡོ་རྗེའི་གོ་གྱོན་པར་བསམ། སྔགས་ཀྱི་བཟླས་པའང་ཅི་རིགས་པར་བྱའོ། །དེ་དག་ནི་བསམ་རྒྱུད་ཀྱི་རིམ་པའོ། །དེ་ནས་ཡོ་བྱད་བརྟག་ཅིང་བྱིན་གྱིས་བརླབ་པ་ནི་ཆོས་ཉིད་རྣམ་པར་དག་པའི་ཕྱག་རྒྱ་བཅིངས་ལ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷ་སྶརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ། ཞེས་པས་ཉེས་པའི་སྐྱོན་ཐམས་ཅད་དག་པར་བསམ་མོ། །ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅིངས་ལ། ཨོཾ་ན་མོཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་བརྗོད་པས་གཏོར་མའི་ཡོ་བྱད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་སོ་སོའི་མོས་པ་དང་མཐུན་པའི་འདོད་པའི་ཡོན་ཏན་ལྔའི་ཡོ་བྱད་ནམ་མཁའི་ཁམས་གང་བར་གྱུར་པར་བསམ། བདུད་རྩི་འཁྱིལ་པའི་ཕྱག་རྒྱ་བཅིངས་ལ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་ཅེས་བརྗོད་པས། མགྲོན་སོ་སོའི་ལུས་ཀྱི་ནད་དང་སེམས་ཀྱི་ཟུག་རྔུ་ཞི་བར་བྱེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་མོ། །རྒྱལ་ཆེན་ཤུགས་ལྡན་འོད་ཀྱི་ཕྱག་རྒྱ་བྱས་ལ། ན་མ་སྶརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ་ཞེས་བརྗོད་པས་ཡོ་བྱད་རྣམས་འཕགས་པ་རྣམས་ཀྱི་སྤྱན་སྔར་གཞལ་ཡས་ཁང་བཀོད་པ་དཔག་ཏུ་མེད་པ་རྣམས་ཀྱིས་ཕྱི་ནང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་གང་བའི་མཆོད་པ་དང༌། སེམས་ཅན་རྣམས་ཀྱི་དབང་པོ་ལྔའི་སྤྱོད་ཡུལ་དུ་སོ་སོའི་བསམ་པ་དང་མཐུན་པའི་འདོད་པའི་ཡོན་ཏན་ལྔ་ཆར་གྱི་རྒྱུན་བཞིན་དུ་བབས་པར་བསམ། ཡེ་ཤེས་སྐར་མདའི་ཕྱག་རྒྱ་བྱས་ལ། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མཿ ས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛ་ལ་ནི་ཧཱུྃ། ཞེས་བརྗོད་པས་རང་གི་ལུས་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པར་གྱུར་ནས་འཕགས་པ་རྣམས་ལ་ཕུལ་བས་འཕགས་པ་རྣམས་མཉེས་པར་བསམ། གཏོར་མའི་ཡོ་བྱད་ལ་མགྲོན་ཐམས་ཅད་འཐབ་པ་དང༌། རྩོད་པ་མེད་པར་མཐུན་པའི་བསམ་པ་དང་ལྡན་པར་གྱུར་པར་བསམ། དབང་སྒྱུར་འཁོར་ལོའི་ཕྱག་རྒྱ་བཅས་ལ། ན་མསྶ་མནྟ་བུདྡྷཱ་ནཱཾ། གྲ་ཤེ་ཤྭ་རི་པྲ་བྷཉྫ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཞེས་བརྗོད་པས་སྲི་ཞུའི་མགྲོན་དང༌། ཡོན་ཏན་གྱི་མགྲོན་དང༌། སྙིང་རྗེའི་མགྲོན་དང༌། ལན་ཆགས་ཀྱི་མགྲོན་དུ་གྱུར་པ་ཐམས་ཅད་ལའང་དམ་ཚིག་གི་དབང་གིས་བདག་ལ་འགོ་ཞིང་སྟོང་གྲོགས་སུ་འགྱུར་བར་མངོན་སུམ་དུ་བསམ། གཞན་ཡང་སེམས་ཅན་གྱི་དོན་དུ་འགྱུར་བའི་ལས་ཐམས་ཅད་སྒྲུབ་པར་བསམ། ཕྱག་རྒྱ་རྣམས་ཕྱོགས་བཅུར་བསྟན་ཞིང་སྔགས་རྣམས་ལན་གསུམ་མམ་བདུན་དུ་བརྗོད་དོ། །དེ་ནས་མགྲོན་རྣམས་སྤྱན་དྲང་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་ཐམས་ཅད་མདུན་གྱི་ནམ་མཁར་བསམས་ལ། ན་མོ་བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ན། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ། །གཏན་པ་མེད་པའི་མཆོག་སྦྱིན་སྤྱན་འདྲེན་ན། །འཁོར་དང་བཅས་ཏེ་མ་ལུས་གཤེགས་སུ་གསོལ། །རྒྱལ་བ་རྒྱལ་སྲས་རང་རྒྱལ་ཉན་ཐོས་དང༌། །ལྷ་སྲིན་སྡེ་བརྒྱད་འགྲོ་དྲུག་སེམས་ཅན་དང༌། །བགེགས་རྣམས་གཏན་པ་མེད་པའི་མཆོད་སྦྱིན་ལ། །སྤྱན་འདྲེན་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་སྤྱན་དྲངས་པས། མདུན་གྱི་ནམ་མཁའི་གནས་སུ་བྱོན་ནས་སྤྲིན་གཏིབས་པ་བཞིན་དུ་བཞུགས་པར་བསམ། དེ་ལ་པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་སོ་སོ་ལ་པདྨའི་གདན་དབུལ། ཨརྒྷཾ་པྲ་ཏཱིཙྪ་ལ་སོགས་པས་མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང་རོལ་མོ་དབུལ། དེ་ནས་བསྔོ་བ་དངོས་ནི། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་སྔགས་དང༌། ཏིང་ངེ་འཛིན་གྱི་བྱིན་གྱི་བརླབས་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཐུ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་དང་འབྲས་བུ་མི་བསླུ་བའི་བྱིན་གྱི་རླབས་ཀྱིས་སྲི་ཞུའི་མགྲོན་དུ་གྱུར་པ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། འཕགས་པ་ཉན་ཐོས་ལ་སོགས་པ་ཐམས་ཅད་ལ་དབུལ་ལོ། །དེ་རྣམས་ཀྱི་ཕོ་བྲང་དང་གཞལ་ཡས་ཁང་དུ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་རབ་འབྱམ་རྒྱ་མཚོ་ཕྱོགས་བཅུ་ནམ་མཁའི་མཐས་ཀླས་པའི་འཇིག་རྟེན་གྱི་ཁམས་ཁྱབ་པའི་རྒྱུར་གྱུར་ཅིག ཡོན་ཏན་གྱི་མགྲོན་དུ་གྱུར་པ། མི་མཇེད་ཀྱི་བདག་པོ་ཚངས་པ་དང༌། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་བཞི་དང༌། ཕྱོགས་སྐྱོང་བཅུ་དང༌། གཟའ་ཆེན་པོ་བརྒྱད་དང༌། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་བ་བཟང་པོ་དང༌། ནོར་བུ་བཟང་པོ་འཁོར་དང་བཅས་པ་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་དང༌། རྒྱལ་བ་ཁྱུ་མཆོག་ལ་སོགས་ཏེ་ཕྱོགས་མཚམས་སྲུང་བར་བྱེད་པའི་གནོད་སྦྱིན་ཉི་ཤུ་རྩ་བརྒྱད་དང༌། གནོད་སྦྱིན་མཐུ་བོ་ཆེ་སུམ་ཅུ་རྩ་གཉིས་འཁོར་དང་བཅས་པ་དང༌། དཔལ་ཧ་རི་ཀ་དང༌། པཉྩི་ཀ་ལ་སོགས་ཏེ་གཙུག་ལག་ཁང་གི་སྲུང་མ་འཁོར་དང་བཅས་པ་དང༌། གཞན་ཡང་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་མངོན་པར་དད་པའི་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་བཙུན་མོ་སྲས་དང་འབངས་སུ་བཅས་པ་རྣམས་ལ་འབུལ་ལོ། །དེ་རྣམས་ཀྱི་ཕོ་བྲང་དུ་འདོད་པའི་ཡོན་ཏན་ལྔ་བར་སྣང་ལ་ཆར་བཞིན་བབ། ས་གཞི་ལ་ལོ་ཏོག་བཞིན་སྐྱེས། ནམ་མཁའ་ལ་སྤྲིན་བཞིན་གཏིབས་ནས་དགྱེས་རབ་ཀྱི་མཆོག མཉེས་རབ་ཀྱི་ཕུལ་ཐོབ་པར་གྱུར་ཅིག དེ་རྣམས་ཀྱི་སྤྱན་སྔར་ཕྲིན་ལས་དང་སྙན་སྙུན་དུ་གསོལ་བ་ནི། བདེ་བར་གཤེགས་པའི་བསྟན་པ་ཡུན་རིང་དུ་གནས་པ་དང༌། བསྟན་པ་ལ་བར་ཆད་བྱེད་པ་ཐམས་ཅད་ཟློག་པ་དང༌། ཞི་བར་མཛད་དུ་གསོལ་ལོ། །ཁྱད་པར་དུ་ཡང་བདག་ཅག་རྣལ་འབྱོར་པ་འཁོར་དང་བཅས་པ་རྣམས་ཀྱི་བར་ཆད་ཐམས་ཅད་ཞི་བ་དང༌། བདེ་ལེགས་འཕེལ་བའི་ཕྲིན་ལས་ཆེན་པོ་མཛད་དུ་གསོལ། སྙིང་རྗེའི་མགྲོན་དུ་གྱུར་པ་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་གནས་བཞིས་བསྡུས་པའི་སྲིད་པའི་རྩེ་མོ་ནས། དམྱལ་བའི་གནས་ཡན་ཆད་འཕགས་པའི་སྤྱན་གྱིས་གཟིགས་པའི་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ། །གསོལ་ལོ། །བསྔོའོ། །མགྲོན་ནོ། །དེ་དག་སོ་སོའི་སྤྱན་ལམ་དང་མངའ་རིས་སུ་སོ་སོ་ཅི་ལ་དགྱེས་པ་དང༌། གང་དང་གང་གིས་འདུལ་བ། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཅི་འདོད་པ་ཐོབ་པའི་རྒྱུར་གྱུར་ཅིག ཡུལ་ཕྱོགས་ཀྱི་ལྷ་མགོན་དང་ཀླུ་མགོན་དུ་གྱུར་པ། ས་བདག་ཀླུ་གཉན་ལའང་སྦྱིན་ཞིང་སྩལ་བས་སོ་སོའི་རྣམ་པར་རིག་པ་ལ་ཅི་འདོད་པ་ཐོབ་པའི་རྒྱུར་གྱུར་ཅིག ལན་ཆགས་ཀྱི་མགྲོན་དུ་གྱུར་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ས་དང་བར་སྣང་ལ་གནས་ནས་འདོད་པའི་གེགས་བྱེད་མི་འདོད་པ་སྐྱེད་པར་བྱེད་པ་རྣམས་དང༌། བདག་ཅག་གི་ཚེ་རབས་ཀྱི་ལན་ཆགས་སུ་གྱུར་པ་དང༌། འཕྲལ་གྱི་རྐྱེན་བགེགས་སུ་གྱུར་པ་ཐམས་ཅད་ལའང་སྦྱིན་ཞིང་སྩལ་བས་གནོད་པའི་བསམ་པ་བསལ་ནས་ཕན་པ་དང༌། བདེ་བ་བསྐྱེད་པའི་རྒྱུར་གྱུར་ཅིག གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་འདི། །ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་དང༌། །དཀོན་མཆོག་ཡོན་ཏན་དཔག་མེད་ཆེ་བ་དང༌། །སྙིང་པོ་ཕྱག་རྒྱ་ངེས་པའི་དམ་ཚིག་དང༌། །རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་ནུས་མཐུ་དང༌། །དྲང་སྲོང་རིག་འཛིན་རྣམས་ཀྱི་གྲུབ་པ་དང༌། །བདག་གི་སྨོན་ལམ་ཤེས་རབ་ཏིང་འཛིན་གྱིས། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །དབང་པོ་ལྔ་ཡི་ལོངས་སྤྱོད་མཁོ་དགུར་ལྡན། །ནམ་མཁའི་མཐས་ཀླས་གཏེར་ཆེན་གྱུར་པ་འདི། །མཆོད་གནས་བླ་མ་ཁྱོད་ཀྱི་ཕོ་བྲང་དུ། །མཆོད་པའི་སྤྲིན་གྱིས་རྒྱས་ཤིང་གཏིབས་པར་སྨོན། །བདག་གི་བསོད་ནམས་མཐུ་ཡིས་ནི། །སེམས་ཅན་ཐམས་ཅད་བདེར་གྱུར་ཅིག །ཀུན་ཀྱང་གནོད་པ་རྣམས་དང་བྲལ། །ཡང་ན་དེ་བཞིན་གཤེགས་གསུངས་པའི། །འདོད་པ་ཕུན་སུམ་ཚོགས་གྱུར་ཅིག །སྒྲིབ་པ་མེད་པའི་ཚུལ་གྱིས་སུ། །མ་ཐོགས་པར་ནི་གྲུབ་པར་ཤོག །བྱོལ་སོང་གཅིག་ལ་གཅིག་ཟ་བ། །གནོད་པ་དེ་དག་ཡོང་མི་འབྱུང༌། །ཡི་དྭགས་རྣམས་ལ་ཟས་དང་སྐོམ། །ཐོགས་པ་མེད་པར་འབྱུང་གྱུར་ཤོག །སེམས་ཅན་དམྱལ་བའི་སྡུག་བསྔལ་གང༌། །མི་བཟད་རྣམ་པ་སྣ་ཚོགས་པ། །བསོད་ནམས་འདི་ཡི་བྱིན་རླབས་ཀྱིས། །དེ་དག་མྱུར་དུ་ཞི་གྱུར་ཅིག །སའམ་མཁའ་ལ་འཁོད་པ་ཡི། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང༌། །འབྱུང་པོ་མང་པོ་གང་འཁོད་པ། །དགེ་བའི་བསམ་པ་རྫོགས་གྱུར་ཅིག །ཆོས་ཀྱི་སྦྱིན་པ་ནི། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་དེ་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་ཆོས་ཀྱི་སྦྱིན་པ་བྱིན་ལ། དེ་ལྟར་ཟང་ཟིང་གི་སྦྱིན་པས་དབང་པོའི་རྒྱུད་ཚིམ། ཆོས་ཀྱི་སྦྱིན་པས་ཤེས་པའི་རྒྱུད་གྲོལ་ནས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་གཏན་ནས་དག བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལྷུན་གྱིས་གྲུབ་ནས་མཐར་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཅིག བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་རྐྱེན་དགེ་བའི་བཤེས་གཉེན་དང་མི་འབྲལ་བར་གྱུར་ཅིག དེ་ནས་བདེན་པའི་སྟོབས་བརྗོད་པར་བྱ་སྟེ། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང༌། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་ནི། །དགེ་སྦྱོང་དགེ་སློང་དེ་ཡིན་བྲམ་ཟེའང་དེ། །འཆི་བས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་ལན་གསུམ་བརྗོད་དོ། །དེ་ནས་འཇིག་རྟེན་ལས་འདས་པའི་མགྲོན་རྣམས་ལ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ ཞེས་བརྗོད་ལ་གཤེགས་སུ་གསོལ། འཇིག་རྟེན་པའི་མགྲོན་རྣམས་ལ། །མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང༌། །གང་གཞན་ས་སྟེང་འཁོད་པ་དང༌། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐམས་ཅད་འགྲོ་བར་གྱིས། །སརྦ་བྷཱུ་ཏ་གཙྪ། ཞེས་བརྗོད་པས་རང་གི་གནས་སུ་གཏང༌། དྲག་པོའི་སྔགས་བརྗོད། རོལ་མོ་བརྡུང༌། རང་གི་ལུས་བསྲུང༌། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། གཏོར་མ་རྣམས་མི་འགོམ་པའི་སར་དོར་རོ། །ཆུ་གཏོར་ཇི་ལྟར་བྱ་བའི་རིམ་པ། རྗེ་བཙུན་ས་སྐྱ་པའི་ཞལ་གདམས་ཡི་གེར་འཕགས་པས་བཀོད་པ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*