ཐུབ་པའི་བསྟོད་པ།

༼བ༽

༄༅། །ཐུབ་པའི་བསྟོད་པ་བཞུགས།།

༄༅། །སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟོད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དྲི་མེད་དད་པའི་ཆུ་གཏེར་ལས་འཁྲུངས་པ། །ཚིག་གི་མེ་ཏོག་སྙན་པའི་དྲི་བསུང་ཅན། །ངག་གི་སྲད་བུས་ཚར་དུ་དངར་བྱས་ནས། །ཐུབ་དབང་ཡོན་ཏན་རྒྱ་མཚོར་མཆོད་པར་བགྱི། །འགྲོ་བ་འདི་ཀུན་སྣ་ཚོགས་སྡུག་བསྔལ་གྱིས། །ཀུན་ནས་གཟིར་བར་གང་གིས་མཁྱེན་གྱུར་པས། །དེ་དག་བསྒྲལ་ཕྱིར་བྱང་ཆུབ་ཐུགས་བསྐྱེད་པ། །ཕན་པར་དགོངས་པ་ཁྱོད་ལ་ཕྱག་འཚལ་ལོ། །སྲིད་པའི་བདེ་ལ་ཀུན་ནས་མ་ཞེན་པར། །བྱང་ཆུབ་མཆོག་ཕྱིར་རབ་ཏུ་བརྩོན་པ་ཡིས། །བསོད་ནམས་ཡེ་ཤེས་ཚོགས་རབ་རྫོགས་མཛད་པ། །བརྩོན་པ་མཐའ་ཡས་ཁྱོད་ལ་ཕྱག་འཚལ་ལོ། །མ་ཆགས་ཉེས་མེད་མི་འཁྲུགས་རབ་ཏུ་སྡུད། །རྣམ་པར་མི་གཡེང་ཀུན་ནས་མ་རྨོངས་དང༌། །ཐབས་སྟོབས་སྨོན་ལམ་ཡེ་ཤེས་རྒྱ་མཚོའི་ཚོགས། །ཡོངས་སུ་རྫོགས་པ་ཁྱོད་ལ་ཕྱག་འཚལ་ལོ། །དྲན་དང་བརྩོན་འགྲུས་རྫུ་འཕྲུལ་རྐང་པ་དང༌། །དབང་པོ་མཆོག་དང་རྨད་དུ་བྱུང་བའི་སྟོབས། །བྱང་ཆུབ་ཡན་ལག་འཕགས་པའི་ལམ་རྣམས་ཀུན། །ལེགས་པར་གྲུབ་པ་ཁྱོད་ལ་ཕྱག་འཚལ་ལོ། །གྲངས་མེད་གསུམ་གྱིས་ས་བཅུ་མཐར་ཕྱིན་ནས། །ལྷ་རྣམས་གདུལ་བར་བྱ་ཕྱིར་དགའ་ལྡན་དུ། །དམ་པ་ཏོག་དཀར་ཞེས་བྱར་གང་གྱུར་པ། །བསོད་ནམས་མཐའ་ཡས་ཁྱོད་ལ་ཕྱག་འཚལ་ལོ། །དུས་མཁྱེན་ཁྱོད་ནི་ལྷུམས་སུ་བདེ་བར་ཞུགས། །ལྷུམས་ནས་བལྟམས་ཤིང་གཞོན་ནུའི་རོལ་རྩོད་མཛད། །མངོན་པར་བྱུང་ནས་དཀའ་བ་རབ་ཏུ་སྤྱད། །དོན་ཀུན་གྲུབ་པ་ཁྱོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཤིང་དབང་དྲུང་དུ་བདུད་ཀྱི་སྟོབས། །བྱམས་པའི་ཐུགས་ཀྱིས་ལེགས་པར་ཕམ་མཛད་ནས། །ཕྱོགས་བཅུའི་རྒྱལ་བ་ཀུན་གྱིས་དབང་བསྐུར་བ། །དཔའ་བོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །མངོན་པར་ཤེས་པ་ལྔ་ནི་ལེགས་བསྒྲུབས་ནས། །རྡོ་རྗེ་ལྟ་བུའི་ཏིང་འཛིན་མཆོག་གིས་ནི། །བླ་ན་མེད་པའི་བྱང་ཆུབ་བརྙེས་གྱུར་པ། །འཇིག་རྟེན་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ། །བག་ཆགས་དང་བཅས་དྲི་མ་ཀུན་སྤངས་ཤིང༌། །མཁྱེན་པའི་ཡེ་ཤེས་ཀུན་ནས་རབ་རྒྱས་པས། །ལྷར་བཅས་འཇིག་རྟེན་ཀུན་གྱི་སྐྱབས་གྱུར་པ། །རྫོགས་པའི་སངས་རྒྱས་ཁྱོད་ལ་ཕྱག་འཚལ་ལོ། །སྤྲོས་པ་ཉེ་བར་ཞི་བའི་རང་བཞིན་ཅན། །ངེས་པ་ལྔ་ལྡན་བདེ་ཆེན་ཡེ་ཤེས་སྐུ། །གཞན་གྱི་རྐྱེན་གྱིས་སྣ་ཚོགས་ཀུན་སྣང་བ། །སྐུ་གསུམ་བརྙེས་པ་ཁྱོད་ལ་ཕྱག་འཚལ་ལོ། །ལྷུན་པོའི་རྒྱལ་པོ་ལྟ་བུར་རབ་ཏུ་བརྗིད། །ཉི་མ་བཞིན་དུ་མཐའ་ཡས་འོད་མཛད་ཅིང༌། །མཚན་དང་དཔེ་བྱད་ཀུན་ནས་གསལ་བའི་སྐུ། །མགོན་པོ་མཚུངས་མེད་ཁྱོད་ལ་ཕྱག་འཚལ་ལོ། །དོན་བཟང་ཆོས་སྤོབས་ངེས་པའི་ཚིག་ལྡན་པས། །འཁོར་གྱི་ནང་དུ་འཇིགས་བྲལ་སེང་གེའི་སྒྲ། །དབྱངས་ཀྱི་ཡན་གལ་དྲུག་ཅུས་རབ་བརྒྱན་པ། །ཀུན་ཏུ་སྒྲོགས་པ་ཁྱོད་ལ་ཕྱག་འཚལ་ལོ། །གསལ་ཞིང་ཐོགས་མེད་མི་གནས་མཉམ་པ་ཉིད། །ཡོན་ཏན་འབྱུང་གནས་གདུལ་བྱའི་དོན་ཀུན་སྒྲུབ། །རྟོག་པ་ཀུན་སྤངས་སྲིད་དང་ཞི་བའི་བདག །ཡེ་ཤེས་ལྔ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་སློབ་མ་བསེ་རུ་ལྟ་བུ་དང༌། །རྒྱལ་སྲས་རྣམས་དང་ཐུན་མོང་གྱུར་བ་དང༌། །ཕུལ་དུ་བྱུང་བའི་ཡོན་ཏན་ཀུན་བརྙེས་པ། །སྲིད་ཞིའི་སྟོན་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་སྦྱོར་འཆིང་བ་ཀུན་ལས་རྣམ་གྲོལ་ཡང༌། །སྨོན་ལམ་གྲུབ་པ་རྣམ་འཕྲུལ་མཐའ་ཡས་ཀྱིས། །སྲིད་པ་ཇི་སྲིད་འགྲོ་བའི་དོན་མཛད་པ། །སྐྱེ་དགུའི་གཉེན་གཅིག་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་ལོ་རིན་ཆེན་དམ་པ་སྐོར་མཛད་ཅིང༌། །ཤིན་ཏུ་གདུལ་དཀའི་སྐྱེ་བོ་རབ་ཏུ་བཏུལ། །གདུལ་བྱ་རྣམ་གྲོལ་གསུམ་ལ་འགོད་མཛད་པ། །སྟོབས་བཅུ་ལྡན་པ་ཁྱོད་ལ་ཕྱག་འཚལ་ལོ། །གདུལ་བྱ་རྣམས་ཀྱི་སྐལ་བའི་དུས་མཁྱེན་ནས། །བསྟན་པ་འཕགས་པའི་ཚོགས་ལ་ལེགས་གཏད་དེ། །ཀུ་ཤའི་གྲོང་དུ་ཞི་བའི་ཚུལ་བསྟན་པ། །སྡུག་བསྔལ་མཐར་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སླར་ཡང་འགྲོ་བའི་བསོད་ནམས་སྤེལ་བྱའི་ཕྱིར། །སྐུ་གདུང་རིང་བསྲེལ་ཕུང་པོར་ལེགས་གྱུར་ནས། །འཇིག་རྟེན་ཀུན་གྱི་མཆོད་པའི་རྟེན་གྱུར་པ། །མཛད་པ་རྒྱུན་མི་འཆད་ལ་ཕྱག་འཚལ་ལོ། །སུམ་ཅུ་རྩ་གསུམ་གནྡྷ་ར་ཡི་གྲོང༌། །ཀ་ལིངྒ་དང་ཀླུ་ཡི་གནས་རྣམས་སུ། །བསོད་ནམས་རྟེན་དུ་ཉིད་ཀྱིས་རྗེས་གནང་བའི། །ཐུབ་ཆེན་མཆེ་བ་བཞི་ལ་ཕྱག་འཚལ་ལོ། །བསོད་ནམས་ཤུགས་ལྡན་སྙིང་རྗེའི་ངང་ཚུལ་ཅན། །གོ་པི་ལ་ཡི་ལྷག་བསམ་དག་པའི་མཐུས། །འགྲོ་བ་གདུལ་ཕྱིར་ཉེ་བར་བྱོན་གྱུར་པ། །རྒྱལ་བའི་ཚེམས་ལ་གུས་པས་ཕྱག་འཚལ་ལོ། །ཇི་ལྟར་ཉི་མས་ལུས་འཕགས་སྣང་བྱས་ནས། །འཛམ་གླིང་སྣང་བར་བྱེད་ལྟར་འཇང་གི་ཡུལ། །སྣང་བར་མཛད་ནས་འདིར་ནི་སྣང་མཛད་པ། །སྐྱེ་དགུའི་སྒྲོན་མ་དེ་ལ་ཕྱག་འཚལ་ལོ། །འཛམ་བུ་ཆུ་བོའི་གསེར་ལྟར་རབ་ཏུ་དྭངས། །ཀུནྡ་ལྟར་དཀར་གུར་གུམ་མདངས་ལྡན་པས། །མཛེས་པ་གཞན་ཀུན་རབ་ཏུ་ཟིལ་གནོན་པ། །མཆོད་པར་འོས་པ་དེ་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཡོན་ཏན་རྒྱ་མཚོར་སྐྱེ་བ་བརྙེས། །ཕན་བདེའི་འོད་ཟེར་སྣ་ཚོགས་རབ་ཏུ་འཕྲོ། །གསོལ་བ་བཏབ་ན་དགོས་འདོད་ཀུན་འབྱུང་བ། །དབང་གི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །སླར་ཡང་བདག་ལ་གསོལ་བའི་ཚིག་འགའ་མཆིས། །འཇིག་རྟེན་མགོན་པོ་ཡུད་ཙམ་དགོངས་སུ་གསོལ། །མགོན་མེད་འདི་དག་ང་ཡིས་བསྐྱབ་བོ་ཞེས། །དམ་བཅས་ཇི་བཞིན་ཉིད་ཀྱི་རྗེས་དགོངས་ལ། །ལས་ཀྱི་རླུང་གིས་སྲིད་པའི་རྒྱ་མཚོར་འཕངས། །བློ་གྲོས་མིག་བྲལ་ཉོན་མོངས་དབང་གྱུར་པའི། །འགྲོ་ཀུན་སྡུག་བསྔལ་རྣམས་ལས་བསྐྱབ་པ་དང༌། །རྣམ་གྲོལ་བདེ་ཆེན་ཐོབ་པར་མཛད་དུ་གསོལ། །ཁྱོད་ཀྱི་བསྟན་པ་དྲི་མེད་ཚུལ་འདི་ནི། །འགྲོ་བ་ཀུན་གྱི་མིག་གཅིག་གྱུར་པ་ལགས། །དེ་ལྟ་མོད་ཀྱི་བློ་ངན་མ་སྦྱངས་ཤིང༌། །གཟུ་ལུམས་སྨྲ་བ་ཆོས་ལྟར་བཅོས་པ་ཡིས། །སྐྱེ་བོ་རྣམས་ཀྱིས་རབ་ཏུ་དཀྲུགས་པར་གྱུར། །ཚུལ་འདི་མགོན་པོ་ཁྱོད་ཀྱིས་རབ་བཟློག་ནས། །བདེ་གཤེགས་བསྟན་པ་རྨ་མེད་རྒྱས་པ་དང༌། །འགྲོ་བ་ཀུན་ལ་རྟག་ཏུ་སྣང་བར་མཛོད། །དེང་སང་འདི་ན་འགྲོ་བའི་དཔལ་འབྱོར་དང༌། །ཐུབ་པའི་བསྟན་པ་གང་ལ་བརྟེན་པའི་གཞི། །མོང་གོ་རྒྱལ་པོ་མི་དབང་གོ་པེ་ལ། །སྐུ་མཆེད་ཡབ་སྲས་བརྒྱུད་པར་བཅས་པ་ཀུན། །སྐུ་ཚེ་རིང་ཞིང་དབང་ཕྱུག་རྒྱས་པ་དང༌། །ཐུབ་དབང་ཁྱོད་ཀྱི་གསུང་རབ་བདུད་རྩི་ཡི། །སྣོད་ཀྱི་དམ་པ་ཉིད་དུ་འགྱུར་བ་དང༌། །ཆོས་བཞིན་འཇིག་རྟེན་རྟག་ཏུ་སྐྱོང་བར་མཛོད། །ཆར་ཆུ་དུས་སུ་འབབ་ཅིང་ལོ་ཏོག་ལེགས། །ནད་དང་མུ་གེ་འཁྲུག་པ་ཞི་བ་དང༌། །ཕན་ཚུན་བྱམས་པའི་སེམས་དང་རབ་ཏུ་ལྡན། །འགྲོ་བ་དཔལ་དང་ལྡན་པར་མཛད་དུ་གསོལ། །བདེ་གཤེགས་དབང་པོ་ཡོན་ཏན་གཏེར་གྱིས་ཕྱུག །མཐའ་ཡས་ཕྱིར་ན་མཐའ་དག་སུས་བརྗོད་སྤོབས། །གསོལ་བ་འདི་དག་བདག་འདྲའི་སྤྱོད་ཡུལ་མིན། །འོན་ཀྱང་ཅུང་ཟད་ཙམ་ཞིག་འདིར་བརྗོད་པས། །རྒྱལ་སྲས་གོ་པེ་ལ་ཡི་དད་པའི་མཐུས། །ཐུབ་ཆེན་མཆེ་བ་མཐོང་བར་གྱུར་པ་ལ། །རབ་ཏུ་དགའ་ཞིང་དད་པའི་དབང་གིས་བརྗོད། །བདག་བློའི་ཉེས་པ་དེང་འདིར་བཟོད་པར་གསོལ། །དེ་ལས་བྱུང་བའི་དགེ་བའི་རྩ་བ་ནི། །དྲི་མེད་རབ་ཏུ་དཀར་བ་གང་ཡོད་དེས། །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་རྣམས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ལ་གནས་ཤོག །གནས་སྐབས་སུ་ཡང་མི་དབང་གོ་པེ་ལ། །སྲས་དང་བཙུན་མོ་ནད་མེད་སྐུ་ཚེ་རིང༌། །བདེ་གཤེགས་བསྟན་པ་རྒྱས་པར་བྱེད་པ་དང༌། །བྱམས་པའི་ཐུགས་ཀྱིས་འགྲོ་བ་སྐྱོང་བར་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །བདེ་བར་གཤེགས་པའི་བསྟན་པ་ལེགས་བཟུང་ནས། །ཆོས་ཀྱིས་ཕོངས་པའི་སེམས་ཅན་ཐམས་ཅད་ལ། །མཚུངས་མེད་ཆོས་ཀྱི་དགའ་སྟོན་འགྱེད་པར་ཤོག །མཁྱེན་པའི་དཀྱིལ་འཁོར་ལེགས་བཤད་འོད་ཟེར་ཅན། །ཤེས་བྱའི་མཁའ་ལ་ཀུན་ཏུ་ཐོགས་མེད་ཅིང༌། །གདུལ་བྱའི་བློ་གྲོས་པད་ཚལ་རྒྱས་མཛད་པ། །ཆོས་རྗེ་ཆོས་ཀྱི་ཉི་མ་ལ་ཕྱག་འཚལ། །ཤཱཀྱའི་རྒྱལ་པོའི་ཡོན་ཏན་གྱི་ཆ་ལ་བསྟོད་ཅིང་གསོལ་བའི་ཚིག་འདི་ནི། ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་གསུང་གི་འོད་ཟེར་གྱིས་ཡིད་ཀྱི་མུན་པ་བསལ་བར་བྱས་པས། ཐུབ་པའི་གསུང་རབ་ཀྱི་ཆ་ལ་བློའི་སྣང་བ་ཅུང་ཟད་ཐོབ་པར་གྱུར་པ་ཆོས་སྨྲ་བའི་བཙུན་པ་འཕགས་པ་ཞེས་བྱ་བས་དེ་བཞིན་གཤེགས་པའི་ཚེམས་མཆེ་བ་མཐོང་བར་གྱུར་པ་ལ་དད་ཅིང་མངོན་པར་དགའ་བས། ཤིང་ཕོ་སྟག་གི་ལོ་སྨིན་དྲུག་གི་ཟླ་བའི་ཚེས་ཉི་ཤུ་གསུམ་ལ་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*