༼བ༽
༄༅། །ཕྱག་མཚན་རི་མོའི་བསྟོད་ཚིག་སྤེལ་བ་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཐུབ་པས་ས་གསུམ་སྙན་པར་བསྒྲགས། །འགྲོ་བའི་སྒྲོན་མ་དཀོན་མཆོག་རིན་ཆེན་གཏེར། །མཁས་པ་འདུས་པའི་ཚོགས་སུ་གསལ་མཛད་པ། །འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །མི་ཤེས་རབ་རིབ་ཚོགས་པའི་བློ་མིག་ཅན། །ལོག་ལྟའི་དྲྭ་བ་སྟོང་གིས་དཀྲིགས་པའི་ས། །ཀླ་ཀློ་འདུས་པ་གངས་རིའི་ཁྲོད་འདིར་སྔོན། །རིང་ཞིག་ལོན་ནས་ཐུབ་པའི་བསྟན་པ་གསལ། །རྒྱལ་བའི་སྲས་པོ་ཐུགས་རྗེའི་བློ་གྲོས་ཅན། །སྤྱོད་པ་དག་པ་སྨོན་ལམ་ལེགས་སྦྱངས་པ། །ཕྲིན་ལས་གྲུབ་པ་བརྩོན་པའི་བརྟུལ་ཞུགས་ཅན། །ལྷ་དབང་ཚོགས་ཀྱི་དཔག་བསམ་ཤིང་འདྲ་བ། །གང་ལ་འཇམ་པའི་དབྱངས་ཀྱིས་རྗེས་བཟུང་བའི། །ཆོས་ཀྱི་རྒྱལ་པོ་ས་ཆེན་སྐྱོང་བ་པོ། །རྣམ་དཔྱོད་བློ་ཅན་དེས་པས་འགྲོ་བ་འདུལ། །ཁྱོད་ཀྱི་ཕྲིན་ལས་བསམ་ཡས་ལྷུན་གྱིས་གྲུབ། །མི་ཡི་བདག་པོ་ཆོས་བཞིན་ས་སྐྱོང་བ། །དགོངས་པ་དག་པ་དགེ་བའི་ངང་ཚུལ་ཅན། །དཔའ་མཛངས་བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ཏེ། །སྐྱེ་དགུ་འདི་དག་བུ་བཞིན་ལེགས་པར་བསྐྱངས། །སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། །བློ་གསལ་དབང་པོ་པདྨའི་ངང་ཚུལ་སོགས། །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །བདེ་བར་གཤེགས་པའི་རིང་ལུགས་བླ་ན་མེད། །ཞུ་ཆེན་སྒྱུར་བྱེད་མཆན་བུའི་གནས་འདུག་པའི། །སྐད་གཉིས་སྨྲ་བ་འགྲོ་བའི་མིག་གྱུར་པས། །དོན་སྒྲ་ཇི་བཞིན་ལེགས་པར་བསྒྱུར་བ་ཡི། །བཤད་པས་ཐུབ་པའི་བསྟན་པ་གསལ་བར་མཛད། །དེ་ལྟའི་རྣམ་ཐར་མཆོག་ཏུ་རྨད་བྱུང་བ། །ས་སྟེང་རྒྱས་པར་ཀུན་ཏུ་རབ་གྲགས་པའི། །སྒོ་གསུམ་གཡོ་བ་མེད་པའི་ཕྲིན་ལས་ཅན། །མ་སྨད་ཆེ་བའི་བདག་ཅན་དེ་དག་ལ། །ཀུནྡའི་ཕྲེང་འདྲ་སོ་ཡི་ཟེ་འབྲུ་ཅན། །པད་ལྟར་ཡངས་པའི་མིག་གི་འདབ་རྒྱས་པ། །སྙན་དངགས་སྦྲང་རྩིའི་དྲི་ངད་ཕྱོགས་བཅུར་ཁྱབ། །དཔལ་ལྡན་མེ་ཏོག་རྒྱས་པའི་ཚིག་མཁན་གྱི། །ཚིག་བཟང་མེ་ཏོག་སིལ་མ་རབ་བཀོད་པ། །སྡེབ་སྦྱོར་མདུད་པས་ཚོམ་བུར་ལེགས་བསྡོམས་ཏེ། །ཡི་གེའི་རྒྱན་གྱི་ཐོར་ཅོག་ཡིད་འཕྲོག་པ། །སྙན་དངགས་དབྱིབས་མཛེས་ཆུན་པོར་རབ་སྤེལ་ནས། །འདི་འདྲའི་བསྟོད་བཟང་མེ་ཏོག་ཕྲེང་རྒྱུན་གྱིས། །འགྲོ་བའི་སྒྲོན་མ་ཤིན་ཏུ་བརྒྱན་བྱའི་ཕྱིར། །རྒྱུན་མཁན་ངལ་བ་འབྲས་བུ་དང་བཅས་པ། །འདི་ལ་སྤྱན་རས་གཟིགས་པ་དཔལ་ཡོན་ཅན། །ཕུན་སུམ་ཚོགས་འཛིན་བདེན་པའི་སྤྲིན་ལྡན་འགྲོ་མགོན་མཆོག་ཏུ་ཞི་བ་བསམ་ཡས་ཕྲིན་ལས་ཅན། །གང་ཞིག་ལྷ་དང་ལྷ་མིན་ཀླུ་དབང་དྲི་ཟའི་གཙོ་བོས་ཀུན་ནས་དགའ་བས་ལེགས་མཆོད་པ། །ཐུབ་པ་སེར་སྐྱ་གྲོག་མཁར་བ་དང་རྐང་མིག་གིས་སྦྱར་བློ་ཡི་རབ་རིབ་ཀུན་སེལ་བའི། །བདེ་བར་གཤེགས་པའི་སྒྲོན་མ་ས་གསུམ་གསལ་མཛད་སྔོན་མེད་ཉི་མ་དེ་ལ་བདག་དད་དོ། །བདག་ཀྱང་སྔོན་སྦྱངས་ལས་ཀྱི་འཕེན་པ་ཡིས། །སྙིགས་མའི་དུས་སུ་གངས་རིའི་ཁྲོད་འདིར་སྐྱེས། །འོན་ཀྱང་ཚེ་རབས་སྔ་མའི་བསོད་ནམས་མཐུས། །ཤེས་བྱ་ཕལ་ཆེར་འབད་པ་ཆུང་ངུས་ཤེས། །རྩོད་དུས་འདི་ན་མཁས་པར་ཁས་འཆེ་ཞིང༌། །ལན་བརྒྱར་འཆད་དང་ཉན་པར་མངོན་བརྩོན་པ། །དེ་དག་གིས་ཀྱང་ཤེས་བྱའི་གནས་རྣམས་ལ། །རྣམ་པར་དཔྱད་ན་ཕྱོགས་རེའི་མིག་ཅན་ཡིན། །འཕགས་པ་འཇམ་དཔལ་གྱི་ཕྱག་མཚན་གྱི་རི་མོ་འདི། གཙུག་ལག་ཁང་འདི་ལ་ཕན་པའི་རྟེན་འབྲེལ་ཞིག་ཡོད་པས་དཔལ་ལྡན་ས་སྐྱ་པས་བྲིས་པ་ཡིན། ཅུང་ཟད་རི་མོ་མ་མཛེས་ཀྱང་མཚན་མོར་བྲིས་པ་དང༌། པིར་ལ་སོགས་པ་མ་འཛོམ་པས་ལན་པ་ལགས། འོན་ཀྱང་བཀྲ་ཤིས་པའི་རྟེན་འབྲེལ་ཞིག་ཡོད་པས། སུས་ཀྱང་མི་བསུབ་པར་ཞུ། སྒྲ་དང་ཚད་མའི་མིག་གཉིས་དང་ལྡན་པས། །ཤེས་བྱའི་དཀྱིལ་འཁོར་ལྟ་བའི་བློ་གྲོས་ཅན། །མང་དུ་ཐོས་ཤིང་ལེགས་པར་སྦྱོང་བ་པོ། །སྐད་གཉིས་སྨྲ་བ་དཔལ་ལྡན་པས་སྐྱ་པས། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས། །ཀུན་མཁྱེན་རྒྱལ་པོའི་གོ་འཕང་ཐོབ་ཕྱིར་དང༌། །འགྲོ་བའི་བླ་མ་དེ་དག་མཉེས་བྱའི་ཕྱིར། །དམ་ཆོས་དཀོན་མཆོག་སྒྲོན་མ་གསལ་བར་བཤད།། །།འགྲོ་བའི་བླ་མ་ཡོན་ཏན་རིན་ཆེན་གཏེར། །ཕྱོགས་རྣམས་ཀུན་ཏུ་སྙན་པའི་དྲིས་ཁྱབ་པའི། །བསྟན་པ་འཇིག་རྟེན་ཁམས་འདིར་གསལ་བྱའི་ཕྱིར། །སྡེ་སྣོད་འཛིན་པ་དཔལ་ལྡན་ས་སྐྱ་པས། །བསམ་ཡས་ལྷུན་གྱིས་གྲུབ་པའི་གནས་ཆེན་འདིར། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་བཤད་པ་ལས། །བྱུང་བའི་དགེ་བའི་རྩ་བ་གང་ཡོད་དེས། །འགྲོ་བ་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །རི་བོང་འཛིན་པ་བསིལ་བའི་འོད་ཟེར་ཅན། །མཚན་མོ་ས་དང་ནམ་མཁའི་གསལ་བྱེད་དང༌། །ལོག་བློའི་རྒྱུ་སྐར་ཚོགས་རྣམས་ཟིལ་མནན་ནས། །མེ་ཏོག་ཀུནྡའི་ཚོགས་རྣམས་ཁ་འབྱེད་བྱེད། །ཚིགས་སུ་བཅད་པ་འདི་རྣམས་བླ་མ་ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོས། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར། མཁས་པ་རྣམས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་བདག་ཉིད་ཆེན་པོ་ཀ་མ་ལ་ཤཱི་ལའི་ཆོས་ཀྱི་གདན་སེང་གེའི་ཁྲི་བཤམས་པ་ག་ལ་བ་དེར་བཞུགས་ནས། ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང༌། བསྟན་པ་རིན་པོ་ཆེའི་བྱི་དོར་དང་སྐྱེ་དགུའི་ཚོགས་རབ་ཏུ་མང་པོའི་དོན་མཛད་པས། ཉིད་ཀྱི་ཐུགས་ཅུང་ཟད་རངས་པར་ཡང་གྱུར་ཅིང༌། སྔོན་གྱི་དམ་པ་དེ་དག་གི་རྣམ་པར་ཐར་པ་དང༌། རྨད་དུ་བྱུང་བའི་ཕྲིན་ལས་རྗེས་སུ་དགོངས་ཤིང༌། མངོན་སུམ་དུ་གཟིགས་ལ་དུས་ཀྱི་འགྱུར་བས་སྐྱེ་དགུའི་ཚོགས་མ་རུངས་པར་གྱུར་པ་མཁྱེན་པའི་དབང་གིས་ཐུགས་ཅུང་ཟད་གདུང་བར་ཡང་གྱུར་ནས། སླད་ནས་འཇིག་རྟེན་ཆོས་ཀྱིས་བདེ་ལེགས་སུ་གྱུར་ཅིག་སྙམ་དུ་དགོངས་ཏེ། གཙུག་ལག་ཁང་གི་འཁོར་སའི་ངོས་ཇི་ལྟར་རིགས་པའི་གཞི་དག་ལ་ཉིད་ཀྱི་ཕྱག་གཡས་པའི་རིན་པོ་ཆེ་མངོན་པར་བརྐྱང་ནས་ཡི་གེའི་འདུ་བྱ་བ་མངོན་པར་འདུ་མཛད་པ་ལས། ཕྱག་རྒྱའི་དབྱིབས་ལས་རི་མོའི་གཟུགས་བརྙན་གྱི་ཚུལ་གྱིས་བརྒྱུད་དེ། བདག་གི་སུག་ཏུ་བབས་པ་རྣམས་ཕྱོགས་གཅིག་ཏུ་ཉེ་བར་བསྒྲིགས་པ་འདི་གང་གིས་མཐོང་བ་དང༌། ཁ་ཏོན་དུ་བྱེད་པ་དེའི་རྒྱུད་ལ་མཛད་པ་པོའི་ཡེ་ཤེས་གཟིགས་པའི་དམ་པ་འཇུག་པར་གྱུར་ཅིག་ཅེས་དགེ་སློང་འཕགས་པས་སྨྲས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply