འཇམ་དཔལ་བརྟན་པའི་འཁོར་ལོའི་བསྟོད་པ།

༼བ༽

༄༅། །འཇམ་དཔལ་བརྟན་པའི་འཁོར་ལོའི་བསྟོད་པ་བཞུགས།།

༄༅། ཨོཾ་སྭ་སྟི་སིདྡྷཾ། ན་མོ་མཉྫུ་གྷོ་ཥཱ་ཡ། རྒྱལ་བ་ཀུན་གྱི་ཡེ་ཤེས་ལས་གྲུབ་པས། །ཡི་གེ་མུྃ་ལས་རྣམ་པར་སྐྱེད་པ་པོ། །ཐུགས་རྗེ་ཆེན་པོས་སྲིད་པར་བཞུགས་པས་ན། །སྣ་ཚོགས་པདྨོ་རྒྱས་པའི་གདན་དང་ནི། །ཡང་དག་ཤེས་པས་ཞི་ལ་གནས་པའི་ཕྱིར། །བསིལ་ཟེར་བྱེད་པའི་དབུས་ན་བརྗིད་པར་བཞུགས། །ཐབས་དང་ཤེས་རབ་གཉིས་མེད་མཉམ་སྦྱོར་བས། །གཞོན་ནུའི་ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང༌། །བདེན་གཉིས་དོན་མཚོན་མགོན་པོའི་ཕྱག་གཉིས་ཀྱིས། །མཐུ་སྟོབས་བརྙེས་སླད་རལ་གྲི་འདེབས་པའི་ཚུལ། །བརྩེ་ཆེན་སྲིད་པའི་ཉེས་པས་མ་གོས་ཤིང༌། །ཤེས་བྱ་མ་ལུས་ཇི་བཞིན་མཁྱེན་པའི་ཕྱིར། །ཨུཏྤལ་མཐོན་མཐིང་ཟེའུ་འབྲུའི་ཕྲེང་བ་ཅན། །གླེགས་བམ་དང་བཅས་རྟག་ཏུ་ལེགས་པར་བསྣམས། །བསོད་ནམས་ཡེ་ཤེས་དཔལ་གྱི་ཚོགས་རྫོགས་པས། །མཚན་དཔེས་རབ་མཛེས་གསེར་བཟང་འབར་བའི་མདངས། །ཕུལ་བྱུང་ཡོན་ཏན་དུ་མའི་གཏེར་གྱུར་སླད། །རིན་ཆེན་གྱིས་སྤྲས་དར་གྱི་ན་བཟས་ཀླུབས། །གདོད་ནས་དག་ཅིང་ཉེ་བར་ཞི་བས་ན། །ཟླ་བ་ཉ་ལྟར་ཤིན་ཏུ་དེས་པའི་ཚུལ། །དབྱིངས་དང་ཡེ་ཤེས་ཀུན་ཏུ་རོ་གཅིག་པས། །སྤྱི་གཙུག་མི་འཁྲུགས་རྒྱལ་བའི་དབང་པོས་བརྒྱན། །བདེ་ཆེན་རོལ་པས་མགོན་པོ་འགྱིང་བའི་སྐུ། །དུས་ཀྱི་དགྲར་གྱུར་རལ་པ་ཨཉྫའི་མདོག །རྒ་ཤིའི་འཇིགས་སྤངས་གཞོན་ནུར་གྱུར་པ་སྟེ། །གཞན་དོན་དགྱེས་པས་འཛུམ་པའི་ཞལ་རས་ཅན། །སྣ་ཚོགས་སྤྲུལ་མཛད་འོད་ཟེར་མཐའ་ཡས་པ། །བཅོམ་ལྡན་འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །ཁྱོད་གསུང་རིག་སྔགས་སྦྱར་བའི་ཡི་གེ་ཨོཾ། །རྒྱལ་བ་ཀུན་གྱི་སྐུ་ཡི་ས་བོན་ཏེ། །ཡི་གེ་ལྔ་ནི་ཐུབ་པ་ཀུན་གྱི་གསུང༌། །དམ་ཆོས་ཐམས་ཅད་གཅིག་ཏུ་བསྡུས་པའི་སྒོ། །མུྃ་ནི་ཡིད་དེ་བདེ་གཤེགས་ཐམས་ཅད་ཀྱི། །གཉིས་མེད་ཡེ་ཤེས་མཚོན་པར་བྱེད་པའོ། །དེ་སླད་བཅོམ་ལྡན་ཁྱོད་ཀྱི་གསང་སྔགས་འདི། །གསང་གསུམ་མཚོན་བྱེད་རིགས་གསུམ་སྐུལ་བྱེད་ཅིང༌། །ཆོས་རྣམས་ཀུན་གྱི་སྙིང་པོར་གྱུར་པས་ན། །རྒྱལ་བ་ཀུན་གྱི་གསང་སྔགས་ལགས་པར་ཁུམས། །ཕུལ་བྱུང་དངོས་གྲུབ་ཉེ་བར་འགུགས་བྱེད་ཅིང༌། །ཡིད་སྐྱོབ་བྱེད་པ་དེ་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ཐུགས་ཀའི་ཤེས་རབ་འཁོར་ལོ་ནི། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་རང་བཞིན་ཏེ། །འཁོར་ལོའི་རྟེན་གྱུར་ཟླ་བ་རྒྱས་པ་ཡིས། །འཇིག་རྟེན་པ་དང་ཐུན་མོང་ཡེ་ཤེས་མཚོན། །གང་གིས་ཡེ་ཤེས་ཟེར་གྱིས་སྐྱེ་བོ་ཡི། །བདག་འཛིན་གཅོད་ཕྱིར་འཁོར་ལོ་རྩིབས་བརྒྱད་པ། །ཉོན་མོངས་གནས་གྱུར་ཡེ་ཤེས་ལྔ་རྣམས་དང༌། །རང་བཞིན་སྐྱེ་མེད་རྡུལ་བྲལ་དམ་པའི་དོན། །འཆི་འཕོ་མེད་ཅིང་མིང་དང་བྲལ་བའི་ཚུལ། །ཉེ་བར་སྟོན་ཕྱིར་ཨ་ར་པ་ཙ་ན། །སྤྲོས་མེད་དོན་ལས་རྣམ་པར་སྤྲོས་པ་དང༌། །ཚད་མེད་པ་དང་མི་འཇིགས་མཚོན་པའི་ཕྱིར། །ནི་པྲ་པཉྩའི་ཡི་གེ་རྣམ་པ་བཞི། །མིང་ཚིག་ཡི་གེའི་ཚོགས་ལ་དབང་འབྱོར་ཞིང༌། །ཐབས་དང་ཤེས་རབ་ལས་འཁྲུངས་དབྱངས་དང་ནི། །གསལ་བྱེད་ཡི་གེས་བརྒྱན་ལ་ཕྱག་འཚལ་ལོ། །བློ་མཆོག་བཅོམ་ལྡན་མགོན་པོ་འཇམ་དབྱངས་ཀྱི། །སྐུ་དང་གསང་སྔགས་ཤེས་རབ་འཁོར་ལོ་རྣམས། །རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས་ཉིད་དུ། །བསྟོད་པ་འདི་ནི་དཔལ་ལྡན་འཕགས་པས་བགྱིས། །དེ་ལས་དགེ་བ་གང་གི་སྟོན་ཟླ་ལྟར། །དྲི་མེད་ནམ་མཁའི་ངོས་ལྟར་ཡངས་པ་གང༌། །ཉེ་བར་བསགས་དེས་ནམ་མཁའི་མཐས་གཏུགས་པའི། །ལུས་ཅན་ཐམས་ཅད་འཇམ་དབྱངས་ཉིད་གྱུར་ཅིག །འཕགས་པ་འཇམ་དཔལ་བརྟན་པའི་འཁོར་ལོའི་བསྟོད་པ། །ལུང་རིགས་ཀྱི་དེ་ཁོ་ན་ཉིད་སྨྲ་བའི་བཙུན་པ་འཕགས་པས་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*