༼བ༽
༄༅། །སྐྱབས་སེམས་བསྔོ་བ་དང་བཅས་འབྲིང་དུ་བསྟན་པ་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སྤྱིར་བསྟན་པའི་གཞི་སྐྱབས་སུ་འགྲོ་བ་ཡིན་ཞིང་བྱེ་བྲག་ཏུ་ཐེག་པ་ཆེན་པོའི་ལམ་གྱི་གཞི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་པས། སྐྱབས་འགྲོ་སེམས་བསྐྱེད་བྱ་བའི་ཚུལ་ནི་སྦྱོར་བ་དང༌། དངོས་གཞི་རྗེས་གསུམ་དགོས་པ་ཡིན། སྦྱོར་བ་ལ་སྡིག་པ་དག་པར་བྱ་བ་དང༌། བསོད་ནམས་སྤེལ་བར་བྱ་བ་གཉིས་ཡིན། དེ་ལ་ཐོག་མར་སྡིག་པ་བཤགས་པ་བྱེད་དགོས། དེ་ལ་སློབ་དཔོན་ཞི་བ་ལྷས། བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་གུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་བ། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཞེས་གསུངས་པས། སྡིག་པ་མ་བྱང་བའི་སྔོན་དུ་ཤི་ན་ངན་སོང་དུ་ལྷུང་ཞིང་མཐའ་མེད་པའི་འཁོར་བར་འཁྱམ་དགོས་པས་ཤིན་ཏུ་འཇིགས་པ་ཡིན་པས་སྡིག་པ་འདག་དགོས། དེའི་ཐབས་བཤགས་པ་ཡིན། དེ་ལྟར་བཤགས་པ་བྱེད་པ་ལ་སྟོབས་བཞི་ཚང་དགོས་པས། མདུན་གྱི་ནམ་མཁའི་གནས་སུ་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་སྤྲིན་གཏིབས་པ་བཞིན་དུ་བཞུགས་པ་བསྒོམ། དེ་ལ་རང་ཉིད་བརྟན་པར་བསྒོམ་པ་རྟེན་གྱི་སྟོབས་ཡིན། དེའི་སྤྱན་སྔར་རང་གིས་བྱས་པའི་སྡིག་པ་ལ་གནོང་ཞིང་འགྱོད་པའི་སེམས་བསྒོམ། དེ་རྣམ་པར་སུན་འབྱིན་པའི་སྟོབས་ཡིན། ཕྱིན་ཆད་ལུས་དང་སྲོག་གི་ཕྱིར་ཡང་སྡིག་པ་མི་བྱ་སྙམ་དུ་བསྒོམ་པ་དེ། སླར་བསྡམ་པའི་སྟོབས་ཡིན། སྡིག་པ་མི་བྱེད་པའི་སྟེང་དུ་དགེ་བ་ནུས་ཚད་ཀྱིས་དྭང་དུ་བླང་སྙམ་དུ་བསམ་པ་དེ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཡིན། དེ་ལྟར་བསྒོམས་ལ་ངག་ཏུ་འདི་སྐད་ཅེས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་ཅི་བགྱིད་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་སོ་སོར་བཤགས་ཤིང་ཡང་མི་བགྱིད་དོ། །ཞེས་ལན་གསུམ་བརྗོད་དོ། །དེ་ལྟར་བཤགས་པ་བྱས་པས་སྡིག་པ་ཐམས་ཅད་འདག་པར་འགྱུར་བ་ཡིན་ཏེ། སྡིག་པ་ཡོད་པ་དང༌། དེ་བཤགས་པས་འདག་པ་ཐམས་ཅད་དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་པས། ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་སངས་རྒྱས་ཀྱི་ལུང་ཚད་མ་ཡིན་པའི་ཕྱིར་རོ། །དེ་ནས་དགེ་བའི་རྩ་བ་སྤེལ་བ་ནི། འབད་པ་མེད་ཅིང་ཡོ་བྱད་ལ་མ་ལྟོས་པར་ཐབས་ལ་མཁས་པའི་ཁྱད་པར་གྱིས་དགེ་བའི་རྩ་བ་སྤེལ་བའི་ཕྱིར་ཐབས་རྗེས་སུ་ཡི་རང་བ་ཡིན་པས། རང་གིས་བྱས་པའི་དགེ་བའི་རྩ་བ་ཐམས་ཅད་ལ་དགའ་བ་བསྒོམ། གཞན་གྱིས་བྱས་པའི་དགེ་བ་སངས་རྒྱས་ཀྱི་རྒྱུད་ལ་མངའ་བས་ཟག་པ་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་ནས་བཟུང་སྟེ། ངན་སོང་གི་རྒྱུད་ལ་ཡོད་པའི་བསོད་ནམས་རྒྱུ་མཐུན་གྱི་དགེ་བའི་རྩ་བའི་བར། ཕྱོགས་བཅུ་དུས་གསུམ་དང་རྗེས་སུ་འབྲེལ་པ་ཐམས་ཅད་ལ་ཤིན་ཏུ་རྗེས་སུ་ཡི་རང༌། བདག་ཀྱང་འདི་ལྟ་བུའམ་དེ་བས་ལྷག་པ་ཅིག་གྲུབ་ན་ཅི་མ་རུང་སྙམ་དུ་བསམས་ལ། འདི་སྐད་ཅེས། སོ་སོའི་སྐྱེ་བོ་དང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ལ་དགའ་ཞིང་རྗེས་སུ་ཡི་རང་བར་བགྱིའོ། །ཞེས་བརྗོད་དོ། །དེ་ལྟར་རྗེས་སུ་ཡི་རང་བ་ལས་བྱུང་བའི་དགེ་བའི་རྩ་བ་མཐའ་ཡས་པ་ཡིན་ཏེ། སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་གཟུང་རུང༌། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་གསུངས་སོ། །དེ་རྣམས་ནི་སྐྱབས་སུ་འགྲོ་བའི་སྦྱོར་བའི་ཆོ་ག་ཡིན་ནོ། །དངོས་གཞི་སྐྱབས་སུ་འགྲོ་བ་དངོས་ལ་བདག་དང་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱིས་ཡུན་རིང་དུ་གདུངས། ད་དུང་ཡང་ཐ་མ་མེད་པ་ན་ཡུན་རིང་དུ་སྡུག་བསྔལ་མྱོང་བར་གདོན་མི་ཟ་བས། འཇིགས་པ་འདི་ལས་སྐྱོབ་པའི་ཡུལ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཡིན་པས། དཀོན་མཆོག་གསུམ་ལ་དུས་ད་ནས་བཟུང་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ། དེ་ལྟར་སྐྱབས་སུ་སོང་ནས་རང་གི་ཀྱང་སངས་རྒྱས་ཀྱི་འབྲས་བུ་དེ་འདྲ་བ་ཐོབ་པར་བྱ་སྙམ་དུ་བསམས་ལ། འདི་སྐད་ཅེས། ཕྱོགས་བཅུ་ལ་སོགས་པའི་རྗེས་སུ་བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་པ་ལན་གསུམ་བརྗོད་དོ། །དེས་སྐྱབས་སུ་འགྲོ་བའི་དངོས་གཞི་ཐོབ་པ་ཡིན། དེ་ལྟར་སྐྱབས་སུ་སོང་བ་ལ་ཕན་ཡོན་རྣམ་པ་ལྔ་འབྱུང་སྟེ། དང་པོ་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཡང་དག་པར་ཞུགས་པར་འགྱུར་བ་ཡིན་ཏེ། སྐྱབས་སུ་འགྲོ་བ་མ་བྱས་པའི་དགེ་བ་ཇི་ལྟར་སྤྱད་ཀྱང་ཆོས་འདི་ལས་ཕྱི་རོལ་དུ་གྱུར་པའི་མུ་སྟེགས་ལ་སོགས་པའི་ལུགས་ལས་ཁྱད་པར་དུ་མ་འཕགས་པ་ཡིན། དེ་ལྟར་སྐྱབས་སུ་སོང་བས་བསྟན་པའི་སྒོར་ཆུད་པའང༌། སངས་རྒྱས་ལ་སྐྱབས་སུ་འགྲོ་བ་བྱས་པས་སངས་རྒྱས་ཀྱི་འཁོར་དང་འབངས་སུ་འགྱུར། ཆོས་ལ་སྐྱབས་སུ་སོང་བས་ལམ་དུ་ཞུགས་པར་འགྱུར། དགེ་འདུན་ལ་སྐྱབས་སུ་སོང་བས་དམ་པའི་གྲོགས་དང་ལྡན་པར་འགྱུར་བས་བསྟན་པ་ལ་ཡང་དག་པར་ཞུགས་པ་ཡིན། གཉིས་པ་ལོག་པར་མོས་པའི་ལས་ཀྱི་སྒྲིབ་པ་བསྲབས་པར་འགྱུར་བ་ཡིན། སྐྱེ་བ་འཁོར་བ་ཐོག་མ་མེད་པ་ནས་སྐྱབས་མ་ཡིན་པ་ལ་སྐྱབས། ཡང་དག་པའི་སྐྱབས་གནས་མཆོག་སྤངས་པའི་སྒྲིབ་པའང༌། ཡང་དག་པའི་སྐྱབས་གནས་མཆོག་ལ་སྐྱབས་སུ་སོང་བས་འདག་པར་འགྱུར་བ་ཡིན། གསུམ་པ་སྡོམ་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན་ཏེ། སློབ་དཔོན་ཟླ་བ་གྲགས་པས། སྐྱབས་གསུམ་བདུན་ཅུ་པ་ལས། གསུམ་ལ་སྐྱབས་འགྲོའི་དགེ་བསྙེན་ནི། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་གསུངས་པས། ཐེག་པ་ཆེ་ཆུང་གི་སྡོམ་པ་ཐམས་ཅད་ཀྱི་རྟེན་སྐྱབས་སུ་འགྲོ་བ་ཡིན་ལ་རྟེན་སྐྱབས་འགྲོ་མེད་ན་སྡོམ་པ་མི་སྐྱེ་ཞིང༌། འདིར་སྐྱབས་སུ་འགྲོ་བ་ཐོབ་པས་སྡོམ་པ་ཐམས་ཅད་ཀྱི་རྟེན་གྲུབ་པ་ཡིན་ནོ། །བཞི་པ་བསྲུང་བ་ཆེན་པོར་འགྱུར་བ་ནི། འཁོར་བ་དང་ངན་སོང་ལ་སོགས་པ་གཏན་གྱི་འཇིགས་པ་དང༌། ནད་དང་གདོན་ལ་སོགས་པ་གློ་བུར་གྱི་འཇིགས་པ་རྣམས་ལས་བསྲུང་ཞིང་སྐྱོབ་པར་འགྱུར་བ་ཡིན་ནོ། །མགོན་པོ་བྱམས་པའི་ཞལ་ནས། འཚེ་བ་དག་ནི་ཐམས་ཅད་དང༌། །འཇིག་ཚོགས་ཐེག་པ་དམན་པ་དང༌། །ཐབས་མ་ཡིན་དང་ངན་སོང་ལས། །བསྐྱབ་ཕྱིར་སྐྱབས་ཀྱི་དམ་པར་གསུངས། །ཞེས་གསུངས་པ་ལྟ་བུའོ། །ཕན་ཡོན་ལྔ་པ། བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་བསྲུང་བར་འགྱུར་བ་ནི། དཔེར་ན་འཇིག་རྟེན་གྱི་རྒྱལ་པོའི་འཁོར་དུ་ཞུགས་ན་རྒྱལ་པོའི་འཁོར་སྔ་མ་རྣམས་ཀྱིས་བསྲུང་ཞིང་སྐྱོབ་པར་འགྱུར་བ་ལྟར། བསྟན་པ་ལ་དགའ་བའི་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་རྣམས་ཀྱིས་དུས་ཐམས་ཅད་དུ་བསྲུང་བར་འགྱུར་བ་ཡིན་ཏེ། སངས་རྒྱས་ཀྱི་སྤྱན་སྔར་བདེ་བར་གཤེགས་པའི་འཁོར་རྣམས་བསྲུང་བར་ཁས་བླངས་པའི་ཕྱིར་རོ། །དེ་དག་ནི་སྐྱབས་སུ་འགྲོ་བའི་ཕན་ཡོན་ཡིན་ནོ། །ཕན་ཡོན་དེ་དག་དང་ལྡན་པའི་སྐྱབས་སུ་འགྲོ་བ་མཐར་ཕྱིན་པའི་དོན་དུ། སྐྱབས་འགྲོའི་བསླབ་བྱ་ནི་གཉིས་ཏེ། ཐུན་མོང་གི་བསླབ་བྱ་དང༌། སོ་སོའི་བསླབ་བྱའོ། །དེ་ལ་ཐོག་མར་ཐུན་མོང་གི་བསླབ་བྱ་ནི། སློབ་དཔོན་ཐོགས་མེད་ཀྱིས། ཐོས་པ་ལས་བྱུང་བའི་ས་རྣམ་པར་གཏན་ལ་དབབ་པ་ཞེས་བྱ་བའི་བསྟན་བཅོས་ལས། སྐྱེས་བུ་དམ་པ་དང་འགྲོགས་པ། དམ་པའི་ཆོས་མཉན་པ། ཚུལ་བཞིན་དུ་ཡིད་ལ་བྱ་བ། ཆོས་བཞིན་དུ་བསྒྲུབ་པ་ཞེས་བྱ་བ་བཞི་གསུངས་སོ། །དེ་ལ་དང་པོ་སྐྱེས་བུ་དམ་པ་དང་འགྲོགས་པ་ནི། དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་བཙལ་ནས་དུས་རྒྱུན་དུ་མི་འབྲལ་ཞིང་མཉེས་པར་བྱེད་པའོ། །ཆོས་མཉན་པ་ནི་དགེ་བའི་བཤེས་གཉེན་དེ་ལ་ལེགས་པར་གསུངས་བའི་བཀའ་དང་བསྟན་བཅོས་རྣམས་ལེགས་པར་མཉན་པའོ། །ཚུལ་བཞིན་དུ་ཡིད་ལ་བྱེད་པ་ནི་བག་ཡོད་པ་དང་དྲན་པ་དང༌། ཤེས་བཞིན་དང་ལྡན་པ་བླང་བ་དང་དོར་བར་བྱ་བ་ཐམས་ཅད་ཡིད་ལ་བྱེད་པ་ཡིན། ཆོས་བཞིན་དུ་བསྒྲུབ་པ་ནི་སྤྱོད་ལམ་ཐམས་ཅད་ཆོས་བཞིན་དུ་བྱེད་པ་ཡིན་ཏེ། ནུབ་མོར་ཉལ་བའི་ཚེའང་བླ་མ་དང་དཀོན་མཆོག་གི་ཕྱོགས་སུ་མགོ་བསྟན་ལ་བསམ་པ་སྟོང་པ་ཉིད་ཀྱི་ངང་ལ་བློ་བཞག་ལ་ཉལ། ནང་པར་ལྡང་བའི་ཚེ་མ་རིག་པའི་གཉིད་ལས་སད་པར་བསམ་ཞིང་ལྡང༌། ཁྲུས་བྱེད་པའི་ཚེ་སྡིག་སྒྲིབ་ཀྱི་དྲི་མ་ཐམས་ཅད་བཀྲུ་བར་བསམ། ཟས་ཟ་བའི་ཚེ། ཨོཾ་མ་ཧཱ་གུ་རུ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་ཞེས་བརྗོདཅིང་བླ་མ་ལ་ཕུད་འབུལ། ཨོཾ་སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་ཞེས་བརྗོད་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ། དེ་ནས་ཆང་བུ་གཅིག་བཅངས་ལ་ཨོཾ་ཧ་རི་ཏེ་སྭཱ་ཧཱ། ཞེས་བརྗོད་པས་གནོད་སྦྱིན་མོ་འཕྲོག་མ་ལ་སྦྱིན། ཨོཾ་ཧ་རི་ཏེ་བཛྲ་ཡཀྵ་ནི་སྭཱ་ཧཱ། ཞེས་བརྗོད་པས་འཕྲོག་མའི་བུ་ལྔ་བརྒྱ་ལ་སྦྱིན། ཨོཾ་ཨ་གྲ་པཎྜི་ཨ་སཱི་བྷྱཿསྭཱ་ཧཱ། ཞེས་བརྗོད་པས་ཕུད་ལ་དབང་བའི་འབྱུང་པོ་རྣམས་ལ་ཆང་བུ་གཅིག་སྦྱིན། དེ་ནས་རང་གི་ལུས་བྱང་ཆུབ་བསྒྲུབ་པའི་རྟེན་ཡིན་པས་དེ་གསོ་བའི་བསམ་པ་དང༌། རང་གི་ལུས་ལ་ཡོད་པའི་སྲིན་བུ་རྣམས་གསོ་བའི་བསམ་པས་བག་ཡོད་པས་བཟའ། དེ་ནས་ལྷག་མ་ལ་ཆང་བུ་གཅིག་བཅད་ལ། ཨོཾ་ཨུཙྪིཥྚ་ཧ་རི་བྷྱཿསྭཱ་ཧཱ། ཞེས་བརྗོད་པས་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་སྦྱིན། འགྲོ་བའི་ཚེ་འགྲོ་ཕྱོགས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དྲུང་དུ་འགྲོ་བར་བསམ། འདུག་པའི་ཚེ་སངས་རྒྱས་ཀྱི་ཞབས་དྲུང་དུ་སྡོད་པར་བསམ། སྨྲ་བའི་ཚེ་ཆོས་སྨྲ་བར་བསམ། མདོར་ན་ཇི་ལྟར་སྤྱོད་པ་ཐམས་ཅད་ཆོས་དང་མཐུན་པའི་བསམ་པས་ཟིན་ཅིང་དེ་དང་མཐུན་པར་ངག་ཏུ་ཡང་བརྗོད་པར་བྱ་སྟེ། མགོན་པོ་བྱམས་པའི་ཞལ་ནས། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འབྱུང་འགྱུར་བ། །དེ་ལྟ་དེ་ལྟར་རིག་ཅིང་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་དག་མངོན་དུ་བྱེད། །ཅེས་གསུངས་པ་བཞིན་ནོ། །མདོར་ན་ལས་རྒྱུ་འབྲས་ལ་འཛེམ་པས་སྤྱོད་ལམ་ཐམས་ཅད་ཁ་ན་མ་ཐོ་བའི་རྒྱུར་མི་འགྱུར་བར་བྱའོ། །དེ་དག་ནི་ཐུན་མོང་གི་བསླབ་བྱའོ། །དེ་ནས་སོ་སོའི་བསླབ་བྱ་ནི། འཕགས་པ་མྱ་ངན་ལས་འདས་པའི་མདོ་ཆེན་པོ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་བས། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་སོང་བས། །མུ་སྟེགས་ཅན་ལ་ཕྱག་མི་བྱེད། །ཅེས་གསུངས་པ་ལྟར་སངས་རྒྱས་ལ་སྟོན་པར་འཛིན་ཅིང་སངས་རྒྱས་མ་ཡིན་པ་ལ་སྟོན་པར་མི་འཛིན། ཆོས་ལ་སྐྱབས་སུ་སོང་བས་ཆོས་ལ་ལམ་དུ་འཛིན་ཅིང༌། ཆོས་མ་ཡིན་པ་ལ་ལམ་དུ་མི་འཛིན། སེམས་ཅན་ལ་འཚེ་བ་ལས་ལྡོག དགེ་འདུན་ལ་སྐྱབས་སུ་སོང་བས་དགེ་འདུན་ལ་ཡང་དག་པའི་གྲོགས་སུ་འཛིན་ཅིང༌། གཞན་མུ་སྟེགས་པ་ལ་གྲོགས་སུ་མི་བལྟ། སངས་རྒྱས་ཀྱི་སྐུ་གཟུགས་ཅི་འདྲ་བ་ལའང་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད། ཆོས་ཀྱི་རྟེན་ཡིག་འབྲུ་གཅིག་ལའང་གུས་པ་བྱེད། དགེ་འདུན་གྱི་རྟགས་སེར་མོ་ཙམ་ལའང་མི་འགོང་ཞིང་གུས་པ་བྱེད། བདེ་བ་དང་སྐྱིད་པ་དང་ལེགས་པ་གང་བྱུང་ཡང་དཀོན་མཆོག་གི་བཀའ་དྲིན་དུ་ཤེས་པར་བྱའོ། །སྡུག་བསྔལ་གང་བྱུང་ཡང་རང་གི་ལས་ངན་ཡིན་པས་དེ་སྦྱོང་བའི་ཕྱིར་དཀོན་མཆོག་གསུམ་ལ་གསོལ་བ་གདབ། དུས་རྒྱུན་དུ་མཎྜལ་དབུལ་སྐྱབས་འགྲོ་བྱ། དེ་དག་སོ་སོའི་བསླབ་བྱའོ། །སྐྱབས་སུ་འགྲོ་བའོ། །དེ་ནས་སེམས་བསྐྱེད་པ་ནི། དེ་ལྟར་སྐྱབས་སུ་འགྲོ་བ་བྱས་ཀྱང་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་མ་བྱས་ན་སངས་རྒྱས་ཀྱི་ས་བོན་དང་མི་ལྡན་པས། ལམ་ལ་འབད་པ་བྱས་ནའང་མངོན་པར་མཐོ་བ་འཁོར་བའི་རྒྱུའམ་ཉན་ཐོས་སམ། རང་སངས་རྒྱས་ཀྱི་རྒྱུར་འགྱུར་གྱི། སངས་རྒྱས་ཀྱི་རྒྱུར་མི་འགྱུར། སངས་མ་རྒྱས་ན་འཁོར་བའི་འབྲས་བུ་ལྷ་མིའི་གོ་འཕང་ཕུན་སུམ་ཚོགས་པ་ཐོབ་ཀྱང༌། འཇིག་པ་དང་ལྟུང་བའི་ཆོས་ཅན་ཡིན་ཞིང་འཁོར་བའི་རང་བཞིན་ལས་མ་འདས། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་ཀྱང་རང་གི་ཡོན་ཏན་མི་རྫོགས། གཞན་གྱི་དོན་མི་འགྲུབ་པས། དོན་དུ་གཉེར་བྱའི་འབྲས་བུ་མ་ཡིན། དེའི་ཕྱིར་སེམས་བསྐྱེད་པ་བླང་དགོས། དེ་ལ་འཁོར་བ་ཐོག་མ་མེད་པ་ནས་རང་གི་དོན་འབའ་ཞིག་བསྒྲུབས། གཞན་དོན་ཡེ་མ་བསྒྲུབས། གལ་ཏེ་བསྒྲུབས་ནའང་རང་གི་ཉེ་དུ་ལ་སོགས་པ་ཆགས་སྡང་གི་དབང་གིས་བསྒྲུབས། དེའི་དོན་དུ་ཆགས་སྡང་དང་འཐབ་རྩོད་ལ་སོགས་པ་སྡིག་པ་ཁོ་ནའི་རྒྱུར་འགྱུར་བས། དེང་སང་གི་བར་དུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་མཐར་བ་ཡིན། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རང་གི་དོན་ཡལ་བར་དོར་ནས་གཞན་དོན་འབའ་ཞིག་ལྷུར་བླངས་པས་བདག་གཞན་གཉིས་ཀྱི་དོན་གྲུབ་ཅིང༌། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་སུ་གྱུར་པ་ཡིན། དེའང་མགོན་པོ་བྱམས་པས། སྐྱེ་བོ་རྨོངས་པས་རང་གི་བདེ་དོན་གཉེར། །རྟག་ཏུ་དེ་མ་ཐོབ་པས་སྡུག་བསྔལ་འགྱུར། །བརྟན་པ་རྟག་གཞན་དོན་བརྩོན་པ་ནི། །གཉིས་ཀའི་དོན་བྱས་མྱ་ངན་འདའ་བར་འགྱུར། །ཞེས་གསུངས་པས། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རང་གི་དོན་ཡལ་བར་དོར་ནས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པར་མཛད་ཅིང༌། བྱང་ཆུབ་ཀྱི་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་སངས་རྒྱས་ཀྱི་ས་ལ་དགོད་པར་བྱ་བའི་ཆེད་དུ། བདག་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་ལ་བསླབ་སྙམ་དུ་བསྒོམས་ལ། འདི་སྐད་ཅེས་ཕྱོགས་བཅུ་ན་བཞུགས་པ་ལ་སོགས་པའི་མཐར། ཇི་ལྟར་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར། སྨོན་པ་དང༌། འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ། །ཞེས་ལན་གསུམ་བརྗོད་དོ། །དེ་དངོས་གཞིའི་ཆོ་ག་ཡིན་ཏེ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཐོབ་པར་བྱས་པ་ཡིན། དེ་ལྟར་སེམས་བསྐྱེད་པ་ཐོབ་པའི་ཕན་ཡོན་ནི་རྣམ་པ་གསུམ་འབྱུང་བ་ཡིན་ཏེ། དང་པོ་སྐྱེས་སྟོབས་ཀྱི་འབྲས་བུ་ངོ་མཚར་བ་ནི། མིང་འཕོ་བ་དང༌། དོན་འཕོ་བ་རྣམ་པ་གཉིས་འབྱུང༌། མིང་འཕོ་བའང་སེམས་བསྐྱེད་པ་མ་བྱས་པའི་གོང་དུ་ཁྱེའུ་དང་བུ་མོ་དང་རབ་ཏུ་བྱུང་བ་ལ་སོགས་པའི་མིང་ལས་མེད་པ་ལ། སེམས་བསྐྱེད་པ་ཐོབ་ཕྱིན་ཆད་བྱང་ཆུབ་སེམས་དཔའ་རྒྱལ་བའི་སྲས་ཞེས་བྱ་བའི་མིང་ཐོབ་པར་འགྱུར་རོ། །དོན་འཕོ་བ་ལ་སྔོན་ཆད་འཇིག་རྟེན་པའི་ཕོ་ལྷ་དང་དགྲ་ལྷ་ལ་སོགས་པ་ལ་ཕར་ཕྱག་འཚལ་དགོས་པ་ལ། སེམས་བསྐྱེད་ཕྱིན་ཆད་རྒྱལ་པོའི་རིགས་སུ་གྱུར་པ་ཆུང་ངུ་ལའང༌། ཕལ་པའི་རྒན་པོ་དང་ཆེན་པོར་གྱུར་པ་ཐམས་ཅད་ཀྱིས་ཕྱག་འཚལ་བ་ལྟར། བྱང་ཆུབ་ཏུ་སེམས་བསྐྱེད་པའི་གང་ཟག་དེ་ལའང་འཇིག་རྟེན་པའི་ལྷ་ཆེན་པོ་ཐམས་ཅད་དང་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་རྣམས་ཀྱི་ཕྱག་བྱ་བའི་འོས་སུ་གྱུར་པ་ཡིན་ནོ། །དེའང་སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་པ་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱུར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །ཕན་ཡོན་གཉིས་པ་གནས་སྐབས་ཀྱི་འབྲས་བུ་དོན་ཆེ་བ་ནི། འགྲོ་བ་སེམས་ཅན་ལ་ཕན་པའི་བསམ་པ་དང༌། སྦྱོར་བ་ལ་ཞུགས་པས་འགྲོ་བ་ཐམས་ཅད་ཀྱི་བཤེས་སུ་འགྱུར་བ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཉེས་པར་འགྱུར་བས་མཆོད་པ་བླ་ན་མེད་པ་འགྱུར་བ་དང༌། དགེ་བའི་རྩ་བ་རྒྱ་ཆེན་པོ་ཐོབ་པས་འཇིག་རྟེན་གྱི་ཕུན་སུམ་ཚོགས་པའི་བདེ་བ་ཐམས་ཅད་ལ་ལོངས་སྤྱོད་པར་འགྱུར་བ་དང༌། དགེ་བའི་རྩ་བ་རྒྱུན་མི་འཆད་པར་འགྱུར་བ་དང་ལྡན་པ་དང༌། སྡིག་ཏོ་མི་དགེ་བའི་ཆོས་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་བ་ཡིན་ཏེ། སྤྱོད་འཇུག་ལས། འདི་ནི་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། །སེམས་ཅན་སྨིན་པར་བྱེད་པའང་འདི་ཉིད་ཡིན། །རང་དོན་ཡང་དག་བསྒྲུབ་པའང་འདི་ཉིད་ཡིན། །ཞེས་བྱ་བ་དང༌། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་ཕྱུང་ནས་ཟད་པར་འགྱུར་པ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང༌། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་བྱེད། །ཅེས་པ་དང༌། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པའང༌། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་གསུངས་པས་སོ། །ཕན་ཡོན་གསུམ་པ་མཐར་ཐུག་གི་འབྲས་བུ་ཕུན་སུམ་ཚོགས་པ་ནི་རང་བཞིན་གྱི་དོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང༌། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ལས་བྱུང་བ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་རིན་པོ་ཆེའི་ཕྲེང་བ་ལས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་བསྒྲུབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང༌། །ཞེས་གསུངས་སོ། །དེ་ལྟ་བུའི་ཕན་ཡོན་འདི་རྣམས་དྲན་པར་བྱས་ནས་བྱང་ཆུབ་ཀྱི་སེམས་མི་ཉམས་ཤིང་གཅེས་པར་ཡིད་ལ་བྱའོ། །དེ་ལྟ་བུའི་ཕན་ཡོན་དང་ལྡན་པ་དེའི་བསླབ་པར་བྱ་བ་ནི་རྣམ་པ་གཉིས་ཏེ། ཐུན་མོང་གི་བསླབ་པར་བྱ་བ་དང༌། །སོ་སོའི་བསླབ་པར་བྱ་བའོ། །ཐུན་མོང་གི་བསླབ་བྱ་ལ་བཞི་སྟེ། འཁོར་བའི་སྡུག་བསྔལ་དྲན་པར་བྱ་བ་དང༌། མྱ་ངན་ལས་འདས་པའི་ཉེས་དམིགས་བསམ་པ་དང༌། སེམས་ཅན་ཐམས་ཅད་ལ་ཕ་མར་འདུ་ཤེས་པ་དང༌། ལས་རྒྱུ་འབྲས་ཕྲ་མོ་ཤེས་པར་བྱ་ཞིང་དེ་ལ་འཛེམ་པར་བྱའོ། །སོ་སོའི་བསླབ་པར་བྱ་བ་ལ། ཐོག་མར་སྨོན་པའི་སེམས་བསྐྱེད་ཀྱི་བསླབ་བྱ་ནི། མི་ཉམས་པར་བསྲུང་བའི་ཐབས་ལ་བསླབ་པ་དང༌། འཕེལ་བར་བྱེད་པའི་ཐབས་ལ་བསླབ་པ་གཉིས་ཡིན། མི་ཉམས་པའི་ཐབས་ལ་ཞུམ་པས་སེམས་བསྐྱེད་པ་གཏོང་བའི་གཉེན་པོར་མ་ཞུམ་པའི་སེམས་བསྒོམ་པ་ནི། བདག་ལས་དམན་པའི་འབུ་སྲིན་སྦྲང་བུ་ལ་སོགས་པ་ལ་ཡང་རིམ་གྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སངས་རྒྱས་ཐོབ་ན་བདག་གིས་ཅིའི་ཕྱིར་མི་ཐོབ་སྙམ་དུ་བསམ་པས་གཟེངས་བསྟོད་དོ། །དེའང་སྤྱོད་འཇུག་ལས། སྦྲང་བུ་ཤ་སྦྲང་བུང་བ་དང༌། །དེ་བཞིན་སྲིན་བུར་གང་གྱུར་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་ཐོབ། །བདག་ལྟ་རིགས་ཀྱི་མིར་སྐྱེས་ནས། །ཕན་དང་གནོད་པ་ངོ་ཤེས་ནས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་ཐོབ། །ཅེས་གསུངས་པའི་དོན་བསམ་པར་བྱའོ། །སྒྱིད་ལུག་པས་བྱང་ཆུབ་ཀྱི་སེམས་འདོར་བའང་རང་དང་གཞན་གྱི་བྱང་ཆུབ་ཀྱི་སེམས་བསྲུང་བཞིན་དུ་འདོད་པ་མ་གྲུབ་པ་དང༌། སྡུག་བསྔལ་ཉམས་སུ་མྱོང་བ་ལ་སོགས་པ་བྱུང་ན་དེའི་རྐྱེན་གྱིས་སྒྱིད་ལུག་ནས་བྱང་ཆུབ་ཀྱི་སེམས་འདོར་བ་སྲིད་པས་དེའི་གཉེན་པོར་མི་འདོར་བའི་ཐབས་ལ་བསླབ་པ་ནི། ཚེའི་འདིའི་བདེ་སྡུག་ཐམས་ཅད་སྔོན་གྱི་ལས་ལས་བྱུང་བས་བཟློག་ཏུ་མེད་པ་དང༌། ད་ལྟར་གྱི་བྱང་ཆུབ་ཀྱི་སེམས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པ་སྐྱེ་བ་ཕྱི་མ་ལ་འབྱུང་བ་དང༌། དོན་ཆེན་པོ་བསྒྲུབ་པ་ལ་གནས་སྐབས་ཀྱི་སྡུག་བསྔལ་ཕྲ་མོ་ཁྱད་དུ་གསོད་དགོས་པས། དེ་ལྟར་ཤེས་ནས་སྒྱིད་ལུག་པར་མི་བྱ་བ་ལ་བསླབ་བོ། དེའང་སྤྱོད་འཇུག་ལས། བྱང་ཆུབ་སེམས་ཀྱི་རྟར་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །མཁས་པ་སུ་ཞིག་སྒྱིད་ལུག་བྱེད། །ཅེས་པ་དང༌། མགོན་པོ་བྱམས་པའི་ཞལ་ནས་ཀྱང༌། མགོན་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སེམས་དཔའ་མཆོག་དེ་དལ་གྱིས་འགྲོ་མི་མཛེས། །བདག་གཞན་འཆིང་བ་བརྒྱ་ཡིས་རབ་བཅིངས་པ། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། །ཞེས་གསུངས་པའི་དོན་རྣམས་ལ་བསླབ་པར་བྱའོ། །གཞན་ཡང་འཁོར་བའི་སྡུག་བསྔལ་གྱིས་ཡིད་བྱུང་ནས་བྱང་ཆུབ་ཀྱི་སེམས་འདོར་བ་སྲིད་པས་དེ་མི་འདོར་བའི་ཐབས་ལ་བསླབ་པ་ནི། དོན་དམ་པར་སྡུག་བསྔལ་རང་བཞིན་མེད་པ་དང༌། ཀུན་རྫོབ་ཏུ་སྡུག་བསྔལ་མྱོང་བས་སྔོན་གྱི་ལས་ངན་འདག་པར་ཤེས་པ་དང༌། གཞན་ལ་ཕན་པར་གྱུར་ན་རང་གི་སྡུག་བསྔལ་བླང་བྱར་ཤེས་པ་ལ་བསླབ་པས། སྡུག་བསྔལ་ལ་ཡིད་སྐྱོ་བ་མེད་པར་བྱའོ། །དེ་ཡང་མགོན་པོ་བྱམས་པའི་ཞལ་ནས། གཞན་དོན་བརྩོན་ལྡན་སྙིང་རྗེའི་བདག་ཉིད་འདི། །གང་ཚེ་མནར་མེད་པ་ལ་དགར་འཛིན་པ། །དེ་ལྟ་བུ་དེ་སྲིད་ན་གཞན་རྟེན་ཅན། །སྡུག་བསྔལ་འབྱུང་བ་དག་གིས་ག་ལ་འཇིགས། །ཞེས་གསུངས་པའི་ཚུལ་དང་མཚུངས་པར་བསླབ་བོ། །དེ་རྣམས་མི་ཉམས་པར་བསྲུང་བའི་ཐབས་ཡིན། དེ་ནས་འཕེལ་བར་བྱ་བའི་ཐབས་ལ་བསླབ་པ་ནི། ཡང་དག་པའི་དགེ་བའི་བཤེས་གཉེན་གུས་པས་བསྟེན་པ་དང༌། དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་ཞིང་དད་པ་བསྒོམ་པ་དང༌། བདུད་ཀྱི་ལས་ཤེས་པར་བྱས་ནས་སྤང་བ་ལ་ནན་ཏན་བྱ་བ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་དྲན་པར་བྱ་བ་དང༌། བྱམས་པ་དང་སྙིང་རྗེ་བསྒོམ་པ་ལ་སོགས་པ་ལ་བརྩོན་པར་བྱའོ། །མདོར་བསྡུ་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་པའི་བྱང་ཆུབ་ཀྱི་སེམས་རྒྱུན་མི་འཆད་པར་བསྒོམ་པའི་ནང་དུ་འདུ་བ་ཡིན། དེ་རྣམས་སྨོན་པ་སེམས་བསྐྱེད་པའི་བསླབ་བྱ་ཡིན་ནོ། །དེ་ནས་འཇུག་པ་སེམས་བསྐྱེད་པའི་བསླབ་པར་བྱ་བ་ནི། ཚུལ་རྣམ་པ་གཉིས་ཏེ། ཉམས་པའི་རྒྱུ་སྤང་བ་དང༌། མི་ཉམས་པའི་ཐབས་ལ་བསླབ་པའོ། །ཉམས་པའི་རྒྱུ་སྤང་བ་ལ། ཐོག་མར་སྤང་བར་བྱ་བ་ནི། དཀོན་མཆོག་བརྩེགས་པའི་མདོ་ལས། ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་ཉམས་པར་འགྱུར་ཏེ། བཞི་གང་ཞེ་ན། བླ་མ་དང་མཆོད་པར་འོས་པ་བསླུ་བ་དང༌། གཞན་འགྱོད་པའི་གནས་མ་ཡིན་པ་འགྱོད་པ་བསྐྱེད་པ་དང༌། ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་བསྔགས་པ་མ་ཡིན་པ་བརྗོད་པ་དང༌། གཡོ་དང་སྒྱུས་ཀུན་ཏུ་སྤྱོད་པའོ། །ཞེས་འབྱུང་བས། སྐྱེས་བུ་དམ་པ་རྣམས་ལ་ཀུ་རེ་ཀྱལ་ཀའི་ཕྱིར་ཡང་མི་བསླུ་བ་དང༌། གང་ཟག་གཞན་གྱི་ཀུན་ཏུ་སྤྱོད་པའི་ལེགས་པ་ལ་མི་ལེགས་ཞེས་ཀུ་རེ་ཀྱལ་ཀའི་ཕྱིར་ཡང་འགྱོད་པ་མི་བསྐྱེད་པ་དང༌། ཐེག་པ་ཆེན་པོའི་བརྟུལ་ཞུགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཀུ་རེ་ཀྱལ་ཀའི་ཕྱིར་ཡང་མི་སྨོད་པ་དང༌། རང་དོན་དུ་ཀུ་རེ་ཀྱལ་ཀའི་ཕྱིར་ཡང་གཡོ་དང་སྒྱུ་མི་བྱེད་པ་ལ་བསླབ་བོ། །མདོར་ན་བྱང་ཆུབ་སེམས་དཔའི་ཀུན་དུ་སྤྱོད་པ་ཉམས་པའི་རྒྱུ་ཐམས་ཅད་སྤང་བ་ལ་བསླབ་པར་བྱའོ། །དེ་ནས་མི་ཉམས་ཤིང་འཕེལ་བར་བྱེད་པའི་ཐབས་ལ་བསླབ་པར་བྱ་བ་ནི། དཀོན་མཆོག་བརྩེགས་པའི་མདོ་ལས། ཆོས་བཞི་དང་ལྡན་ན་སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཞིང་བརྗེད་པར་མི་འགྱུར་ཏེ། བཞི་གང་ཞེ་ན། ཤེས་བཞིན་དུ་བརྫུན་མི་སྨྲ་བ་དང༌། གཡོ་དང་སྒྱུ་མེད་པར་ལྷག་པའི་བསམ་པས་སེམས་ཅན་གྱི་དྲུང་ན་མཉམ་པར་གནས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པའི་འདུ་ཤེས་སྐྱེད་པར་བྱེད་དེ། དེ་དག་གི་བསྔགས་པ་ཕྱོགས་བཞིར་བརྗོད་པ་དང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ཉི་ཚེ་བའི་ཐེག་པར་མི་འདོད་པར་བླ་ན་མེད་པའི་བྱང་ཆུབ་ཡང་དག་པར་ལེན་དུ་འཇུག་པའོ། །ཞེས་གསུངས་པས་ཀུ་རེའི་དོན་དུ་ཡང་བརྫུན་སྨྲ་བར་མི་བྱེད་པ་དང༌། རང་གི་སྡུག་བསྔལ་ཁྱད་དུ་བསད་ནས་སེམས་ཅན་ལ་ཕན་གདགས་པའི་དོན་དུ་སྐྱོ་བ་མེད་པར་སེམས་ཅན་གྱི་དྲུང་དུ་གནས་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ནས། དེ་དག་ལ་གཞན་ཡང་གུས་པ་བསྐྱེད་པའི་དོན་དུ་སྐྱེ་བོ་གཞན་རྣམས་ལ་བྱང་ཆུབ་སེམས་དཔའི་བསྔགས་པ་བརྗོད་པ་ལ་བརྩོན་པར་བྱ་བ་དང༌། སེམས་ཅན་རྣམས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་དགོད་པར་མི་འདོད་པར་ཐེག་པ་ཆེན་པོ་འབའ་ཞིག་གིས་ངེས་པར་ཕྱུང་ནས་སངས་རྒྱས་ཀྱི་ས་ལ་དགོད་པར་བྱ་བའི་དོན་དུ་བརྩོན་པར་བྱེད་པ་ལ་བསླབ་པར་བྱའོ། །བསམ་པ་དེ་དག་དང་ལྡན་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པ་ལ་བརྩོན་པར་བྱ་སྟེ། སྦྱིན་པ་ལ་སོགས་པ་དངོས་པོ་ཆེ་ཡང་རུང་ཆུང་ཡང་རུང་སྟེ། སྔོན་དུ་སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་སྦྱིན་པ་འདི་གཏོང་སྙམ་དུ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླང༌། དངོས་གཞི་འཁོར་གསུམ་དུ་མི་རྟོག་པའི་རྒྱས་བཏབ་ནས་སྒྱུ་མ་ལྟ་བུར་ཤེས་པར་བྱ། རྗེས་དགེ་བའི་རྩ་བ་དེས་སངས་རྒྱས་ཐོབ་པར་གྱུར་ཅིག ཅེས་བསྔོ་བའི་རྒྱས་བཏབ། དེ་བཞིན་དུ་ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང་ཐམས་ཅད་སོ་སོར་སྦྱར་ལ་སྤྱད་པར་བྱའོ། །འཇུག་པ་སེམས་བསྐྱེད་ཀྱི་བསླབ་བྱ་མདོར་བསྡུ་ན་ལུས་ངག་ཡིད་གསུམ་གྱི་ནུས་ཚད་ཀྱིས་སྡིག་པ་མི་བྱ། དབང་མེད་བྱས་ན་བཤགས་པ་བྱ། ལུས་ངག་ཡིད་གསུམ་གྱི་ནུས་ཚད་ཀྱིས་དགེ་བ་བསྒྲུབ་པ་ལ་འབད། དགེ་བ་གང་བྱུང་བ་སངས་རྒྱས་སུ་བསྔོ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་དྲན་པར་བྱ་བ་ལ་བསླབ་པར་བྱའོ། །དེ་ལྟར་བསླབ་པར་བྱ་བ་རྣམས་ལ་བསླབ་ན་རང་གཞན་གྱི་དོན་བྱས་ཏེ་མཐར་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །གསུམ་པ་མཇུག་གི་བྱ་བ་བསྔོ་བ་ནི། དེ་ལྟར་སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་ཐོབ་པ་ལ་དགེ་བའི་རྩ་བ་ཚད་མེད་པ་ཡོད་པས་དེ་རྣམས་ཆུད་མི་ཟ་བར་བྱ་བའི་དོན་དང༌། དུས་གཞན་དུ་ཡང་དགེ་བའི་རྩ་བ་བྱས་པ་རྣམས་ཆུད་མི་ཟ་བར་བྱ་བའི་དོན་དུ་ཡོངས་སུ་བསྔོ་བ་བྱ་དགོས་པ་ཡིན། དེའང་སློབ་དཔོན་མ་ཏི་ཙི་ཏྲའི་ཞལ་ནས། བསོད་ནམས་བྱས་པའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བར། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་གྲགས། །ཞེས་གསུངས་པས། དགེ་བའི་རྩ་བ་བྱས་པ་རྣམས་སེམས་ཅན་གྱི་དོན་དུ་སངས་རྒྱས་སུ་བསྔོ་བ་ནི་ཐབས་ཀྱི་སངས་རྒྱས་ཁོ་ནས་གསུངས་ཀྱི། གཞན་བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པ་གང་གི་ཡང་གཞུང་ལུགས་ལ་མ་གྲགས་པས། དེས་ན་བདེ་བར་གཤེགས་པའི་བཞེད་ལུགས་འདི་ཁྱད་པར་དུ་འཕགས་པ་ཡིན། དེ་ལ་རྣམ་པ་གསུམ་སྟེ། གང་བསྔོ་བར་བྱ་བའི་དགེ་བའི་རྩ་བ་གང་དུ་བསྔོ་བའི་ཡུལ། ཚུལ་ཇི་ལྟར་བསྔོ་བའི་ཐབས་སོ། །གང་བསྔོ་བའི་དགེ་བ་ནི་རང་དང་གཞན་གྱིས་དུས་གསུམ་དང་རྗེས་སུ་འབྲེལ་བའི་དགེ་བའི་རྩ་བ་ཐམས་ཅད་བློས་གཅིག་ཏུ་བསྡམས་ནས་བསྔོ་བ་ཡིན་ཏེ། དེའང༌། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དང༌། །ཞེས་གསུངས་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ནི་བསྔོ་བར་བྱ་བ་མ་ཡིན་ཏེ། ཆོས་དབྱིངས་དགེ་བ་དང་སྡིག་པའི་ཆོས་ལས་གྲོལ་བར་བཤད་པའི་ཕྱིར་འདུས་མ་བྱས་རྐྱེན་གྱིས་བསྒྱུར་དུ་མི་རུང་བའི་ཕྱིར་རོ། །དེའང་ཏིང་འཛིན་རྒྱལ་པོ་ལས། མྱ་ངན་ལས་འདས་ཆོས་ལ་ཆོས་མེད་དེ། །གང་ཕྱིར་དེ་མེད་ནམ་ཡང་ཡོད་མི་འགྱུར། །རྟོག་ཅན་དག་གིས་ཡོད་དང་མེད་ཅེས་བསྟན། །དེ་ལྟར་བརྟགས་པས་སྡུག་བསྔལ་ཞི་མི་འགྱུར། །ཞེས་གསུངས་པའི་ཕྱིར་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས། སྡིག་དང་བསོད་ནམས་བྱ་བར་འདས། །ཟབ་མོ་བཀྲོལ་བའི་དོན་དང་ལྡན། །མུ་སྟེགས་གཞན་དང་རང་ཉིད་ཀྱིའང༌། །གནས་མིན་སྐྲག་པས་མ་མྱངས་པ། །ཞེས་གསུངས་པ་དང༌། རྒྱལ་བའི་ཡུམ་ལས་ཀྱང༌། ཆོས་ཀྱི་དབྱིངས་ལ་ཡོངས་སུ་བསྔོ་བ་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །གང་དུ་བསྔོ་བའི་ཡུལ་ནི། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཁོ་ན་སྟེ། འབུམ་ལས། དགེ་བའི་རྩ་བ་ཐམས་ཅད་ཀྱང༌། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཉིད་མ་གཏོགས་པར་གཞན་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་འཇུག་པའོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ཇི་ལྟར་བསྔོ་བའི་ཚུལ་ནི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་ལས་བསྒྲལ་བར་འདོད་པའི་སྙིང་རྗེས་ཀུན་ནས་བསླངས་ནས་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ལ་དམིགས། དེ་དག་ཐམས་ཅད་ཀྱང་ཡང་དག་པར་ན་བདེན་པར་མ་གྲུབ་པ་འཁོར་གསུམ་ཡོངས་སུ་དག་པའི་རྒྱས་བཏབ་ནས། སྒྱུ་མ་ལྟ་བུའི་ཚུལ་དུ་ཤེས་པར་བྱས་ལ་བསྔོའོ། །དེའང་འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པ་ཞེས་བྱ་བ་ལས། བསྔོ་བྱ་སྔོ་བྱེད་བསྔོ་བ་རྣམས། །རང་བཞིན་གྱིས་ནི་མི་དམིགས་པ། །དམིགས་པ་མེད་པའི་བསྔོ་བ་དེ། །བསྔོ་བ་བླ་ན་མེད་པར་འདོད། །ཅེས་གསུངས་པ་བཞིན་ནོ། །དེ་ལྟར་ཡིད་ལ་བསྒོམ་དུ་བཅུག་ལ། འདི་སྐད་ཅེས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་གིས་སྤྱིར་དགེ་བའི་རྩ་བ་ཅི་བགྱིས་པ་དང༌། བྱེ་བྲག་ཏུ་བླ་མ་དཀོན་མཆོག་མཆོད་པ་དང༌། དགེ་འདུན་ལ་བསྙེན་བཀུར་བགྱིས་པ་དང༌། ཆོས་སྐྱོང་དང༌། འབྱུང་པོ་ལ་གཏོར་མ་བྱིན་པ་དང༌། སྡུག་ཕོངས་ལ་སྦྱིན་པ་བྱིན་པ་ལ་སོགས་པ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། གཞན་ཡང་ཕྱོགས་བཅུ་དུས་གསུམ་དང་རྗེས་སུ་འབྲེལ་བའི་དགེ་བའི་རྩ་བ་ཅི་བགྱིས་པ་ཐམས་ཅད་གཅིག་ཏུ་བསྡོམས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག ཅེས་བྱ་བ་ལ་སོགས་པ་བརྗོད་དོ། །དེ་མ་ཐོབ་ཀྱི་བར་དུ་ཡང་སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་མཐོ་རིས་ཀྱི་རྟེན་དལ་འབྱོར་གྱི་ལུས་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག ཐེག་པ་ཆེན་པོ་སྟོན་པའི་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་འཛིན་པར་གྱུར་ཅིག དགེ་བའི་བཤེས་གཉེན་མཉེས་པར་བྱེད་པར་གྱུར་ཅིག མི་མཉེས་པར་བྱེད་པར་མ་གྱུར་ཅིག ལམ་བསྒྲུབ་པའི་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག དོན་དམ་པ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མི་ཉམས་པ་རྒྱུད་ལ་སྐྱེ་བར་གྱུར་ཅིག ལུས་དང་ངག་དང་ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བར་གྱུར་ཅིག དུས་གསུམ་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་པར་གྱུར་ཅིག མདོར་བསྡུ་ན། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཇི་ལྟར་བསྔོས་པ་དང༌། བསྔོ་བར་མཛད་པ་དང༌། བསྔོ་བར་མཛད་པར་འགྱུར་བ་དེ་བཞིན་དུ་བདག་ཅག་གིས་ཀྱང་དགེ་བའི་རྩ་བ་འདི་དག་དགེ་བའི་རྩ་བ་གཞན་ཐམས་ཅད་དེ་བཞིན་དུ་བདག་གིས་ཡོངས་སུ་བསྔོ་བར་བགྱིའོ། །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཡང༌། །བཟང་པོ་སྤྱོད་ཕྱིར་ཡོངས་སུ་བསྔོ་བར་བགྱི། །འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ཀྱང་ཀུན་ནས་བཟང་པོར་རེད་གྱུར་ཅིག །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཇི་ལྟར་འཇམ་དཔལ་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །གནས་སྐབས་སུ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཚེ་རིང་བ་དང༌། ནད་མེད་པ་དང༌། བར་ཆད་ཞི་བ་དང༌། བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པ་དང༌། ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག དེ་ཁོ་ན་བཞིན་དུ་གྱུར་ཅིག ཅེས་བརྗོད་དོ། །སྐྱབས་ས་འགྲོ་བ་དང༌། སེམས་བསྐྱེད་པ་དང༌། ཡོངས་སུ་བསྔོ་བ་ཇི་ལྟར་བྱ་བའི་རིམ་པ་ཆོས་རྗེ་ས་སྐྱ་པས་འབྲིང་དུ་མཛད་པ་ལྟར། ལས་དང་པོ་པ་འགའ་ཞིག་གིས་བསྐུལ་ནས་ལས་དང་པོ་པ་རྣམས་ལ་ཕན་པར་བྱ་བའི་ཕྱིར། འཕགས་པས་ཡི་གེར་བཀོད་པའོ། །རྒྱས་པའམ་འོན་ཏེ་བསྡུས་ཡང་རུང༌། །བླ་མའི་གསུང་དང་རྗེས་མཐུན་ཞིང༌། །རིན་ཆེན་ལུང་དང་མི་འགལ་བར། །བྱེད་པ་གང་དེ་ངོ་མཚར་ཏོ། །དགེ་བ་འདི་ཡིས་འགྲོ་བ་ཀུན། །ཡང་དག་སྐྱབས་ལ་ཉེར་བརྟན་ཞིང༌། །བྱང་ཆུབ་ལམ་ཀུན་མཐར་ཕྱིན་ནས། །བྱང་ཆུབ་ཆེན་པོ་ཐོབ་པར་ཤོག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply