ཡང་དེ་གསུམ་བསྡུས་པ།

༼བ༽

༄༅། །ཡང་དེ་གསུམ་བསྡུས་པ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་གཞི་སྐྱབས་སུ་འགྲོ་བ་ཡིན་ཞིང༌། བྱེ་བྲག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་པས། དེའང་དང་པོ་ཡང་དག་པར་བླངས་པ་ལས་བྱུང་བས། བླ་མ་དགེ་བའི་བཤེས་གཉེན་ལས་ལེན་དགོས། དེ་ལ་ཐོག་མར་སྔར་བསགས་པའི་སྡིག་པ་སྦྱོང་དགོས། དེའི་ཐབས་སྡིག་པ་བཤགས་པ་ཡིན་པས། མདུན་གྱི་ནམ་མཁའི་གནས་སུ་བླ་མ་དང༌། དཀོན་མཆོག་གསུམ་བསམས་ལ། དེ་ལ་སྙིང་ཐག་པ་ནས་བརྟེན་ནས། སྔར་བྱས་པའི་སྡིག་པ་ལ་འགྱོད་ཅིང་ཕྱིན་ཆད་བསྡམ་པའི་བསམ་པས་ལད་མོ་གྱིས་ཞེས་བརྗོད་ནས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས། ལས་དང་ཉོན་མོངས་པའི་དབང་དུ་གྱུར་པས། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་དེ་ཐམས་ཅད་སོ་སོར་བཤགས་ཤིང་ཡང་མི་བགྱིད་དོ། །ཞེས་ལན་གསུམ་བརྗོད་དུ་གཞུག དེ་ལྟར་སྡིག་པ་དག་པ་གཅིག་པུས་མི་ཕན། བསོད་ནམས་སྤེལ་བ་ཅིག་དགོས། བསོད་ནམས་སྤེལ་བའི་ཐབས་ཀྱི་གཙོ་བོ། རྗེས་སུ་ཡི་རང་བ་ཡིན་པས། འཁོར་འདས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་སྙམ་དུ་བསྒོམས་ལ་ལད་མོ་གྱིས་ཞེས་བརྗོད་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སོ་སོའི་སྐྱེ་བོ་དང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགེ་བའི་རྩ་བ་དེ་ཐམས་ཅད་ལ་དགའ་ཞིང་རྗེས་སུ་ཡི་རང་བར་བགྱིའོ། །ཞེས་ལན་གསུམ་བརྗོད་དུ་གཞུག དེ་ལྟར་ལན་ཅིག་དགེ་བ་འཕེལ་བས་མི་ཕན། དགེ་བ་རྒྱུན་དུ་འཕེལ་ཞིང་མི་ཟད་པ་ཅིག་དགོས། དེ་ལ་རྟེན་ཁྱད་པར་ཅན་ཞིག་ལ་བརྟེན་དགོས་ཤིང༌། དེའི་ཐབས་སྐྱབས་སུ་འགྲོ་བ་ཡིན་པས་དུས་ད་ལྟ་ནས་བཟུང་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སྙམ་དུ་བསྒོམས་ལ་ངའི་ལད་མོ་གྱིས་ཞེས་བརྗོད་ནས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་དུ་གཞུག་གོ །དེ་སྐྱབས་སུ་འགྲོ་བ་ཡིན། དེ་ལྟར་དཀོན་མཆོག་གསུམ་ལ་བརྟན་པ་རྐྱང་པས་མི་ཕན། རང་ཉིད་ཀྱང་སྐྱབས་གནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཅིག་བྱེད་དགོས། དེའི་ཐབས་ཀྱི་གཙོ་བོ་བྱང་ཆུབ་ཀྱི་སེམས་ཡིན། དེ་བསྐྱེད་པའི་དོན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལ་རིམ་པ་བཞིན་དུ་བསླབ་པར་དམ་འཆའ་སྙམ་དུ་བསྒོམས་ལ་ལད་མོ་གྱིས་ཞེས་བརྗོད་ནས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལ་བསླབ་པ་དེ་བཞིན་དུ་བདག་གིས་ཀྱང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལ་རིམ་པ་བཞིན་དུ་བསླབ་པར་བགྱིའོ། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་བསམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་སྙམ་པས་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཐམས་ཅད་ལ་ཅི་ནུས་ཀྱིས་བསླབ་པར་བྱ། དེ་ལྟར་བྱས་པའི་དགེ་བའི་རྩ་བ་དེ་རྣམས་དང་གཞན་ཡང་དགེ་བའི་རྩ་བ་ཐམས་ཅད་ཆུད་མི་འཛའ་ཞིང་སངས་རྒྱས་ཀྱི་རྒྱུར་འགྱུར་བ་ལ་ཡོངས་སུ་བསྔོ་བ་དགོས་པས་བདག་གཞན་གྱིས་བྱས་པའི་དགེ་བ་ཐམས་ཅད་གཅིག་ཏུ་བསྡུས་ནས། སངས་རྒྱས་སུ་བསྔོ་སྙམ་དུ་བསྒོམས་ལ་ལད་མོ་གྱིས་ཞེས་བརྗོད་ནས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། དགེ་བ་འདི་དང་དགེ་བའི་རྩ་བ་གཞན། །མ་ལུས་བློ་ཡིས་གཅིག་ཏུ་བསྡོམས་བྱས་ནས། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཅེས་ལན་གསུམ་བརྗོད་ནས། དེ་མ་ཐོབ་ཀྱི་བར་དུ་ཡང༌། མཐོ་རིས་ཀྱི་རྟེན་དལ་འབྱོར་གྱི་ལུས་ཕུན་སུམ་ཚོགས་པ་ཐོབ་ནས། ཆོས་ཀྱི་ཚུལ་ཐམས་ཅད་ཚུལ་བཞིན་དུ་སྤྱད་ནས་ས་དང་ལམ་ཐམས་ཅད་བགྲོད་དེ་མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག གནས་སྐབས་ཚེ་འདི་ཉིད་དུའང་ཚེ་རིང་བ་དང༌། ནད་མེད་པ་དང༌། ལོངས་སྤྱོད་ཆེ་བ། བར་ཆད་ཞི་བ། བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པ་དང༌། ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག ཅེས་བརྗོད་དོ། །སྐྱབས་འགྲོ་སེམས་བསྐྱེད་བསྔོ་བ་དང་བཅས་པ་བསྡུས་པ་འདི་ནི། ཡུལ་སྐྱོང་མགོན་པོ་དཔལ་བཟང་པོའི་དོན་དུ་སྦྱར་བའོ། །ཡི་གེ་པ་ནི་ཨ་ཙ་རའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*