༼བ༽
༄༅། །ཐེག་ཆེན་གསལ་བ་ཡི་གེའི་མ་མོ་ལ་སྤེལ་བའི་རབ་བྱེད་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། ཐེག་པ་ཆེན་པོ་གསལ་བ་ཞེས་བྱ་བ་ཡི་གེའི་མ་མོ་ལ་སྤེལ་བའི་རབ་ཏུ་བྱེད་པ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཨ་སོགས་ཀ་སོགས་ཐབས་དང་ཤེས་རབ་རང་བཞིན་ལས་བྱུང་རྒྱལ་བ་གང་ཞིག་ཆོས་ཀྱི་ཕུང་པོ་ཆེ་བའི་སྐུ། །བརྙེས་པ་ཁྱོད་ཀྱིས་རྣམ་འཕྲུལ་སྣ་ཚོགས་ཡི་གེའི་སྦྱོར་བས་སྣ་ཚོགས་ཐབས་ཚུལ་ཀུན་ནས་གསལ་བྱེད་སྡེ་ཚན་གྱི། །རྣམ་པར་དབྱེ་བའི་ཡེ་ཤེས་དབྱེ་བས་ཐ་དད་རིགས་མཚོན་འགྱུར་བ་མེད་ཕྱིར་ངེས་པའི་སྐུ་སྟེ་མ་སྐྱེས་པའི། །སྲོག་གི་ཡི་གེར་རང་བཞིན་གཅིག་གྱུར་རྒྱལ་བ་ཁྱོད་ཞབས་གུས་པས་བཏུད་དེ་ཁྱོད་གསུང་ཡི་གེར་སྤེལ་བ་བརྗོད། །ཀ་ལ་པིངྐའི་ང་རོའི་སྒྲ་དབྱངས་སྒོ་ངའི་ནང་དུ་བསྒྲགས་པའི་སྒྲ་ཡིས་རྣམ་པར་སྒྲོགས་པའི་འདབ་ཆགས་གཞན། །ཁ་དོག་དག་ཀྱང་ཟིལ་གྱིས་མནན་ནས་རྣམ་པར་རྨུགས་བྱེད་དྲེགས་པའི་ང་རོ་ཀུན་ནས་འཁྱིལ་བཞིན་སྒྲོགས་པའི་ཚལ། །ག་ལ་བ་དེར་རྣམ་པར་དུལ་བའི་ཡིད་ཀྱི་འདུན་པས་ཀུན་ནས་འདུད་པའི་སྤྱི་བོའི་གཙུག་གིས་འདུད་བྱེད་བཞིན། །ང་རུ་འཛིན་པའི་སྒོ་ངའི་ནང་གནས་རྒྱལ་བའི་སྲས་སུ་དམ་འཆའི་ང་རོས་རང་རྒྱལ་དགྲ་བཅོམ་ཟིལ་གནོན་བྱེད། །ཅ་ཅོའི་སྒྲ་སྒྲོགས་རྟོག་པའི་རྦ་ཀློང་རྣམ་པར་འཁྲུག་ཅིང་ལས་ཀྱི་འཕེན་པས་གྱ་གྱུར་འགྱུར་བའི་ཡིད་ཀྱི་ཀླུང༌། །ཆ་ཡི་ཆ་ཡང་གཞལ་བར་རབ་དཀའི་བྱང་ཆུབ་སེམས་ཀྱི་ཆུ་གཏེར་ཆུར་ཞུགས་ཆུ་ཀླུང་དྲེགས་བྲལ་མངར་བ་དང༌། །ཇ་ཡི་རོ་སོགས་ཚུལ་མིན་ཡིད་བྱེད་སྣ་ཚོགས་རོ་རྣམས་ཀུན་ནས་སྙིང་བརྩེའི་ལན་ཚྭའི་རོར་གཅིག་བརྟན་གནས་ནས། །ཉ་མིད་དང་ནི་དེ་མིད་སོགས་ལྟར་དཔག་ཡས་འབྱུང་པོའི་ཉེར་འཚོར་ཉེར་གནས་ཡོན་ཏན་རིན་ཆེན་གཏེར་འཛིན་འགྱུར། །ཏཀྵ་ཀ་སོགས་ཀླུ་མཆོག་རྣམས་ཀྱི་གཙུག་ན་རབ་མཛེས་མཛེས་པའི་དབྱིབས་ལྡན་འོད་ཟེར་དྲྭ་བས་ས་འོག་གི །ཐ་གྲུས་ཁྱབ་པའི་མུན་ནག་ཚང་ཚིང་རྣམ་པར་འཇོམས་བྱེད་རབ་ཏུ་འབྱོར་པའི་དཔལ་འབྱོར་དམ་པས་རང་གི་སྡེ། །ད་ལྟ་ཉིད་དུ་ཀུན་ནས་འབྱོར་བྱེད་ཡིད་བཞིན་ནོར་ལྟར་བློ་མཆོག་རྣམས་ཀྱི་བློ་གྲོས་གཙུག་གནས་བྱང་ཆུབ་སེམས། །ན་སོགས་སྲིད་ཞིའི་རྒུད་པ་རབ་སེལ་རབ་ཏུ་འབྱོར་པའི་འབྱོར་པ་གཉིས་ཀྱིས་བདག་གཞན་ཀུན་ནས་འབྱོར་པར་བྱེད། །པ་སངས་མཚན་མོར་འཇིགས་པའི་མཚན་མ་ཉེ་བར་འཆར་བཞིན་བདག་མེད་ཤེས་རབ་སྲིད་པ་འཇིག་པའི་མཚན་མ་སྟེ། ཕ་རོལ་ཕྱིན་དྲུག་སྲིད་དང་ཞི་བའི་ཕ་རོལ་བགྲོད་བྱེད་རང་གི་དོན་གྱི་ཡོན་ཏན་ཀུན་འབྱུང་འདོད་འཇོ་ཡི། །བ་མཆོག་དང་ནི་གྲུབ་པའི་བུམ་བཟང་ཡིད་བཞིན་ནོར་དང་དཔག་བསམ་ཤིང་ལྟར་མངོན་པར་འདོད་པའི་འབྲས་བུའི་ཚོགས། །མ་ལུས་འབྱུང་བས་མ་ལུས་འགྲོ་བའི་རེ་བ་རྫོགས་བྱེད་བསྡུས་བའི་དངོས་པོ་རྣམ་པ་བཞི་ལས་གྲུབ་པའི་འབྲས། །ཙ་རིའི་རི་སོགས་འཕགས་པའི་རི་གཞན་བྱེ་བ་ཕྲག་བརྒྱས་དཔེ་ཟླར་འོས་མིན་རྒྱལ་བ་ལྷུན་པོ་ལྟར་བརྗིད་པ། །ཚ་ཟེར་བྱེད་པའི་འོད་ཟེར་ལྟར་གསལ་བྱེ་བ་ཁྲག་ཁྲིག་ཁ་དོག་གིས་སྤེལ་སྤེལ་ལེགས་འོད་ཟེར་སྤྲོ་མཛད་པས། །ཛ་ཊཱའི་ཅོད་པན་ཟླ་ཚེས་ཀྱིས་མཚན་འཕྲོག་བྱེད་ལ་སོགས་ལྷ་ཡི་གཙོ་བོ་ཆེ་བར་རབ་གྲགས་གང་ཡིན་པའང༌། །ཝ་ལྟར་ཞུམ་ཞིང་ཉིན་མོར་བྱེད་པས་འབྱུང་པོའི་བྱ་ལྟར་རྣམ་པར་རྨུགས་བྱེད་གདུལ་བྱའི་དཔལ་དུ་གྱུར་པ་གང༌། །ཞ་ཉེའི་ཁམས་ལས་གཞན་གྱི་རྐྱེན་གྱིས་ལི་ཁྲིའི་འགྱུར་བར་ཀུན་ནས་བསྒྱུར་ལྟར་སྲིད་པའི་ཉེས་བརྒྱའང་འགྲོལ་བའི་ཆོས། །ཟ་འོག་མདངས་ལྟར་རྣམ་པར་བཀྲ་བའི་ཡོན་ཏན་གྱིས་བཀྲ་གནས་ཡོངས་གྱུར་པ་རྒྱལ་བའི་ཆོས་རྣམས་བགྲང་ཡས་པའང༌། །འ་ཞྭའི་རིགས་སོགས་སྣ་ཚོགས་རིགས་རྣམས་མི་ཡི་རིགས་སུ་ཀུན་ནས་གཅིག་ལྟར་ཟག་མེད་དབྱིངས་སུ་རོ་གཅིག་ཅིང༌། །ཡ་རབས་རབ་ཀྱི་མཛད་སྤྱོད་ཡ་མཚན་མཚོན་པའི་དཔེ་བྲལ་མཁའ་དབྱིངས་ཁྱབ་པ་རྒྱུན་མི་འཆད་པས་སྲེད་པ་ཡི། །ར་བས་དམ་བཅིངས་སྲིད་པའི་རྒྱ་མཚོར་སྡུག་བསྔལ་རྒྱ་མཚོས་རྣམ་པར་གདུངས་པའི་འགྲོ་བའི་འཆིང་བ་རྣམས་དྲལ་ནས། །ལ་ལ་བྱང་ཆུབ་དམ་པར་ལུང་སྟོན་གཞན་དག་ཉེར་ཞིའི་དབྱིངས་སུ་ཉེར་འཇོག་ལ་ལ་ཕུན་སུམ་ཚོགས་མཛད་གང༌། །ཤ་ཡི་སྤྱན་སོགས་སྤྱན་ལྔས་ཉེར་གཟིགས་རྫུ་འཕྲུལ་རྐང་པས་རྣམ་པར་འཕྲུལ་མཛད་བྱེ་བ་ཁྲག་ཁྲིག་ཆོས་ཀྱི་སྒོ། །ས་དང་བར་སྣང་ནམ་མཁའ་ལས་ཀྱང་རྣམ་པར་སྒྲོགས་པར་ཀུན་ཏུ་སྤྲུལ་མཛད་མཛད་པའི་ཕྲིན་ལས་འདི་འདྲ་ཡིས། །ཧ་ཅང་རྒུད་པའི་ངན་འགྲོའི་འགྲོ་བའང་ཀུན་ཏུ་འདྲེན་ན་བདེ་འགྲོའི་འགྲོ་བ་བདེ་ལ་འགོད་པ་སྨོས་ཅི་དགོས། །ཨ་ཡི་ཡི་གེ་ཡི་གེའི་ཚོགས་ཀྱི་སྲོག་ཏུ་གནས་བཞིན་རྒྱུ་ལམ་འབྲས་བུའི་ཆོས་ཀྱི་ཆོས་ཉིད་སྟོང་ཉིད་ཡིན། །དེ་ལྟར་རྒྱུ་དང་ཐེག་ཆེན་ལམ་བཟང་མངོན་པར་གྲུབ་པ་འབྲས་བུའི་མཆོག་དང་ཐམས་ཅད་དབྱེར་མེད་རྣམ་པ་བཞིས། །ཐེག་མཆོག་ཆོས་རྣམས་ཡོངས་སུ་བསྡུས་ཕྱིར་ཐེག་ཆེན་དོན་ལ་བློ་གྲོས་རབ་གསལ་ཐེག་པ་མཆོག་གི་ངང་ཚུལ་ཅན། །འཕགས་པ་མིན་ཡང་འཕགས་པའི་མིང་ལྡན་འཕགས་མཆོག་གང་ཞིག་དྲི་མ་མེད་པའི་དཔལ་ཞེས་བྱ་བ་རྣམ་འདྲེན་གྱི། །ཞབས་ཀྱི་པདྨོ་སྤྱི་བོས་ལེན་པས་ཡི་གེའི་མ་མོ་ཉིད་ལ་སྤེལ་ནས་ཚིགས་སུ་བཅད་པའི་དབྱངས་འདི་བསྒྲགས། །ལྷག་བསམ་དྲི་མེད་ཀླུ་དབང་གིས་སྤྲུལ་རྣམས་དཔྱོད་ཆུ་འཛིན་སྤོབས་པའི་གློག་འོད་ཀུན་ནས་རབ་ཏུ་འགྱུ་བ་ལས། །སྡེབ་སྦྱོར་ཚིག་གི་སྦྱོར་བ་སྣ་ཚོགས་བསྡེབས་ལེགས་ངག་གི་རྣམ་པར་བསྡེབས་པའི་དྲི་མེད་ཚིག་གི་ཆར་རྒྱུན་གང༌། །ཉེ་བར་ཕབ་པས་སྐྱེ་དགུའི་ཡིད་གཞིར་དད་པའི་ཆུ་ཀླུང་རྣམ་པར་སྤེལ་བས་སེམས་ཀྱི་ཐ་བ་བརླན་བྱས་ནས། །འབྱོར་བའི་མྱུ་གུ་རྣམ་པར་གྲོལ་བའི་མེ་ཏོག་གིས་བཀྲ་བྱང་ཆུབ་དམ་པའི་འབྲས་བུས་བརྒྱན་པ་སྨིན་གྱུར་ཅིག །ཐེག་པ་ཆེན་པོ་གསལ་བ་ཞེས་བྱ་བ་ཡི་གེའི་མ་མོ་ལ་སྤེལ་བའི་རབ་ཏུ་བྱེད་པ། བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས། ལྕགས་ཕོ་སྤྲེའུའི་ལོ་དཔྱིད་ཟླ་ར་བའི་ཚེས་ཉི་ཤུ་གཅིག་ལ། རྒྱ་ནག་པོ་ཅོང་ཏོའི་མཁར་དུ་སྦྱར་བ་རྫོགས་སོ།།
༄༅། །དེའི་བསྡུས་དོན་བཞུགས།།
༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཐེག་པ་ཆེན་པོ་གསལ་བ་ལ་དོན་གསུམ། རྩོམ་པ་དང་འབྲེལ་པ་ཀླད་ཀྱི་དོན། བརྩམ་པར་བྱ་བ་གཞུང་གི་དོན། མཐར་ཕྱིན་པ་མཇུག་གི་དོན་ནོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པའི་སྒོ་ནས་ལུས་མདོར་བསྟན་པ་དང༌། བཤད་པར་དམ་བཅའ་བའོ། །གཞུང་གི་དོན་ལ་བཞི། ཤུགས་ཀྱིས་བསྟན་པ་ཐེག་པ་ཆེན་པོའི་རྒྱུ། དངོས་སུ་བསྟན་པ་ཐེག་པ་ཆེན་པོའི་ལམ། མངོན་པར་གྲུབ་པ་ཐེག་པ་ཆེན་པོའི་འབྲས་བུ། ཐམས་ཅད་དབྱེར་མི་ཕྱེད་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །གཉིས་པ་ལམ་ལ་གཉིས། ལམ་གྱི་གཞི་བྱང་ཆུབ་ཀྱི་སེམས་དང༌། ལམ་མཐར་ཕྱིན་པར་བྱེད་པའི་ཐབས་སོ། །དང་པོ་ལ་གསུམ། སོ་སོ་སྐྱེ་བོའི་གནས་སྐབས་སུ་མོས་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས། ས་བདུན་གྱི་གནས་སྐབས་ལྷག་བསམ་དག་པའི་བྱང་ཆུབ་ཀྱི་སེམས། དག་པ་གསུམ་གྱི་གནས་སྐབས་རྣམ་པར་སྨིན་པའི་བྱང་ཆུབ་ཀྱི་སེམས་སོ། །གཉིས་པ་མཐར་ཕྱིན་པར་བྱེད་པའི་ཐབས་ལ་གཉིས། ལྟ་བ་རྣམ་པར་དག་པ་དང༌། སྤྱོད་པ་རྣམ་པར་དག་པའོ། །དེ་ལ་གཉིས། རང་གི་ཡོན་ཏན་རྫོགས་པར་བྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང༌། གཞན་ཡོངས་སུ་སྨིན་པར་བྱེད་པ་བསྡུ་བའི་དངོས་པོ་བཞིའི་སྤྱོད་པའོ། །དོན་གསུམ་པ་མངོན་པར་གྲུབ་པའི་འབྲས་བུ་ལ་བཞི། འབྲས་བུའི་ངོ་བོ་མི་གནས་པའི་མྱ་ངན་ལས་འདས་པ། གྲུབ་པའི་ཚུལ་གནས་ཡོངས་སུ་གྱུར་པ། རྟེན་ཟག་པ་མེད་པའི་དབྱིངས་དང་གཉིས་སུ་མེད་པ། མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པའོ། །དང་པོ་ལ་གཉིས། ཞི་བ་ལས་ཁྱད་པར་དུ་འཕགས་པ་དང༌། སྲིད་པ་ལས་ཁྱད་པར་དུ་འཕགས་པའོ། །གནས་གྱུར་པ་ལ་གསུམ། གང་གནས་གྱུར་པའི་དཔེ་དང་བཅས་པ། ཇི་ལྟར་གནས་གྱུར་པའི་དཔེ་དང་བཅས་པ། གང་དུ་གནས་གྱུར་པའི་དཔེའོ། །གཉིས་སུ་མེད་པ་ལ་གཉིས། གང་ཞིག་གཉིས་སུ་མེད་པ་དཔེ་དང་བཅས་པ། གང་དུ་གཉིས་སུ་མེད་པ་དཔེ་དང་བཅས་པའོ། མཛད་པ་ཕྲིན་ལས་ལ་མངའ་མཛད་པ་ལ་བཞི། མཛད་པ་རྒྱ་ཆེ་ཞིང་རྒྱུན་མི་འཆད་པ། མཛད་པའི་ལས་བདེ་བ་དང་གྲོལ་བ་ལ་དགོད་པ། མཛད་པའི་ཚུལ་ཆོ་འཕྲུལ་རྣམ་པ་གསུམ། མཛད་པ་དེ་དག་གི་དོན་ཡོངས་སུ་བསྡུ་བའོ། །སྤྱི་དོན་གསུམ་པ་མཇུག་གི་དོན་ལ་གཉིས། གང་ཞིག་གང་གིས་ཇི་ལྟར་བྱས་པ་དང༌། དེ་ལྟར་བྱས་པའི་དགེ་བ་ཡོངས་སུ་བསྔོ་བའོ། །ཐེག་ཆེན་གསལ་བའི་བསྡུས་དོན་གྱི། །གསལ་བྱེད་འདི་ནི་རྗེ་དབུས་པ། །རིན་ཆེན་རྡོ་རྗེས་རབ་བསྐུལ་ནས། །གཞུང་རྩོམ་ཉིད་ཀྱིས་བྱས་པ་ཡིན། །ཐེག་པ་ཆེན་པོ་གསལ་བའི་བསྡུས་དོན་གྱི་གསལ་བྱེད་ཤིང་ཕོ་བྱི་བའི་ལོ་ས་གའི་ཟླ་བའི་ཚེས་བཅུ་བཞིའི་ཉིན་པར། རོང་པོའི་ཡུལ་སྙིའི་ལུང་པར་བྲིས་པའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply