ལས་འབྲས་གསལ་བའི་མེ་ལོང༌།

༼བ༽

༄༅། །ལས་འབྲས་གསལ་བའི་མེ་ལོང་བཞུགས།།

༄༅། །ལས་འབྲས་གསལ་བའི་མེ་ལོང་ཞེས་བྱ་བ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །གང་གིས་ལས་འབྲས་རྟེན་འབྱུང་ཀུན། །ཉིད་ཀྱི་ཇི་བཞིན་གཟིགས་གྱུར་ནས། །བརྩེ་བས་འགྲོ་ལ་ཇི་བཞིན་དུ། །སྟོན་མཛད་དེ་ལ་ཕྱག་འཚལ་ལོ། །གང་གི་ལས་དང་འབྲས་བུ་ཡི། །རྣམ་གཞག་ཇི་བཞིན་མི་ཤེས་ན། །བླང་དོར་དོན་ལ་རྨོངས་འགྱུར་བས། །དེ་གསལ་བྱ་ཕྱིར་འདིར་བཤད་བྱ། །ཡིད་ཀྱིས་ཀུན་ནས་བསླང་བ་ཡི། །སྒོ་གསུམ་གྱི་ནི་བྱེད་པ་གང༌། །ལས་ཡིན་ཞེས་ནི་ཐུབ་པས་གསུངས། །དེ་ལ་འབྲས་བུའི་དབྱེ་བ་གསུམ། །ཀུན་ནས་ཡིད་དུ་འོང་བ་ཡི། །འབྲས་བུ་བསྐྱེད་པ་དགེ་བ་སྟེ། །བཟློག་པའི་འབྲས་འབྱིན་སྡིག་པ་ཡིན། །ཡིད་དུ་འོང་དང་མི་འོང་བས། །སྟོང་པའི་ཚོར་བ་བཏང་སྙོམས་ཏེ། །དེས་བསྐྱེད་ལས་ནི་ལུང་མ་བསྟན། །སྲོག་གཅོད་རྐུ་དང་འདོད་ལོག་དང༌། །བརྫུན་དང་ཕྲ་མ་ཚིག་རྩུབ་དང༌། །ངག་འཁྱལ་བརྣབ་སེམས་གནོད་པར་སེམས། །ལོག་ལྟ་དང་ནི་མི་དགེ་བཅུ། །མཐོང་བའི་ཆོས་དང་རྣམ་སྨིན་ལ། །མྱོང་བའི་འབྲས་བུ་རྣམ་གཉིས་ཏེ། །ཚེ་ཐུང་ནད་མང་ཟུང་རྔུའི་ཡིད། །ལོངས་སྤྱོད་ཆུད་འཛད་རྒུད་པ་དང༌། །གཞན་ཡིད་མི་ཕེབས་དགྲ་དང་བཅས། །ངག་མི་བཙན་དང་གཞན་གྱིས་བསླུ། །བཤེས་མེད་པ་དང་མི་སྙན་བརྗོད། །རྟག་པར་ཡིད་ནི་གཡེང་བཅས་དང༌། །རེ་བ་འབྲས་མེད་སྡང་བ་མང༌། །རྟག་པར་བདེ་བ་མི་རྙེད་པ། །ཚེ་འདིར་ཆུང་ངུར་མྱོང་བ་སྟེ། །ཕྱི་མར་ཆེན་པོར་མྱོང་བའོ། །ཞེ་སྡང་ལས་བྱུང་སྡིག་པ་ཡིས། །དམྱལ་བར་འཕེན་ཅིང་འདོད་ཆགས་ལས། །བྱུང་བའི་སྡིག་པས་ཡི་དྭགས་སུ། །རྨོངས་པས་དུད་འགྲོར་འཕེན་བར་བྱེད། །མང་པོའི་དོན་དུ་གཅིག་གསོད་སོགས། །ཀུན་སློང་ཉོན་མོངས་མིན་ཕྱིར་དང༌། །ཕན་པའི་འབྲས་བུ་ཆེ་བའི་ཕྱིར། །སྡིག་པའི་གཟུགས་བརྙན་ལྟ་བུ་སྟེ། །འབྲས་བུ་ཡིད་འོང་བསྐྱེད་པ་ཡིན། །མི་དགེ་བཅུ་པོ་རྣམ་བཟློག་པ། །འདི་དག་དཀར་པོའི་ལས་ལམ་བཅུ། །མཐོང་བའི་ཆོས་དང་རྣམ་སྨིན་ལ། །མྱོང་བའི་འབྲས་བུ་རྣམ་གཉིས་ཏེ། །ཚེ་རིང་ནད་མེད་ཡིད་བདེ་དང༌། །ལོངས་སྤྱོད་འཕེལ་ཞིང་འབྱོར་པ་དང༌། །གཞན་གྱི་ཡིད་ཕེབས་དགྲ་དང་བྲལ། །ངག་བཙན་གཞན་གྱིས་བདག་དོན་བསྒྲུབ། །བཤེས་བཟང་པ་དང་གཞན་གྱིས་བསྟོད། །རྟག་པར་ཡིད་ནི་རྣལ་དུ་ཕེབས། །རེ་བ་འབྲས་བཅས་བྱམས་པ་མང༌། །རྟག་པར་རིགས་པའི་ལམ་རྙེད་པ། །འདི་ལ་ཆུང་ངུར་མྱོང་བ་སྟེ། །ཕྱི་མར་ཆེན་པོར་མྱོང་བའོ། །གཏི་མུག་ཤས་ཆེའི་དགེ་བས་མི། །ཞེ་སྡང་ཤས་ཆེ་ལྷ་མིན་ཏེ། །ཆགས་པས་ལྷ་ཡི་གནས་སུ་འགྲོ། །ཉོན་མོངས་ཟད་པས་མྱ་ངན་འདའ། །ཐབས་བཅས་བྱང་ཆུབ་ཆེན་པོའི་རྒྱུ། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །མ་བསླད་ཡིད་གང་དད་པ་དང༌། །བྱམས་དང་སྙིང་རྗེ་བྱང་སེམས་ཀྱིས། །ཀུན་ནས་བསླང་བའི་སྦྱིན་པ་དང༌། །ཚུལ་ཁམས་བཟོད་དང་བརྩོན་འགྲུས་དང༌། །བསམ་གཏན་དང་ནི་ཤེས་རབ་རྣམས། །སྒོ་གསུམ་པོ་ཡིས་ལེགས་བསྒྲུབས་པ། །ཀུན་ནས་དགེ་བའི་སྤྱོད་པ་སྟེ། །འབྱོར་དང་མཐོ་རིས་བདེ་བ་དང༌། །གཟུགས་བཟང་དོན་ཀུན་ལྷུན་གྲུབ་དང༌། །ཡིད་ཞི་བ་དང་མ་རྨོངས་པ། །འཇིག་རྟེན་འདིར་སྨིན་འབྲས་བུ་སྟེ། །དཔལ་དང་གྲགས་དང་མཚན་དཔེ་དང༌། །རྨད་དུ་བྱུང་བའི་ཕྲིན་ལས་དང༌། །ཏིང་འཛིན་མངོན་ཤེས་རྫུ་འཕྲུལ་དང༌། །མི་འཇིགས་ཡང་དག་རིག་པ་ཡིས། །དབང་ཕྱུག་ཕུན་སུམ་ཚོགས་པ་རྣམས། །མཐར་ཐུག་པ་ཡི་འབྲས་བུའོ། །གསོད་སར་སེམས་ཅན་སྦྱིན་པ་སོགས། །ཀུན་སློང་ལྷག་བསམ་མིན་ཕྱིར་དང༌། །སྲོག་ལ་ཉེ་བར་འཚེ་བའི་ཕྱིར། །དགེ་བའི་གཟུགས་བརྙན་ལྟ་བུ་སྟེ། །འབྲས་བུ་སྡུག་བསྔལ་སྐྱེད་བྱེད་ཡིན། །རྟག་པར་སྡིག་པའི་ལས་བསགས་ཀྱང༌། །འཆི་ཚེ་དགེ་བས་མཚམས་སྦྱོར་ན། །འཕེན་བྱེད་དགེ་བས་འཕངས་པའི་ཕྱིར། །བདེ་འགྲོར་སྐྱེས་ཀྱང་རྫོགས་བྱེད་ལས། །སྡིག་པས་ནད་ཅན་དབུལ་པོ་སོགས། །རྟག་པར་སྡུག་བསྔལ་གྱིས་གཟིར་འགྱུར། །རྟག་ཏུ་དགེ་བའི་ལས་བསགས་ཀྱང༌། །འཆི་ཚེ་སྡིག་པས་མཚམས་སྦྱར་ན། །འཕེན་བྱེད་སྡིག་པས་འཕངས་པའི་ཕྱིར། །ངན་འགྲོར་སྐྱེས་ཀྱང་རྫོགས་བྱེད་ལས། །དགེ་བས་ཀླུ་ཡི་དབང་པོ་དང༌། །གནོད་སྦྱིན་མཆོག་སོགས་བདེ་ལྡན་འགྱུར། །གཉིས་ཀ་སྡིག་པས་རྟག་ཏུ་སྡུག །གཉིས་ཀ་དགེ་བས་རྟག་པར་བདེ། །དགེ་སྡིག་མ་འདྲེས་སྤྱད་པའི་འབྲས། །མ་འདྲེས་མྱོང་ཞིང་འདྲེས་མ་ཡིས། །འདྲེན་མར་མྱོང་འགྱུར་འཕེན་པའི་མཐུ། །མཆོག་དང་དམན་པའི་བྱེ་བྲག་གིས། །སྐྱེས་དང་ལན་གྲངས་གཞན་དུ་མྱོང༌། །རྒྱུ་ཡི་ནུས་པ་སྟོབས་ཆེའི་ལས། །འབྲས་བུ་ངེས་པར་མྱོང་འགྱུར་ཏེ། །རྐྱེན་གྱི་ནུས་པས་མ་ངེས་འགྱུར། །ཇི་ལྟར་འབྲས་དང་ནས་ཀྱི་ནི། །ས་བོན་སོ་སོར་བཏབ་པ་ལས། །མྱུ་གུའང་འཆོལ་པ་མེད་པར་ནི། །སོ་སོར་སྨིན་པ་ཇི་བཞིན་དུ། །དགེ་དང་སྡིག་པའི་ལས་ཀྱིས་ཀྱང༌། །བདེ་སྡུག་འབྲས་བུ་སོ་སོར་འབྱིན། །ཡུལ་དང་དངོས་དང་བསམ་པའི་སྟོབས། །ཤིན་ཏུ་མཐུ་དང་ལྡན་པའི་འབྲས། །རྒྱལ་བས་བཟློག་པར་མི་སྤྱོད་ན། །གཞན་གྱིས་སྨོས་ཀྱང་ཅི་ཞིག་དགོས། །འོན་ཀྱང་བྱང་ཆུབ་སེམས་སོགས་དང༌། །ཡང་དག་སྟོང་ཉིད་ཡེ་ཤེས་ཀྱིས། །ལས་ཀྱི་སྒྲིབ་པ་ཀུན་སེལ་བ། །རྩ་བའི་གཉེན་པོ་ཡིན་ཕྱིར་རྨད། །དེ་ལྟའི་རྒྱུ་འབྲས་རྟེན་འབྲེལ་ལ། །ཡིད་ཆེས་རྒྱུར་པས་སྡིག་པའི་ལས། །སྤོང་དང་དགེ་བ་བསྒྲུབ་པ་ལ། །འཇུག་པར་འགྱུར་བ་ཡིན་ཏེ་དཔེར། །མིག་ལྡན་གཡང་སའི་ལམ་དོར་ནས། །བདེ་བའི་ལམ་ལ་འཇུག་པ་བཞིན། །འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང༌། །ངན་འགྲོར་འགྲོ་བ་མ་ཡིན་ནོ། །སྡིག་ལ་འཛེམ་ཞིང་བཤགས་པ་དང༌། །དགེ་ལ་སྤྲོ་ཞིང་ཡོངས་བསྔོས་པས། །སྔ་མའི་རྒྱུ་ལས་འབྲས་བུའི་ཆོས། །ཤིན་ཏུ་འཕེལ་བར་འགྱུར་བས་ན། །ཐམས་ཅད་མཁྱེན་པའི་གོ་འཕང་ནི། །ཚེགས་མེད་པར་ཡང་འགྲུབ་པར་འགྱུར། །ཀུན་རྫོབ་རྒྱུ་འབྲས་རྟེན་འབྲེལ་དུ། །ཤེས་པས་དེ་ཡི་ཆོས་ཉིད་ཀྱང༌། །སྤྲོས་བྲལ་ཉིད་དུ་རྟོགས་པར་འགྱུར། །དེ་ལྟའི་རྒྱུ་དང་འབྲས་བུ་ཡི། །རྟེན་ཅིང་འབྲེལ་འབྱུང་ལེགས་ཤེས་པ། །ལྟ་སྤྱོད་རྣམ་པར་དག་པའི་གཞི། །ཡིན་ཕྱིར་དང་པོར་བསླབ་པར་བྱ། །གཞོན་ཀྱང་རྒན་པའི་གཞི་ལ་གནས། །འབྱོར་ཡང་ཡོན་ཏན་ཆེད་ཆེར་འཛིན། །ཆེན་པོར་གྱུར་ཀྱང་ཁེངས་བྲལ་བ། །ཇིམ་གྱིམ་ཞེས་བྱས་ལེགས་བསྐུལ་ནས། །གསུང་རབ་རབ་ཏུ་རྣམ་འབྱེད་པའི། །ཤེས་རབ་རབ་གསལ་བསྟན་བཅོས་ཀུན། །མཁྱེན་རབ་རབ་མཆོག་གསུང་བ་བཞིན། །རབ་ཏུ་སྨྲ་བའི་འཕགས་པས་སྦྱར། །དགེ་བ་དེ་ཡིས་འགྲོ་བ་ཀུན། །ཀུན་ཏུ་མི་དགེའི་སྤྱོད་པ་ཀུན། །ཀུན་ནས་སྤངས་ཏེ་རྒྱལ་བ་ཀུན། །ཀུན་ཏུ་མཉེས་པའི་ལམ་བརྟེན་ཤོག །རྒྱལ་བའི་གསུང་རབ་རིན་ཆེན་ལས། །རྣམ་དཔྱོད་མགར་བས་ལེགས་བསྒྲུབས་པའི། །ལས་འབྲས་གསལ་བའི་མེ་ལོང་འདི། །བློ་གསལ་རྣམས་ཀྱིས་བལྟ་བར་གྱིས། །ལས་དང་རྒྱུ་དང་འབྲས་བུའི་རྣམ་པར་གཞག་པ་གསལ་བར་སྟོན་པ། ལས་འབྲས་གསལ་བའི་མེ་ལོང་ཞེས་བྱ་བ། ལུང་དང་རིགས་པའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་སྨྲ་བ། འཕགས་པ་ཞེས་བྱ་བས། ས་ཕོ་རྟའི་ལོ་སྟོན་ཟླ་ར་བའི་ཚེས་བཅུ་དགུ་ལ་སྦྱར་བ་རྫོགས་སོ།།  །།ཚིགས་སུ་བཅད་པ་བཞི་བཅུ་ཐམ་པ་བཞུགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*