ཡང་ཇིམ་གྱིམ་ལ་སྤྲིང་བ།

༼བ༽

༄༅། །ཡང་ཇིམ་གྱིམ་ལ་སྤྲིང་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རང་བཞིན་སངས་རྒྱས་རིན་ཆེན་ཏེ། །རིན་ཆེན་ཆོས་ཀྱི་འབྱུང་གནས་ལགས། །དགེ་འདུན་རིན་ཆེན་ཀུན་སྐྱེད་པ། །རིན་ཆེན་གསུམ་ཚོགས་བླ་མར་འདུད། །སྐུ་ལུས་དལ་འབྱོར་རིན་ཆེན་ཏེ། །གསུང་དབྱངས་རིན་ཆེན་སྙན་པར་སྒྲོགས། །རིན་ཆེན་ཆོས་ཀྱི་རང་བཞིན་ཐུགས། །རྒྱལ་བུ་རིན་ཆེན་རྒྱལ་གྱུར་ཅིག །ལྷ་སྲས་རིན་ཆེན་ཇིམ་གྱིམ་ལ། །རིན་ཆེན་ཆོས་ཀྱི་མཛོད་འཛིན་པ། །འཕགས་པའི་བློ་གྲོས་རིན་ཆེན་ལས། །བྱུང་བའི་སྤྲིང་ཡིག་རིན་ཆེན་འབུལ། །ཁྱེད་སྐུ་བདེའམ་དགྱེས་སྤྱོད་དམ། །གསུང་དབྱངས་སྙན་པར་སྒྲོགས་ལགས་སམ། །དགོངས་དོན་ཆོས་བཞིན་གྲུབ་བམ་ཅི། །ཕྲིན་ལས་དགེ་བ་རྒྱས་གྱུར་ཏམ། །ཉིད་དང་ཉིད་ཀྱི་ཡབ་དང་ནི། །དེ་ཡི་སྐྱབས་གྱུར་དཀོན་མཆོག་བཅས། །དེ་དག་ཀུན་གྱི་བཀའ་དྲིན་གྱིས། །བདག་བདེ་ཆོས་ཀྱང་འཆད་ཅིང་མཆིས། །སླར་ཡང་ཉིད་སྐུ་ལེགས་སྐྱོང་ཞིང༌། །ཉིད་ཀྱིས་ཆོས་ཀྱང་སྐྱོང་བ་དང༌། །ཆོས་བཞིན་རྒྱལ་སྲིད་སྐྱོང་བ་ཡིས། །ཡབ་ཡུམ་དག་གི་དགོངས་པའང་སྐྱོངས། །ཉིད་ཀྱིས་གུས་པར་འདུན་བགྱིས་པས། །དེ་ཡི་འདུན་པའང་ཉར་འདུན་པ། །བདག་དང་བདག་ལ་འདུན་པ་ཡི། །དགེ་འདུན་འདུན་པར་བཅས་པའང་སྐྱོངས། །གཞན་བསྐྱངས་པ་ཡིས་བདག་སྐྱོང་ཞིང༌། །དེ་བསྐྱངས་པ་ཡི་གཉིས་སྐྱོང་བ། །ལུགས་འདི་སེམས་ཅན་སྐྱོང་བྱེད་པའི། །དཔལ་སྐྱོང་རྣམས་ཀྱི་སྐྱོང་ཚུལ་ལགས། །དཔལ་གཞན་བདག་གིར་བྱེད་པ་དང༌། །བདག་དཔལ་ཀུན་གྱིར་བྱས་པ་ཡིས། །གཉི་གའི་དཔལ་རབ་རྒྱས་འགྱུར་བ། །ཉིད་དཔལ་དེ་འདྲར་མཛད་དུ་གསོལ། །གཞན་དཔལ་རྣམ་པར་མ་བཟོད་པས། །བདག་དཔལ་ཀུན་ནས་ཉམས་གྱུར་པ། །འདི་འདྲ་གཟིགས་པས་དཔལ་ཁྱོད་ཀྱི། །ཐུགས་རྗེའི་དཔལ་ཡང་འཕེལ་བར་མཛོད། །ཆུ་དཔལ་ཆེན་པོས་ཆུ་ཀླུང་དང༌། །ནོར་དཔལ་ཆེན་པོས་ནོར་དང་ནི། །མཁྱེན་དཔལ་ལྡན་པས་མཁྱེན་བྱ་བཞིན། །ཉིད་ཀྱི་དཔལ་མཁྱེན་དེ་འདྲར་མཛོད། །མཁྱེན་པས་མཁྱེན་པ་འཕེལ་གྱུར་ཅིང༌། །བརྩེ་བས་བརྩེ་བ་འཕེལ་གྱུར་ནས། །མཁྱེན་དང་བརྩེ་བའི་མཐར་སོན་པའི། །དེ་བཞིན་གཤེགས་པ་ཕ་མཐར་བྱོན། །དེ་མཐར་གཞལ་བར་སུ་ཡིས་སྤོབས། །དེ་ཡི་གསུང་གི་རྗེས་ཞུགས་ན། །དེ་འདྲར་དེ་ཡང་འགྱུར་རོ་ཞེས། །དེ་ཉིད་ཀྱིས་དེ་གསལ་བར་གསུངས། །འདི་འདྲ་ཤེས་པའི་ཤེས་ལྡན་གཞན། །དཔག་ཏུ་མེད་པ་གྲོལ་གྱུར་ན། །ཁྱེད་དང་རྣམ་གྲོལ་བརྙེས་བྱའི་ཕྱིར། །བརྩོན་པར་རིགས་པ་མ་ལགས་སམ། །བློ་བཟང་བ་དང་གསན་མང་ཕྱིར། །དེ་ཀུན་ཁྱེད་ཀྱིས་མཁྱེན་མོད་ཀྱི། །དོན་ཆེ་བ་དང་དེར་བསྐུལ་ཕྱིར། །བརྗོད་ལ་ནོངས་གང་བཟོད་པར་དགོངས། །བདེར་བཞུགས་དྲི་བར་བགྱི་ཕྱིར་དང༌། །བདེ་བའི་ཐབས་ལ་བསྐུལ་ཕྱིར་དང༌། །འདི་ཡི་ཚུལ་ཡང་ཞུ་བའི་ཕྱིར། །ཕོ་ཉ་འདི་དག་མངགས་པ་ལགས། །བདག་གིས་བཟླས་པས་མང་བགྱིས་པའི། །ཙནྡན་དཀར་པོའི་ཕྲེང་བ་དང༌། །ཆར་སྐྱོབ་བྱེད་པའི་ཕྲུག་དམར་གསུམ། །ས་ལས་བྱུང་བའི་ས་ལེ་སྦྲམ། །རོ་མཆོག་ལྡན་པའི་བུ་རམ་རྣམས། །ཡི་གེའི་རྟེན་དུ་འབུལ་བ་ལགས། །སླད་ནས་འོས་པ་གང་རྙེད་པ། །རིམ་པ་བཞིན་དུ་བསྐུར་བར་བགྱི། །ཁྱེད་སྐུ་བདེ་ཞིང་སྐུ་ཚེ་རིང༌། །མཐུ་སྟོབས་དཔལ་འབྱོར་རྣམ་རྒྱས་ནས། །མཛད་སྤྱོད་དགེ་བ་འབའ་ཞིག་གིས། །བསྟན་པའི་རྩ་ལག་མཛད་གྱུར་ཅིག །གླང་ལོ་ཟླ་བ་དྲུག་པའི་ཚེས་བཅུ་གསུམ་ལ་དཔལ་ས་སྐྱར་བྲིས། བཀྲ་ཤིས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*