ཁྲིད་ཡིག་ཡན་ལག་བདུན་པ།

༼བ༽

༄༅། །དེའི་ཁྲིད་ཡིག་ཡན་ལག་བདུན་པ་བཞུགས།།

༄༅། །ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་བའི་མན་ངག་ཡན་ལག་བདུན་པ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སྤྲོས་པ་ཀུན་ལས་རྣམ་གྲོལ་ཡང༌། །སྤྲོས་པ་དུ་མར་རབ་སྣང་ཞིང༌། །སྤྲོས་དང་སྤྲོས་པ་མེད་པའི་མཆོག །མཉམ་པ་ཉིད་ལ་ཕྱག་འཚལ་ལོ། །དམ་པའི་དེ་ཉིད་མ་རྟོགས་པར། །སྲིད་པའི་འཆིང་ལས་མི་གྲོལ་བས། །ཡང་དག་ཇི་བཞིན་རྟོགས་བྱའི་ཕྱིར། །ཉམས་སུ་བླང་བའི་རིམ་པ་བཤད། །དེ་ལ་འདིར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྣལ་འབྱོར་པས་ཉམས་སུ་བླང་བའི་རིམ་པ། བླ་མ་བཟང་པོའི་ཞབས་ཀྱི་ཞལ་སྔ་ནས་བྱུང་བ། རང་ཉིད་དྲན་པར་བྱ་བའི་ཕྱིར་དང༌། གཞན་གྱིས་བསྐུལ་བའི་ངོར་བྲི་བར་བྱའོ། །དེའང་སྟན་བདེ་བ་ལ་སྐྱིལ་ཀྲུང་གིས་འདུག་ལ། ཕྱི་རོལ་གྱི་རྣམ་གཡེང་དང༌། ནང་གི་རྣམ་པར་རྟོག་པའི་འདུ་འཕྲོ་ཐམས་ཅད་རབ་ཏུ་སྤངས་ནས། དྭང་ཞིང་འདུན་པའི་སེམས་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར། བླ་མ་དང་དཀོན་མཆོག་གསུམ་ལ་ལན་གསུམ་སྐྱབས་སུ་འགྲོ་བར་བྱའོ། །ཡན་ལག་དང་པོའོ། །དེ་ནས་ནམ་མཁའི་མཐའ་གཏུགས་པའི་སེམས་ཅན་གྱི་ཁམས་མ་ལུས་པ་རྣམས། སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཞིང་བདེ་བ་ཆེན་པོའི་གོ་འཕང་བླ་ན་མེད་པ་ལ་དགོད་པར་བྱ་བའི་དོན་དུ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་མཉམ་པར་གཞག་ཅིང་གོམས་པར་བྱས་ལ་རྫོགས་པའི་བྱང་ཆུབ་བསྒྲུབ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ་པར་བྱའོ། །ཡན་ལག་གཉིས་པའོ། །དེ་ནས་རང་སྐད་ཅིག་གིས་ལྷག་པའི་ལྷ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་དམིགས་ཏེ། ཕྱི་རོལ་གྱི་དངོས་པོ་ཐམས་ཅད་ཀྱང་བདེན་པས་སྟོང་པ་རྨི་ལམ་གྱི་སྣང་བ་ལྟར་ཤེས་པར་བྱས་ནས། དེ་ཉིད་ལ་བློ་རེ་ཞིག་གཞག་པར་བྱའོ། །ཡན་ལག་གསུམ་པའོ། །དེ་ནས་རང་གི་སྤྱི་གཙུག་ཏུ་པདྨ་དང་ཟླ་བ་ལ་གནས་པའི་གང་གི་རིགས་ཀྱི་བདག་པོར་གྱུར་པ་དེའི་རྣམ་པ་ཅན་གྱི་བླ་མ་དམ་པ་གསལ་བར་དམིགས་ལ། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་བལྟས་ནས་རབ་ཏུ་དྭང་བའི་ཡིད་ཀྱིས་རྩེ་གཅིག་པའི་གུས་པ་བསྒོམས་པས་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་པར་རབ་ཏུ་བསམ་པར་བྱའོ། །ཡན་ལག་བཞི་པའོ། །དེ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ལ། ཡིད་འཇོག་རྒྱུ་མེད་པའི་ཚུལ་གྱིས་མཉམ་པར་གཞག་ལ། རྩོལ་བ་ཀློད་དེ། ཇི་སྲིད་དུ་སེམས་མི་འཕྲོ་བའི་བར་དེ་སྲིད་དུ་གནས་པར་བྱའོ། །འཛིན་པ་དང་བཅས་པ་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱེ་བ་ལྟར་སྣང་ཡང༌། ཡང་དག་པ་མ་ཡིན་ལ། འཛིན་པ་འདི་ཉིད་ཁོ་ན་ཉིད་དོ་ཞེས་ཀྱང་གཟུང་བར་མི་བྱ་ཞིང༌། དེ་ལས་སྐྱེས་པའི་ཉམས་སུ་མྱོང་བའི་ཁྱད་པར་གང་བྱུང་དམ་པའི་དོན་དུ་མི་གཟུང་ཞིང༌། ཉམས་གང་བྱུང་ཡང་རེ་ཞིག་བྱུང་རྒྱལ་དུ་གཞག་པར་བྱའོ། །ཡན་ལག་ལྔ་པའོ། །དེ་ནས་ཡིད་འཕྲོ་པར་གྱུར་ན་དེ་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་འཁྲུལ་པའི་དབང་གིས་ལས་དང་ཉོན་མོངས་པའི་དབང་དུ་གྱུར་པས་འཁོར་བའི་འདམ་དུ་བྱིང་ཞིང༌། །སྡུག་བསྔལ་གྱིས་དུབ་པར་གྱུར་པ་མགོན་མེད་པ་འདི་དག་རྒྱུ་དང་བཅས་པའི་སྡུག་བསྔལ་ཐམས་ཅད་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །ཡན་ལག་དྲུག་པའོ། །དེ་ནས་དེ་ལས་བྱུང་བའི་དགེ་བའི་རྩ་བ་འདིས་གཙོ་བྱས་པའི་བདག་དང་གཞན་གྱི་དུས་གསུམ་དང་འབྲེལ་པའི་བསོད་ནམས་བྱ་བའི་དངོས་པོ་ཅི་མཆིས་པ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག་ཅེས་ལན་གསུམ་དུ་བསྔོ་བར་བྱའོ། །ཡན་ལག་བདུན་པའོ། །དེ་ལྟར་ཡན་ལག་བདུན་དང་ལྡན་པའི་ཏིང་ངེ་འཛིན་འདི་རྣལ་འབྱོར་པས་རྣམ་པར་གཡེང་བ་སྤངས་ཏེ། རྒྱུན་ཏུ་བསྒོམས་ན་ཐབས་སྙིང་རྗེ་ཆེན་པོ་དང་མ་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་ནས་མྱུར་དུ་གཉིས་སུ་མེད་པའི་གོ་འཕང་འཐོབ་པར་འགྱུར་རོ། །སྟོང་ཉིད་ཕྱག་རྒྱ་ཆེན་པོ་ཡིས། །འཁོར་དང་མྱ་ངན་འདས་དངོས་ལ། །གཉིས་སུ་མེད་པར་རྒྱས་བཏབ་པ། །གནས་ལུགས་ཕྱག་རྒྱ་ཆེན་པོ་ཡིན། །ཐོས་བསམ་གྱིས་བསྐྱེད་རིགས་པ་ཡིས། །རྣམ་པར་དཔྱད་པས་ཆོས་རྣམས་ཀུན། །རང་གི་ངོ་བོས་རབ་སྟོང་པར། །ཤེས་པ་ལྟ་བའི་ཕྱག་རྒྱ་ཆེ། །ཡུལ་ཤེས་གྲུབ་པ་མེད་པའི་ཕྱིར། །བསྒོམ་བྱ་སྒོམ་བྱེད་མ་དམིགས་པས། །བསྒོམ་པ་མེད་པ་རབ་བསྒོམ་པ། །བསྒོམ་པའི་ཕྱག་རྒྱ་ཆེན་པོ་ཡིན། །མཁའ་དང་བུམ་པའི་ནམ་མཁའ་ལྟར། །དབྱིངས་དང་ཡེ་ཤེས་རོ་གཅིག་པས། །ཀུན་གྱི་ངོ་བོ་ཉིད་གྱུར་པ། །འབྲས་བུའི་ཕྱག་རྒྱ་ཆེན་པོ་ཡིན། །ཚ་བ་མེ་ལས་གཞན་མིན་ལྟར། །དབྱིངས་ཀྱང་ཆོས་ལས་གཞན་མ་ཡིན། །དེ་ཕྱིར་གནས་སྐབས་ཐམས་ཅད་དུ། །གཉིས་སུ་མེད་པར་ཟུང་འཇུག་ཡིན། །དམ་པའི་དོན་དང་ཀུན་རྫོབ་དང༌། །བླང་དང་དོར་བར་གང་ལྟ་བ། །དེ་དག་གང་ཡང་གྲུབ་པ་ལ། །རྒྱབ་ཀྱིས་ཕྱོགས་པ་མ་ཡིན་ནམ། །ཐབས་དང་བྲལ་བའི་སྟོང་པས་མིན། །སྟོང་པའང་ཐབས་དང་བྲལ་བས་མིན། །མཁས་པས་གཉིས་པོ་རྣམ་དཔྱད་པས། །གཉིས་སུ་མེད་པ་ཐོབ་པར་འགྱུར། །བླ་མའི་དྲིན་གྱིས་གང་རྟོགས་པ། །གཞན་གྱི་དོན་དུ་སྦྱར་བ་ལས། །དགེ་བའི་རྩ་བ་གང་བསྐྲུན་དེས། །འགྲོ་བས་བྱང་ཆུབ་མཆོག་ཐོབ་ཤོག །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མངོན་དུ་བྱེད་པའི་མན་ངག་ཕྱག་རྒྱ་ཆེན་པོ་ཡན་ལག་བདུན་དང་ལྡན་པ་ཞེས་བྱ་བ། ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོའི་གསུང་གི་རྗེས་སུ་འབྲངས་ནས། དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་དགེ་ཚུལ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས། ཆུ་བོ་བྱི་བའི་ལོ་ཁྲའི་ཟླ་བ་ལ་མི་ཉག་གི་ཡུལ་དུ་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*