དམ་ཆོས་པད་དཀར་གྱི་ཚིག་དོན་ལ་གཞན་གྱི་ལོག་པར་རྟོག་པ་དགག་པ།

༼བ༽

༄༅། །དམ་ཆོས་པད་དཀར་གྱི་ཚིག་དོན་ལ་གཞན་གྱི་ལོག་པར་རྟོག་པ་དགག་པ་བཞུགས།།

༄༅། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དམ་པའི་ཆོས་པདྨ་དཀར་པོ་ལས་བྱུང་བའི་གསུང་རབ་ཀྱི་ཆ་ཤས་ཀྱི་དོན། རྒྱའི་དགེ་སྦྱོང་ཤིན་ཏུ་མང་པོས་ཡང་དག་པར་མ་རྟོགས་ཤིང་ཕྱིན་ཅི་ལོག་དུ་བརྟགས་པས། དེ་དག་དགག་པའི་ཕྱིར་འདི་བརྩམ་མོ། །དེ་ལ་གསུམ། གསུང་རབ་ཀྱི་ངག་དགོད་པ། དེ་ལ་ལོག་པར་རྟོག་པ་དགག་པ་དང༌། །དགོངས་པའི་དོན་ཡང་དག་པར་བཤད་པའོ། །དང་པོ་ནི། དམ་པའི་ཆོས་པདྨ་དཀར་པོའི་ལེའུ་བཅུ་གཅིག་པ་ལས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བྱ་རྒོད་ཕུང་པོའི་རི་ལ་དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་གསུངས་པའི་ཚེ། འདས་པའི་སངས་རྒྱས་རིན་ཆེན་མང་གི་སྐུ་བཞུགས་པའི་རིན་པོ་ཆེའི་མཆོད་རྟེན་ཡང་དེར་བྱོན་ནས། འདས་པ་དང་ད་ལྟར་བཞུགས་པའི་དེ་བཞིན་གཤེགས་པ་གཉིས་མཆོད་རྟེན་གཅིག་གི་ནང་དུ་གདན་གཅིག་ལ་བཞུགས་ཏེ། སླར་ཡང་དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་ཀྱི་ཆེ་བ་དེར་འདུས་པའི་འཁོར་གྱི་དཀྱིལ་འཁོར་ལ་རྒྱ་ཆེར་གསུངས་ཏེ། ནན་ཏན་གྱིས་གཏད་དོ། །དེའི་ཚེ་དེ་བཞིན་གཤེགས་པ་རིན་ཆེན་མང་གི་སངས་རྒྱས་ཀྱི་ཞིང་ནས་འོངས་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་པ་ཞེས་བྱ་བ། སངས་རྒྱས་རིན་ཆེན་མང་གི་སྐུ་དང་བཅས་པའི་མཆོད་རྟེན་གཤེགས་པར་གསོལ་ཏེ། རང་ཉིད་ཀྱང་འགྲོ་བར་ཆས་པ་ལས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཡུད་ཙམ་ཞིག་སྡོད་ཅིག ངའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང༌། ཆོས་རྣམ་པར་གཏན་ལ་དབབ་པ་འགའ་ཞིག་གྱིས་ལ། ཕྱིས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སོང་ཞིག དེ་ནས་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པ་པདྨ་འདབ་མ་སྟོང་ཡོད་པ། ཚད་ཤིང་རྟའི་འཕང་ལོ་ཙམ་ལ་འདུག་སྟེ། བྱང་ཆུབ་སེམས་དཔའ་དུ་མས་ཡོངས་སུ་བསྐོར་ནས་རྒྱ་མཚོའི་ནང་ན། ཀླུའི་རྒྱལ་པོ་རྒྱ་མཚོའི་ཁང་པ་ནས་སྟེང་གི་ནམ་མཁའ་ལ་འཕགས་ཏེ། ནམ་མཁའ་ལས་བྱ་རྒོད་ཕུང་པོའི་རི་ལ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ངོ༌། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་པདྨ་ལས་བབས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང༌། དེ་བཞིན་གཤེགས་པ་རིན་ཆེན་མང་གི་ཞབས་ལ་ཕྱག་འཚལ་ནས། བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་དང་མངོན་སུམ་དུ་ཀུན་དགའ་ཞིང་ཡང་དག་པར་མགུ་བའི་གཏམ་མང་པོ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་རྒྱ་མཚོར་ཞུགས་ཏེ་སེམས་ཅན་གྱི་ཁམས་ཇི་སྙེད་བཏུལ། འཇམ་དཔལ་གྱིས་སྨྲས་པ། ཅི་ཙམ་དུ་ཚིག་གིས་བརྗོད་མི་ནུས་ཤིང༌། སེམས་ཀྱིས་བསམ་མི་ནུས་པ་དེ་སྙེད་དུ་ཚད་མེད་གྲངས་མེད་པའི་སེམས་ཅན་དུ་མ་དག་བཏུལ་ལོ། །རིགས་ཀྱི་བུ་སྐད་ཅིག་སྡོད་ཅིག་དང་སྔ་ལྟས་ཀྱི་བར་དུ་མཐོང་བར་འགྱུར་རོ། །འཇམ་དཔལ་གཞོན་ནུར་གྱུར་པས། དེ་སྐད་སྨྲས་མ་ཐག་ཏུ། དེའི་ཚེ་པདྨ་སྟོང་ཕྲག་དུ་མ་རྒྱ་མཚོའི་ནང་ནས་སྟེང་གི་ནམ་མཁའ་ལ་བྱུང་སྟེ། པདྨ་དེ་དག་ལ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ནམ་མཁའ་ལས་བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དེར་ལྷགས་ཏེ། སྟེང་གི་ནམ་མཁའ་ལ་འཁོད་པར་སྣང་ངོ༌། །དེ་དག་ཐམས་ཅད་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཏུལ་བ་ཤ་སྟག་གོ །དེ་ན་བྱང་ཆུབ་སེམས་དཔའ་གང་དག་སྔོན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་གྱུར་པ་དེ་དག་ནི། ཐེག་པ་ཆེན་པོའི་ཡོན་ཏན་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་བསྔགས་པ་བརྗོད་དོ། །གང་དག་སྔོན་ཉན་ཐོས་བྱེད་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཉན་ཐོས་ཀྱི་ཐེག་པ་ཉིད་དུ་བརྗོད་དོ། །དེ་དག་ཐམས་ཅད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་དང༌། ཐེག་པ་ཆེན་པོའི་ཡོན་ཏན་ཡང་དག་པར་ཤེས་པ་ཤ་སྟག་གོ །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་དག་ཐམས་ཅད་ནི་ཁོ་བོས་རྒྱ་མཚོར་ཞུགས་ནས་སེམས་དུལ་བར་བྱས་པ་ཡིན་ཏེ། དེ་དག་ཀྱང་འདི་ན་སྣང་ངོ༌། །དེ་ནས་བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡོངས་སུ་དྲིས་པ། བཟང་པོ་ཆེན་པོ་ཤེས་རབ་དཔེར་བརྗོད་པ། །ཁྱོད་ཀྱིས་སེམས་ཅན་གྲངས་མེད་དེ་བཏུལ་བ། །མི་ཡི་ལྷ་ཁྱོད་ལ་ནི་དེ་འདྲ་ཡི། །འདི་ནི་སུ་ཡི་མཐུ་ལགས་དེ་གསུངས་ཤིག །བྱང་ཆུབ་ལུང་བསྟན་པ་ཡི་མདོ་གང་དང༌། །ཆོས་ཀྱི་གང་ཞིག་ཁྱོད་ཀྱིས་རབ་བསྟན་ན། །དེ་ཐོས་འདི་དག་བྱང་ཆུབ་སེམས་སྐྱེས་ཤིང༌། །ཐམས་ཅད་མཁྱེན་ཉིད་ངེས་ཏེ་གཏིང་ཡང་རྙེད། །འཇམ་དཔལ་གྱིས་སྨྲས་པ། རྒྱ་མཚོའི་ནང་དུ་དམ་པའི་ཆོས་པདྨ་དཀར་པོའི་མདོ་བཤད་དོ་གཞན་མ་ཡིན་ནོ། །ཤེས་རབ་བརྩེགས་ཀྱིས་སྨྲས་པ། མདོ་འདི་ཟབ་ཅིང་ཕྲ་ལ་མངོན་པར་དཀའ་སྟེ། མདོ་འདི་དང་མཚུངས་པའི་མདོ་སྡེ་གཞན་གང་ཡང་མེད་ན། སེམས་ཅན་གང་ལ་ལ་མདོ་སྡེ་དཀོན་མཆོག་འདི་ཁོང་དུ་ཆུད་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་པ་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་ཡོད་དེ། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ་སྐྱེས་ནས་ལོ་བརྒྱད་ལོན་པ། ཤེས་རབ་ཆེ་བ། དབང་པོ་རྣོ་བ། ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་དང༌། ངག་དང་ཡིད་ཀྱི་ལས་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཤད་པའི་ཚིག་འབྲུ་དང༌། དོན་འཛིན་པའི་གཟུངས་ཐོབ་པ། ཆོས་ཐམས་ཅད་དང༌། སེམས་ཅན་ཐམས་ཅད་ལ་མཉམ་པར་གཞག་པའི་ཏིང་ངེ་འཛིན་སྟོང་སྐད་ཅིག་གཅིག་གིས་ཐོབ་པ། བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པ། སྨོན་ལམ་རྒྱ་ཆེ་བ། སེམས་ཅན་ཐམས་ཅད་ལ་བདག་དང་འདྲ་བར་ཕོངས་པར་སེམས་པ་དང་ལྡན་པ། ཡོན་ཏན་བསྐྱེད་པར་ནུས་ཤིང་དེ་དག་ལས་ཡོངས་སུ་མི་ཉམས་པ། བཞིན་འཛུམ་པ། ཁ་དོག་རྒྱས་པ་མཆོག་དང་ལྡན་པ། བྱམས་པའི་སེམས་དང་ལྡན་པ། སྙིང་རྗེའི་ཚིག་སྨྲ་བ་དེ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་སོ། །ཤེས་རབ་བརྩེགས་ཀྱིས་སྨྲས་པ། ཁོ་བོས་མཐོང་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བྱང་ཆུབ་ཀྱི་ཕྱིར་འབད་ཅིང༌། བྱང་ཆུབ་སེམས་དཔར་གྱུར་པ་ན། བསོད་ནམས་དུ་མས་མཛད་དེ། བསྐལ་པ་སྟོང་ཕྲག་དུ་མར་ནམ་ཡང་བརྩོན་འགྲུས་མི་ཉམས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ཐ་ན་ཡུངས་ཀར་ཙམ་གྱི་ཕྱོགས་གང་དུའང༌། སེམས་ཅན་གྱི་ཕྱིར་སྐུ་མ་བོར་བ་ཅུང་ཟད་ཀྱང་མེད་དེ། ཕྱིས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། དེས་ཡུད་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་ཞེས་བྱ་བ་དེ་ལ་སུ་ཞིག་ཡིད་ཆེས། དེ་ནས་དེའི་ཚེ་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ་མདུན་ན་འདུག་པར་སྣང་བ་དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་སྟེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །བསོད་ནམས་བསོད་ནམས་ཤིན་ཏུ་ཟབ། །ཕྱོགས་རྣམས་ཀུན་ཏུ་ཁྱབ་པ་ལགས། །སུམ་ཅུ་རྩ་གཉིས་མཚན་རྣམས་ཀྱིས། །ཕྲ་བའི་སྐུ་ནི་ལེགས་པར་བརྒྱན། །དཔེ་བྱད་བཟང་པོ་རྣམས་དང་ལྡན། །སེམས་ཅན་ཀུན་གྱི་ཕྱག་ཀྱང་བགྱིས། །སེམས་ཅན་ཐམས་ཅད་འདུ་བ་ནི། །དཔེར་ན་གྲོང་བར་འདྲ་བ་ལགས། །བདག་ནི་འདོད་བཞིན་བྱང་ཆུབ་སྟེ། །དེ་བཞིན་གཤེགས་པ་བདག་གི་དབང༌། །སྡུག་བསྔལ་རྣམས་ལས་དགྲོལ་བའི་ཆོས། །རྒྱ་ཆེར་རབ་ཏུ་བསྟན་པར་བགྱི། །དེ་ནས་དེའི་ཚེ། །ཚེ་དང་ལྡན་པ་ཤཱ་རིའི་བུས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ་ལ་འདི་སྐད་ཅེས་སྨྲས་སོ། །ཆེ་ཞེ། ཁྱོད་ཕྱིར་མི་ལྡོག་པར་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང༌། ཤེས་རབ་དཔག་ཏུ་མེད་པ་ཡོད་དུ་ཟད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྙེད་པར་དཀའོ། །ཆེ་ཞེ་བུད་མེད་ཀྱིས་བརྩོན་འགྲུས་འདི་མི་འདོར་ཞིང༌། བསྐལ་པ་སྟོང་ཕྲག་དུ་མར་བསོད་ནམས་དག་བྱེད་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཡོངས་སུ་རྫོགས་པར་བྱེད་ཀྱང༌། ད་དུང་སངས་རྒྱས་ཉིད་མི་འཐོབ་པ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། བུད་མེད་ཀྱིས་ད་དུང་གནས་ལྔ་མ་ཐོབ་པའི་ཕྱིར་ཏེ། ལྔ་གང་ཞེ་ན། དང་པོ་ཚངས་པའི་གནས་དང༌། གཉིས་པ་བརྒྱ་བྱིན་གྱི་གནས་དང༌། གསུམ་པ་རྒྱལ་ཆེན་བཞིའི་གནས་དང༌། བཞི་པ་འཁོར་ལོས་སྒྱུར་བའི་གནས་དང༌། ལྔ་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་གནས་སོ། །དེ་ནས་དེའི་ཚེ་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ་ལུས་པའི་རིན་དུ་ཆོག་པའི་ནོར་བུ་ཞིག་ཡོད་པ་ཀླུའི་རྒྱལ་པོའི་བུ་མོ་དེས་བཅོམ་ལྡན་འདས་ལ་ཕུལ་ནས། བཅོམ་ལྡན་འདས་ཀྱིས་ཀྱང་ཐུགས་བརྩེ་བའི་ཕྱིར་དེ་བཞེས་ཏེ། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ་དེས་བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་དང༌། གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །གང་བདག་གིས་བཅོམ་ལྡན་འདས་ལ་ནོར་བུ་ཕུལ་བ་དེ། བཅོམ་ལྡན་འདས་ཀྱིས་མྱུར་དུ་བཞེས་སམ། འོན་ཏེ་མ་བཞེས། གནས་བརྟན་གྱིས་སྨྲས་པ། ཁྱོད་ཀྱིས་ཀྱང་མྱུར་དུ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཀྱང་མྱུར་དུ་བཞེས་སོ། །ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོས་སྨྲས་པ། བཙུན་པ་ཤཱ་རིའི་བུ། གལ་ཏེ་བདག་གི་རྫུ་འཕྲུལ་ཆེ་བར་གྱུར་ན། དེ་བས་ཀྱང་ཆེས་མྱུར་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ནོར་བུ་འདི་བཞེས་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ནས་དེའི་ཚེ་འཇིག་རྟེན་ཐམས་ཅད་དང་གནས་བརྟན་ཤཱ་རིའི་བུའི་མངོན་སུམ་དུ་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ་བུད་མེད་ཀྱི་དབང་པོ་མི་སྣང་བར་གྱུར་ཏེ། སྐྱེས་པའི་དབང་པོ་བྱུང་ནས་བདག་ཉིད་བྱང་ཆུབ་སེམས་དཔར་འགྱུར་བར་ཡང་དག་པར་བསྟན་ཏེ། དེའི་ཚེ་ལྷོ་ཕྱོགས་སུ་སོང་ངོ༌། །དེ་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་དྲི་མ་མེད་ཅེས་བྱ་བ་དེར། རིན་པོ་ཆེ་སྣ་བདུན་གྱི་ཤིང་དྲུང་དུ་འདུག་ནས་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པར་ཀུན་ཏུ་བསྟན་ཏེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་ཐམས་ཅད་དང་ལྡན་པའི་གཟུགས་ཀྱིས་ལུས་ཀྱི་འོད་ཀྱིས་ཕྱོགས་བཅུར་ཁྱབ་པར་བྱས་ཏེ་ཆོས་སྟོན་པར་བྱེད་དོ། །གང་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་འཁོད་པའི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པ་དེ། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཕྱག་བྱས་ཤིང་དེ་དག་ལ་ཆོས་སྟོན་པར་མཛད་པར་མཐོང་ངོ༌། །སེམས་ཅན་གང་དག་དེ་བཞིན་གཤེགས་པ་དེས་ཆོས་བསྟན་པ་ཉན་པ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་དེ་དང༌། འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་འཁོར་གྱི་དཀྱིལ་འཁོར་ལས་ཀྱང་སྲོག་ཆགས་སུམ་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སྲོག་ཆགས་སུམ་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་བརྩེགས་པ་དང༌། གནས་བརྟན་ཤཱ་རིའི་བུ་ཅི་ཡང་མི་གསུང་བར་གྱུར་ཏོ། །ཞེས་འབྱུང་ངོ༌། །སྐབས་སུ་བབ་པའི་མདོ་སྡེའི་ངག་ཉེ་བར་དགོད་པའོ། །གཉིས་པ་དེ་ལ་ལོག་པར་རྟོག་པ་དགག་པ་ནི། གསུང་རབ་ཀྱི་དོན་དེ་དག་ལ་ཅིག་ཅར་དུ་འཚང་རྒྱ་བར་འདོད་པའི་རྒྱའི་དགེ་སྦྱོང་དག་གིས་འདི་ལྟར་བརྟགས་ཏེ། སྤྱིར་ཡང་འཇམ་དཔལ་གྱིས་རྒྱ་མཚོའི་ནང་དུ་ཞུགས་ནས་ཆོས་བསྟན་པའི་འཁོར་དེ་དག་ཐམས་ཅད་སྔོན་ཆད་ལམ་ལ་སྦྱང་བ་མ་བྱས་པ། ལས་དང་པོ་པ་འབའ་ཞིག་ཡིན་ཞིང༌། ཁྱད་པར་དུ་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ་སྐྱེས་ནས་ལོ་བརྒྱད་ལོན་པ་དེ་ཡང་ཐ་མལ་པ་རང་རྒྱུད་པ་ཁོ་ན་ལ། འཇམ་དཔལ་གྱིས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་བསྟན་པ་ཙམ་ལ་བརྟེན་ནས། ཐབས་ལ་འབད་པ་མ་བྱས་ཤིང༌། ས་དང་ལམ་མ་བགྲོད་པར་ཅིག་ཅར་སེམས་གྲོལ་ཏེ། ཅིག་ཅར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་དུ་སེམས་སོ། །དེ་མི་འཐད་དེ། འཇམ་དཔལ་གྱིས་བཏུལ་བའི་འཁོར་ཕལ་པོ་ཆེ་དེ་དག་ཀྱང་སྔོན་ལམ་ལ་མ་ཞུགས་པ་དང༌། ཐབས་ལ་སྦྱང་བ་མ་བྱས་པ་མ་ཡིན་པར་ལུང་འདི་ཉིད་ཀྱིས་གྲུབ་སྟེ། དེ་ན་བྱང་ཆུབ་སེམས་དཔའ་གང་དག་སྔོན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་གྱུར་པ་དེ་དག་ནི། ཐེག་པ་ཆེན་པོའི་ཡོན་ཏན་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གི་བསྔགས་པ་བརྗོད་དོ། །གང་དག་སྔོན་ཉན་ཐོས་བྱེད་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི། ཉན་ཐོས་ཀྱི་ཐེག་པ་ཉིད་དུ་བརྗོད་དོ་ཞེས། སྔོན་ཐེག་པ་སོ་སོ་ལ་ཞུགས་ཤིང༌། སྦྱང་བ་བྱས་པ་དང༌། དེ་དག་ཐམས་ཅད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་དང༌། ཐེག་པ་ཆེན་པོའི་ཡོན་ཏན་ཤེས་པ་ཤ་སྟག་གོ །ཞེས་ཐམས་ཅད་ཀྱང་མཐར་ཐེག་པ་ཆེན་པོ་ལ་ཞུགས་ཤིང༌། སྦྱངས་ནས་ཐེག་པ་ཆེན་པོའི་དོན་རྟོགས་པ་འབའ་ཞིག་ཏུ་གྲུབ་བོ། །བྱེ་བྲག་ཏུ་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ་ནི། ས་བཅུ་པ་ཐོབ་པ་ཡིན་པར་ངེས་པར་གྲུབ་སྟེ། ལུང་འདི་ཉིད་ལས། ཤེས་རབ་ཆེ་བ། དབང་པོ་རྣོ་བ། ཞེས་ལྷན་ཅིག་སྐྱེས་པའི་ཡོན་ཏན་དང༌། ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་དང༌། ངག་དང༌། ཡིད་ཀྱི་ལས་དང་ལྡན་པ་ཞེས་ལས་ཡོངས་སུ་དག་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཤད་པའི་ཚིག་འབྲུ་དང༌། དོན་འཛིན་པའི་གཟུངས་ཐོབ་པ། ཞེས་གཟུངས་ཀྱི་སྒོ་དང༌། ལུང་གི་ཆོས་མཐའ་དག་ལ། དབང་འབྱོར་པ་དམ་པ་ཐོབ་པ་དང་ཆོས་ཐམས་ཅད་དང༌། སེམས་ཅན་ཐམས་ཅད་ལ་མཉམ་པར་གཞག་པའི་ཏིང་ངེ་འཛིན་སྟོང་སྐད་ཅིག་གིས་ཐོབ་པ་ཞེས་ཏིང་ངེ་འཛིན་གྱི་སྒོ་དང༌། རྟོགས་པའི་ཆོས་ཐམས་ཅད་ལ་དབང་འབྱོར་པ་དམ་པ་ཐོབ་པ་དང༌། བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པ། སྨོན་ལམ་རྒྱ་ཆེ་བ། སེམས་ཅན་ཐམས་ཅད་ལ་བདག་དང་འདྲ་བ་ཕངས་པར་སེམས་པ་དང་ལྡན་པ། ཡོན་ཏན་བསྐྱེད་པར་ནུས་ཤིང༌། དེ་དག་ལས་ཡོངས་སུ་མི་ཉམས་པ། བཞིན་འཛུམ་པ། ཁ་དོག་རྒྱས་པ། མཆོག་དང་ལྡན་པ། བྱམས་པའི་སེམས་དང་ལྡན་པ། སྙིང་རྗེའི་ཚིག་སྨྲ་བ་དེ་ཞེས་གཞན་གྱི་དོན་ལ་འབྱོར་པ་དམ་པ་གྲུབ་པར་བསྟན་ཏོ། །དེ་དག་ནི་ས་བཅུ་པ་ལ་གནས་པའི་ཡོན་ཏན་ཡིན་ཏེ། མདོ་སྡེ་རྒྱན་ལས། སྤྲིན་བཞིན་གཉིས་ཀྱི་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་ལ་དབང་འབྱོར་པ་ས་བཅུ་པ་འབའ་ཞིག་གི་ཆོས་སུ་བཤད་པ་དང༌། སངས་རྒྱས་ཕལ་པོ་ཆེའི་ལེའུ་སུམ་ཅུ་སོ་གཅིག་པ་ས་བཅུ་པ་བསྟན་པ་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་དག འདི་ལྟ་སྟེ། དཔེར་ན། ཀླུའི་རྒྱལ་པོ་རྒྱ་མཚོའི་སྤྲིན་ལས་ཆུའི་ཚོགས་ཆེན་པོ་ཕབ་པ་ནི། རྒྱ་མཚོ་ཆེན་པོ་མ་གཏོགས་པ་སའི་ཕྱོགས་གཞན་གྱིས་བཟོད་པའམ་ཡང་དག་པར་བླང་བའམ། བདག་གིར་བྱ་བའམ། ཡང་དག་པར་གཟུང་བར་སླ་བ་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་ད་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་གསང་བ་ལ་འཇུག་པ་འདི་ལྟ་སྟེ། ཆོས་ཀྱི་སྣང་བ་ཆེན་པོ་དང༌། ཆོས་ཀྱི་འོད་གསལ་བ་ཆེན་པོ་དང༌། ཆོས་ཀྱི་སྤྲིན་ཆེན་པོ་གང་དག་ཡིན་པ་དེ་དག་ནི། སེམས་ཅན་ཐམས་ཅད་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་དང༌། ས་དང་པོ་ནས་བཟུང་སྟེ། ས་དགུ་པའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང༌། བཟོད་པའམ། ཡང་དག་པར་བླང་བའམ། བདག་གིར་བྱ་བའམ། ཡང་དག་པར་གཟུང་བར་སླ་བ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ས་ཆོས་ཡི་སྤྲིན་འདི་དག་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་བཟོད་དོ། །ཡང་དག་པར་ལེན་ཏོ། །བདག་གིར་བྱེད་དོ། །ཡང་དག་པར་འཛིན་ཏོ། །ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཤད་པའི་ཚིག་འབྲུ་དང༌། དོན་འཛིན་པའི་གཟུངས་ནི་ས་བཅུ་པ་ཁོ་ནའི་ཁྱད་པར་གྱི་ཆོས་ཡིན་པར་བཤད་པའི་ཕྱིར། འདི་ཡང་ས་བཅུ་པ་ཡིན་པར་ངེས་པར་གྲུབ་བོ། །ས་བཅུ་པ་ཐོབ་པ་ལ་ནི། བསྐལ་པ་དཔག་ཏུ་མེད་པའི་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོམས་མངོན་པར་བསྒྲུབ་པ་དང༌། ཏིང་ངེ་འཛིན་དང་ཡེ་ཤེས་དང་ཤེས་བྱའི་གནས་ལ་ཡོངས་སུ་སྦྱང་དགོས་ཏེ། མདོ་དག་ལས། བསྐལ་པ་གྲངས་མེད་དང་པོས་ནི། ས་དང་པོ་རབ་ཏུ་དགའ་བ་ཐོབ་ལ། བསྐལ་པ་གྲངས་མེད་པ་གཉིས་པས་ནི། ས་བརྒྱད་པ་མི་གཡོ་བ་ཐོབ་ཅིང༌། དེའི་ཚེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས། སངས་རྒྱས་རྣམས་ཀྱིས་བྱང་ཆུབ་ཏུ་ལུང་བསྟན་པ་ཆེན་པོས་ཀྱང་ལུང་སྟོན་པར་འགྱུར་ལ། བསྐལ་པ་གྲངས་མེད་པ་གསུམ་པས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་འབྱུང་བ་དང༌། ཕལ་པོ་ཆེའི་ས་བཅུ་པ་ཉིད་ཀྱི་སྐབས་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་དག དེ་ལྟར་བྱང་ཆུབ་སེམས་དཔའ་དེ། བྱང་ཆུབ་སེམས་དཔའ་ས་དགུ་པའི་བར་དུ་ཤེས་པར་བྱ་བ་ཚད་མེད་པ་ཡོངས་སུ་བརྟགས་པའི་བློས། རྣམ་པར་དབྱེ་བ་ཤིན་ཏུ་རྣམ་པར་ཕྱེ་ལ། ཆོས་དཀར་པོ་ཡོངས་སུ་རྫོགས་པ། བསག་པར་བྱ་བའི་ཆོས་མཐའ་ཡས་པས་ཤིན་ཏུ་བསགས་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཟིན་པ། སྙིང་རྗེ་ཆེན་པོ་ཤིན་ཏུ་ཡངས་པ་ཐོབ་པ། འཇིག་རྟེན་གྱི་ཁམས་རྣམ་པར་དབྱེ་བ་རྣམ་པ་ཐ་དད་པ་ལ་མཁས་པ། སེམས་ཅན་གྱི་ཁམས་ཐིབས་པོ་ཉེ་བར་སྤྱོད་པ་ལ་རབ་ཏུ་ཞུགས་པ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་འཇུག་པ་དང་ལྡན་པའི་འདུ་ཤེས་དང༌། ཡིད་ལ་བྱེད་པ་ཅན། སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་ལ་ལྷག་པར་དམིགས་པའི་རྗེས་སུ་སོང་བ་ནི། རྣམ་པ་ཐམས་ཅད་དུ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་བསྐུར་བའི་ས་ཐོབ་པ་ཞེས་བྱའོ། །ཞེས་འབྱུང་བའི་ཕྱིར་རོ། །བུ་མོ་འདིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་མདུན་དུ་སྐྱེས་པའི་ལུས་སུ་བསྒྱུར་ཏེ། ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་དྲི་མ་མེད་པར་སོང་ནས། སངས་རྒྱས་པའང་དེའི་མཐུ་དང་ཕྲིན་ལས་ཡིན་ནོ། །སངས་རྒྱས་ཀྱི་སྐུས་འདུལ་བའི་སྐྱེ་བོ་རྣམས་འདུལ་བའི་ཕྱིར། སྤྲུལ་པར་ཟད་དོ། །མདོ་འདི་ཉིད་ལས་བདག་ཉིད་མངོན་པར་སངས་རྒྱས་པར་ཀུན་ཏུ་བསྟན་ཏེ་ཞེས་འབྱུང་གི །སངས་རྒྱས་སོ་ཞེས་མ་གསུངས་པའི་ཕྱིར་རོ། །ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རང་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་སྟོན་པ་དང༌། བྱང་ཆུབ་སེམས་དཔའ་ལུས་ལས་སངས་རྒྱས་ཀྱི་སྐུའི་སྤྲུལ་པ་འགྱེད་པའང་ས་བཅུ་བསྟན་པའི་མདོའི་ས་བཅུ་པའི་སྐབས་ཉིད་ལས། ཀྱེ་རྒྱལ་བའི་སྲས་དག གཞན་ཡང་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། རང་གི་སྨོན་ལམ་གྱི་སྟོབས་དང༌། ཤུགས་ཀྱིས་སྙིང་བརྩེ་བ་དང༌། སྙིང་རྗེ་ཆེན་པོའི་སྤྲིན་ཆོས་ཀྱི་སྣང་བ་ཆེན་པོ་རབ་ཏུ་སྒྲོགས་པའི་འབྲུག་སྒྲ་ཤིན་ཏུ་སྒྲོགས་པ། མངོན་པར་ཤེས་པ་དང༌། རིགས་པ་དང༌། མི་འཇིགས་པའི་གློག་རྣམ་པར་འགྱུ་བ། འོད་ཟེར་ཆེན་པོའི་རླུང་གིས་ཤིན་ཏུ་བསྐྱོད་པ། བསོད་ནམས་དང་ཡེ་ཤེས་ཀྱི་སྤྲིན་གྱི་དྲྭ་བ་སྟུག་པོས་ཀུན་ནས་ཁེབས་པ། ལུས་སྣ་ཚོགས་ཀྱིས་སྤྲིན་གྱི་ཀློང་ཡང་དག་པར་སྟོན་པས། ཆོས་ཀྱི་སྒྲ་ཆེན་པོ་རབ་ཏུ་སྒྲོགས་པ། བདུད་ཀྱི་འཁོར་ཐམས་ཅད་ཤིན་ཏུ་ཚར་གཅོད་པ་ཡོངས་སུ་བསླངས་ཏེ། སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་ཕྱོགས་བཅུའི་འཇིག་རྟེན་སྔ་མ་དེ་དག་ན་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དང༌། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང༌། དེ་དག་བས་ཀྱང་ཆེས་མང་ཞིང་ཚད་མེད་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྒྱས་པར་བཀང་སྟེ། དགེ་བའི་བདུད་རྩིའི་རྒྱུན་གྱི་ཆར་ཆེན་པོས་བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་མི་ཤེས་པ་ལས་ལངས་པའི་ཉོན་མོངས་པའི་རྡུལ་གྱི་མེ་ལྕེ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དེ། དེ་བས་ན་འདི་ཡང་ཆོས་ཀྱི་སྤྲིན་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གཞན་ཡང་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། འཇིག་རྟེན་གྱི་ཁམས་གཅིག་ཏུ་ཡང་དགའ་ལྡན་གྱི་གནས་ན་བཞུགས་པ་ནས་བཟུང་སྟེ། འཕོ་བ་དང་ཡུམ་གྱི་དཀུར་བཞུད་པ་དང༌། དཀུ་ན་བཞུགས་པ་དང༌། རྩེ་བ་དང༌། མངོན་པར་འབྱུང་བ་དང༌། མངོན་པར་འཚང་རྒྱ་བ་དང༌། གསོལ་བ་གདབ་པ་དང༌། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང༌། མྱ་ངན་ལས་འདས་པ་ཆེན་པོ་བསྟན་པའི་བར་དུ། སེམས་ཅན་གྱི་བསམ་པའི་ཚུལ་དང༌། འདུལ་བའི་ཚུལ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པའི་ཕྲིན་ལས་ཐམས་ཅད་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་གཉིས་པ་ནས། འཇིག་རྟེན་གྱི་ཁམས་སྔ་མ་དེ་དག་ན་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་ཡོད་པ་དེ་དག་བས་ཀྱང༌། ཆེས་མང་བའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་བར་དག་ཏུ། དགའ་ལྡན་གྱི་གནས་སུ་བཞུགས་པ་ནས་བཟུང་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་པའི་བར་དུ་སེམས་ཅན་རྣམས་ཀྱི་བསམ་པའི་ཚུལ་དང༌། འདུལ་བའི་ཚུལ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་ཕྲིན་ལས་ཐམས་ཅད་བྱིན་གྱིས་བརླབས་སོ། །ཞེས་འབྱུང་བའི་ཕྱིར་རོ། །གལ་ཏེ་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་ཡིན་དུ་ཆུག་ན་ཡང༌། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡུད་ཙམ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་བ་ནི། ས་དང་ལམ་མ་བགྲོད་པར་ཅིག་ཅར་འཚང་རྒྱ་བ་མ་ཡིན་ཏེ། འདིས་བགྲོད་པར་བྱ་བའི་ལམ་ཕལ་ཆེ་བ་མཐར་ཕྱིན་ཞིང༌། མངོན་པར་རྫོགས་པར་འཚང་རྒྱ་བའང་འདོད་པ་ཙམ་ལ་རག་ལས་པའི་ཕྱིར་རོ། །དེ་ལྟར་ན་བུད་མེད་ཀྱི་ལུས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ལུས་དང༌། སངས་རྒྱས་ཉིད་ཐོབ་པའི་གནས་མེད་དོ། །ལས་ཀྱིས་བསྐྱེད་པ་སོ་སོའི་སྐྱེ་བོའི་བུད་མེད་ཀྱི་རྟེན་གྱིས། གནས་དེ་དག་མི་ཐོབ་པ་ལ་དགོངས་ཀྱི། རྒྱ་མཚོའི་བུ་མོ་འདི་ནི་ལས་ཀྱིས་བསྐྲུན་པའི་བུད་མེད་དུ་གྱུར་ནས་ས་བཅུ་པ་ཐོབ་པ་མ་ཡིན་གྱི། ཕྱིར་མི་ལྡོག་པ་དང༌། ས་བཅུ་པའི་ཡེ་ཤེས་མངོན་སུམ་དུ་བྱས་ནས། འདིས་འདུལ་བའི་འགྲོ་བ་རྣམས་ཀྱི་དོན་མཐོང་སྟེ། བུད་མེད་ཀྱི་ལུས་སྤྲུལ་ནས། སླར་ཡང་འཕྲལ་དུ་སྐྱེས་པ་ཉིད་དུ་གྱུར་ཏོ། །སྤྲུལ་པ་ལ་ནི་རང་རྒྱུད་པའི་ལུས་སུ་མི་བརྟག་སྟེ། ཐེག་པ་ཆེན་པོའི་མན་ངག་ཅེས་བྱ་བ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས་ལས་ཀྱི་སྒྲིབ་པ་ཅི་ལྟ་བུ་ཞིག་གིས། བུ་མོ་འདིས་བུད་མེད་ཀྱི་དངོས་པོ་བཟུང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་དག་ནི་ལས་ཀྱི་སྒྲིབ་པས་བུད་མེད་ཀྱི་དངོས་པོ་ཡོངས་སུ་མི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མངོན་པར་ཤེས་པ་དང༌། རིགས་པ་དང༌། ཡེ་ཤེས་དང༌། ཐབས་དང༌། ཤེས་རབ་ཀྱི་སྟོབས་ཀྱིས་བུད་མེད་ཀྱི་དངོས་པོ་ཡོངས་སུ་འཛིན་ཏོ། །ཞེས་འབྱུང་བའི་ཕྱིར་དང༌། དེ་བཞིན་གཤེགས་པ་ཉིད་ཀྱང་འདུལ་བའི་དབང་གིས་ཁྱེའུ་དང༌། བུ་མོ་དང༌། སྐྱེས་པ་དང༌། བུད་མེད་དང༌། འཁོར་ལོས་སྒྱུར་བ་ལ་སོགས་པའི་ལུས་སུ་ཀུན་ཏུ་སྟོན་པར་གསུངས་པའི་ཕྱིར་རོ། །གསུམ་པ་དགོངས་པའི་དོན་ཡང་དག་པར་བཤད་པ་ནི། དེ་ལྟ་ན་འདིའི་དགོངས་པ་ཅི་ཞེ་ན། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པ་དང༌། ཐེག་པ་ཐམས་ཅད་ཐེག་པ་གཅིག་ཏུ་གྲུབ་པས་འབྲས་བུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རྒྱ་མཚོར་རོ་གཅིག་པར་སྟོན་པའི་དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདིའི་ཆེ་བ་དབྱུང་བའི་ཕྱིར། སངས་རྒྱས་རིན་ཆེན་མང་གི་སྨོན་ལམ་དང༌། ཕྲིན་ལས་ཀྱི་ཡོངས་སུ་བཞག་པའི་སྐུ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་པདྨ་དཀར་པོའི་མདོ་སྡེ་འདི་བསྟན་པའི་གནས་ག་ལ་བ་དེར་བྱོན་ཏེ། མཐུན་འགྱུར་དང་རྗེས་སུ་བསྔགས་པ་མཛད་པ་ནི། འདས་པའི་སངས་རྒྱས་ཇི་སྙེད་བྱོན་ཟིན་པ། དེ་དག་ཐམས་ཅད་ཀྱིས་ཀྱང༌། ཆོས་ཀྱི་རྣམ་གྲངས་འདི་ཐུགས་སུ་ཆུད་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་ཚུལ་འདི་ཉིད་བསྟན་པའི་སྙིང་པོར་དགོངས་པར་བསྟན་པ་དང༌། ད་ལྟར་ཕྱོགས་བརྒྱད་ཀྱི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་བྱོན་ཞིང་འདུས་ནས། ཆོས་ཀྱི་རྣམ་གྲངས་འདི་དང༌། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་མཆོད་ཅིང༌། བསྔགས་པ་བརྗོད་པ་ནི། ད་ལྟར་བཞུགས་པའི་སངས་རྒྱས་དེ་དག་ཀྱང༌། ཆོས་ཀྱི་རྣམ་གྲངས་འདི་ཐུགས་སུ་ཆུད་ནས་སངས་རྒྱས་ལ་ཆོས་འདི་ཉིད་བསྟན་པའི་སྙིང་པོར་མཛད་པ་བསྟན་པ་དང༌། བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་རྣམས་ཀྱིས་བཀུར་ཞིང༌། རྗེས་སུ་ཡི་རང་ལ་མཐུན་པར་བསྔགས་པས། མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱང༌། ཆོས་ཀྱི་ཚུལ་འདི་རྟོགས་ནས་འཚང་རྒྱ་ཞིང༌། ཆོས་འདི་ཉིད་བསྟན་པའི་སྙིང་པོར་མཛད་པར་འགྱུར་བར་སྟོན་ཏེ། དེ་ལྟར་ན་ཆོས་འདི་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་མཁྱེན་པར་བྱ་བ་དང༌། བསྟན་པའི་སྙིང་པོ་ཡིན་པར་བསྟན་ཏོ། །ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ་ལ་འཇམ་དཔལ་གྱིས་དམ་པའི་ཆོས་པདྨ་དཀར་པོ་བཤད་པའི་རྐྱེན་ཙམ་གྱིས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་བསྟན་ཏེ། དེའི་རྒྱུ་མཚན་རྒྱས་པར་གོང་དུ་བཤད་པ་ཉིད་དོ། །ཚུལ་འདི་ཐུབ་པ་ཉིད་ཀྱིས་ངེས་བཞག་པའི། །ངེས་དོན་མདོ་སྡེའི་དགོངས་པ་ཉིད་ཡིན་པས། །དཔང་དུ་གྱུར་པ་ཐུབ་པ་ཉིད་ལགས་ཏེ། །དེ་དབང་འཇོག་པའི་དཔང་ཡང་འཇམ་དཔལ་ལགས། །དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འགའ་ཞིག་ལས། ཕྱིན་ཅི་ལོག་ཏུ་བརྟགས་པ་དགག་པའི་ཚུལ་འདི་ནི་རང་གི་སློབ་མ་དད་པ་དང༌། ཤེས་རབ་དང་ལྡན་པ། ད་སྨན་ཞེས་བྱ་བས་གསོལ་བ་བཏབ་ནས་དགེ་སློང་འཕགས་པས་མེ་མོ་གླང་གི་ལོ། ནག་པ་ཟླ་བའི་ཚེས་བཅུ་གཅིག་གི་ཉིན་པར་ཆུ་མིག་དཔལ་གྱི་བདེ་ཆེན་དུ་མྱུར་དུ་བྲིས་པའི་ཡི་གེ་པ་ནི་ཨ་ཙ་ར་ཞེས་བྱ་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

2 Comments

  1. ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོས་སྨྲས་པ། བཙུན་པ་ཤཱ་རིའི་བུ། གལ་ཏེ་བདག་གི་རྫུ་འཕྲུལ་ཆེ་བར་གྱུར་ན། དེ་བས་ཀྱང་ཆེས་མྱུར་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ནོར་བུ་འདི་བཞེས་པ་ནི་དེ་ལྟ་མ་ཡིན་ནོ། ཞེས་གསུང་བར་གཞིགས་ན། དམ་པའི་ཆོས་པད་མ་དཀར་པོའི་མདོ་འདི་ལ་གསན་ཞིང་། ཤེས་ནས་དད་པ་ཐོབ་པར་གྱུར་བས། ཀླུ་ནི། དུད་འགྲོ་ཡིན་ཡང་དམ་ཆོས་པད་དཀར་ཐོས་པ་དོན་ལྡན་འདི་ཐོས་པས་གོང་གི་ཡོན་ཏན་དེ་དག་དང་ལྡན་པར་གྱུར་ཞིང་། མྱུར་དུ་དྲི་མ་མེད་པའི་ཞིང་ཁམས་སུ་སངས་རྒྱས་པའི་ཚུལ་བསྟན་པར་ཡིད་ཆེས་ཐུབ་ལ། དེ་ནི་དམ་ཆོས་པད་དཀར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སམ་ཡོན་ཏན་བླ་ན་མེད་པ་དེ་མཚོན་པར་ངེས་སོ།།

Leave a Reply

Your email address will not be published.


*