བུ་མོ་རིན་ཆེན་གྱིས་ཞུས་པའི་མདོའི་དོན་ཡང་དག་པར་བསྡུས་པ།

༼བ༽

༄༅། །བུ་མོ་རིན་ཆེན་གྱིས་ཞུས་པའི་མདོའི་དོན་ཡང་དག་པར་བསྡུས་པ་ཞེས་བྱ་བ་བཞུགས།།

༄༅། །ཐེག་པ་ཆེན་པོའི་མན་ངག་ཡང་དག་པར་བསྡུས་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་བཞུགས་པའི་ཚེ། འཁོར་གྲངས་མེད་པ་འདུས་པའི་ནང་དུ་བུ་མོ་རིན་ཆེན་ཞེས་བྱ་བས་མུ་ཏིག་གི་སེ་མོ་དོ་ཕུལ་ནས། སངས་རྒྱས་ཀྱིས་འདིར་བསྟན་པའི་ཆོས་འདི་བདག་གིས་འཛིན་ཞིང་རྒྱས་པར་བགྱིད་པར་འགྱུར་ན། བདེན་པའི་སྟོབས་དེས་སེ་མོ་དོ་འདི། ཐུབ་པའི་དབུའི་སྟེང་དུ་ཁང་པ་བརྩེགས་པར་གྱུར་ནས། བྱང་ཆུབ་སེམས་དཔའ་འདི་དག་ཐམས་ཅད་ཀྱི་སྔོན་གྱི་སྨོན་ལམ་གྱི་བཀོད་པ་འདི་ལ་སྣང་བར་གྱུར་ཅིག་ཅེས་བརྗོད་ནས་ཕུལ་བ་དང༌། དེ་བཞིན་དུ་གྱུར་པས། བྱང་ཆུབ་སེམས་དཔའ་རྣམས་ངོ་མཚར་དུ་གྱུར་ནས་སངས་རྒྱས་ལ་ཞུས་པ་དང༌། བསྔགས་པ་མཛད་དེ། དེ་ནས་བུ་མོ་རིན་ཆེན་གྱིས་བསྟོད་ནས། ཐོག་མར་བྱང་ཆུབ་སེམས་དཔའི་ཚུལ་ཞུས་ཤིང་གསུངས་པའི་རྗེས་སུ་བུ་མོས་སེམས་བསྐྱེད་པ་རིན་པོ་ཆེ་སུམ་ཅུ་རྩ་གཉིས་སྨྲས་པ་ནི། གཞན་ཕྱིར་ཀུན་མཁྱེན་ཉིད་དུ་སེམས་བསྐྱེད་དང༌། །སངས་རྒྱས་གདུང་འཚོབ་ཆོས་འཛིན་དགེ་འདུན་རྒྱུན། །མི་གཅོད་ཕྱིར་དང་འགྲོ་ལ་བྱམས་ཕྱིར་དང༌། །བརྩེ་དང་སྦྱིན་དང་ཁྲིམས་དང་བཟོད་པ་དང༌། །བརྩོན་དང་བསམ་གཏན་ཉིད་དང་ཤེས་རབ་དང༌། །སེམས་ཅན་སྨིན་དང་ཀུན་ལ་སེམས་སྙོམས་དང༌། །མཐའ་དབུས་མེད་པའི་ལྟ་བ་རྟོགས་པ་དང༌། །ཚོགས་གཉིས་རྫོགས་དང་སངས་རྒྱས་མི་འབྲལ་དང༌། །དམ་ཆོས་ཚོལ་དང་ཆོས་རབ་སྟོན་པ་དང༌། །སློབ་དཔོན་བཀུར་དང་ཉམས་པ་རྗེས་གཟུང་དང༌། །དམན་ལ་བརྙས་མེད་ཀུན་ལ་འདུད་པ་དང༌། །ཐེག་དམན་སྤངས་ནས་ཐེག་མཆོག་ལམ་འགོད་དང༌། །འཁོར་བར་མི་སྐྱོ་འདུ་འཛི་མེད་པ་དང༌། །བདག་གི་བདེ་བ་གཞན་ལ་སྨིན་པ་དང༌། །གྲོལ་ཡང་འདུས་བྱས་ཡོངས་སུ་མི་འདོར་དང༌། །བྱང་ཆུབ་མཆོག་ཆོས་ཡོངས་སུ་བསྒྲུབ་པ་དང༌། །ལྟ་བ་མེད་པས་འགྲོ་ལ་ལྟ་བ་དང༌། ཀུན་མཁྱེན་དོན་དུ་བསྐལ་པར་མི་སྐྱོ་དང༌། །རང་གི་ཕུན་ཚོགས་རློམ་མེད་རྒུད་པ་ལ། །འབྱོར་པ་སྦྱོར་བས་སེམས་རབ་བསྐྱེད་པ་ནི། །རྒྱལ་སྲས་རྣམས་ཀྱི་རིན་ཆེན་ལྟ་བུ་ཡི། །སེམས་བསྐྱེད་སུམ་ཅུ་རྩ་གཉིས་དེ་ཡིས་བཤད། །ཅེས་པ་རྣམས་སོ། །དེ་ནས་ཐུབ་པས་གསུངས་པ། བུ་མོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་དག་གི་སེམས་བསྐྱེད་པ་རིན་པོ་ཆེ་ལ་འཇུག་པ་འདི་ལེགས་པར་སྨྲས་པ་ནི་ལེགས་སོ་ལེགས་སོ། །བུ་མོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་སྐྱེས་བུ་དམ་པ་ཡིན་ཏེ། ཡོན་ཏན་བསྟན་པ་མཐའ་ཡས་སོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་རིན་པོ་ཆེ་དང༌། རང་སངས་རྒྱས་རིན་པོ་ཆེ་ལས། སངས་རྒྱས་རིན་པོ་ཆེ་མི་འབྱུང་གི སངས་རྒྱས་རིན་པོ་ཆེ་ལས། ཉན་ཐོས་དང༌། རང་སངས་རྒྱས་རིན་པོ་ཆེ་འབྱུང་ངོ༌། །བྱང་ཆུབ་ཀྱི་སངས་རྒྱས་རིན་པོ་ཆེ་འབྱུང་ངོ༌། །བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས། སངས་རྒྱས་དང་ཆོས་དང་དགེ་འདུན་རིན་པོ་ཆེ་འབྱུང་ངོ༌། །ཞེས་གསུངས་སོ། །དེ་ནས་ཚིག་འགའ་ཞིག་གི་མཐར་ཤཱ་རིའི་བུས། བུ་མོ་འདིས་གང་གི་ཚེ་གང་ལས་སེམས་བསྐྱེད། ཅེས་ཞུས་པས། གསུངས་པ། བསྐལ་པ་གྲངས་མེད་པའི་ཡང་གྲངས་མེད་པའི་གོང་དུ་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བར་སངས་རྒྱས་རྣམ་པར་གཟིགས། སྐུ་ཚེ་བར་གྱི་བསྐལ་པ་བཅུ་འཚོ་ཞིང་གཞེས་པའི་དྲུང་དུ་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་དག་པ་ཞེས་བྱ་བའི་འཁོར་ལོས་སྒྱུར་བར་གྱུར་ནས། ལོ་བྱེ་བ་སུམ་ཅུ་རྩ་དྲུག་ཏུ་བསྙེན་བཀུར་ནས་སེམས་བསྐྱེད་དོ། །སླར་ཡང་ལོ་བྱེ་བ་ཕྲག་བཅུར་བསྙེན་བཀུར་རོ། །མཐར་རབ་ཏུ་བྱུང་ངོ༌། །དེ་ནས་བརྩམས་ཏེ་སྤྱོད་པ་ལ་ཞུགས་སོ་ཞེས་གསུངས་སོ། །དེ་ནས་རིམ་གྱིས་བུ་མོས་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་གང་ལས་གྲུབ་ཞུས་པས། གསུངས་པ། ཐེག་དམན་ལམ་དམན་སྤངས་ནས་བྱང་ཆུབ་ལམ། །གནས་པ་བརྟེན་པས་གནས་མཁྱེན་སྟོབས་ཐོབ་འགྱུར། །ལས་དང་རྣམ་སྨིན་ལ་རྟོན་གཞན་དག་ཀྱང༌། །རྟོན་དུ་འཇུག་པས་ལམ་མཁྱེན་སྟོབས་ཐོབ་བོ། །དེ་ནི་འཁོར་དུ་སེང་གེའི་སྒྲ་སྒྲོགས་འགྱུར། །དབང་པོ་བརྟགས་ནས་ཆོས་སྟོན་དབང་མཁྱེན་སྟོབས། །ཁམས་ལ་འཇུག་ཅིང་གནས་པས་ཁམས་མཁྱེན་སྟོབས། །མོས་པ་བརྟགས་ནས་སྟོན་པས་མོས་པ་མཁྱེན། །ཐེག་པ་ཀུན་བསླབས་བསྟན་པས་ཀུན་འགྲོ་མཁྱེན། །བསམ་གཏན་ཏིང་འཛིན་ལྷུར་ལེན་ངེས་བརྟགས་པས། །དུལ་ཞིང་ཅང་ཤེས་གྱུར་པས་དགོངས་པ་མཁྱེན། །དགེ་བ་ཆུད་མི་གསོན་ཞིང་བག་ཡོད་ལ། །དམ་བཅས་བརྟན་པས་བདག་དང་གཞན་དག་གི །སྔོན་གནས་རྗེས་སུ་དྲན་པའི་སྟོབས་ཐོབ་བོ། །སེམས་ཅན་སྤ་མི་བཀོང་ཞིང་མི་ཤེས་པའི། །ཆོས་ལ་དབང་ཟ་མི་བྱེད་སྣང་བྱེད་པས། །ལྷ་མིག་དག་པས་འཆི་འཕོ་སྐྱེ་བ་མཁྱེན། །ཟག་པ་སྤངས་ཕྱིར་ཆོས་དང་ལམ་བསྟན་པས། །ཟག་པ་ཟད་མཁྱེན་སྟོབས་ནི་ཐོབ་པར་འགྱུར། །ཞེས་པས་སྟོབས་བཅུའོ། །མི་འཇིགས་པ་བཞི་གང་གིས་ཐོབ། ཅེས་ཞུས་པའི་ལན་དུ། ཆོས་ལ་དཔེ་མཁྱུད་མེད་པས་སེམས་ཅན་ལ། །སེམས་སྙོམས་བདོག་པ་ཀུན་གཏོང་མཉམ་ཉིད་ཐོབ། །ཐ་དད་འདུ་ཤེས་བྲལ་བས་འཁོར་དུ་ནི། །བྱང་ཆུབ་རྟོགས་པ་དམ་འཆའ་ལ་མི་འཇིགས། །གང་གིས་བར་ཆད་འགྱུར་ཞེས་རང་དང་གཞན། །མི་འཇུག་པ་ཡིས་གེགས་སྟོན་འཇིགས་པ་མེད། །དཀར་པོའི་ཆོས་ལ་མོས་ཤིང་རྣམ་བྱང་གིས། །ལམ་ལ་བཞུགས་བསྟན་པས་ངེས་འབྱུང་གི །ལམ་སྟོན་པ་ལ་འཇིགས་མེད་གསུམ་པའོ། །བདག་གིས་ཤེས་ཀྱི་གཞན་གྱིས་མི་ཤེས་ཞེས། །ང་རྒྱལ་མེད་ཅིང་སྡིག་མེད་སྦྱངས་པ་ཡིས། །སྤངས་ཐོབ་སྟོན་ལ་མི་འཇིགས་བཞི་པ་ཐོབ། །ཅེས་པ་སྟེ་མི་འཇིགས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་གིས་ཐོབ་ཅེས་ཞུས་པའི་ལན་དུ། ལམ་སྟོན་ལམ་ཆོས་མཚན་མོ་མར་མེ་འབུལ། །འགྱོད་དང་ཉེས་སེལ་ཐེ་ཚོམ་གཅོད་པ་དང༌། །སྣང་བྱེད་མི་སྨོད་ངེས་ཚིག་དབང་མི་ཟ། །དེ་ཡིས་ཀུན་ཏུ་སྣང་བའི་ཏིང་འཛིན་དང༌། །སྒྲ་སྐད་ཀུན་ལ་འཇུག་པའི་གཟུངས་ཐོབ་པས། །འཁྲུལ་བ་མེད་པར་ཆོས་སྟོན་དང་པོའོ། །ཚིག་སྐྱོན་བྱུང་རྒྱལ་མུ་ཅོར་སྨྲ་བ་སྤངས། །བདེན་སྨྲ་རྩོད་མེད་ཆོས་ལ་འཇུག་པ་དང༌། །ཡེ་ཤེས་ལྷུན་གྲུབ་ལ་དད་འཛིན་དུ་འཇུག །དེ་ཡི་རྣམ་འཕྲུལ་རྒྱལ་པོའི་ཏིང་འཛིན་དང༌། །སྒོ་མཐའ་ཡས་པའི་གཟུངས་མཁས་འབད་མེད་པས། །ཅ་ཅོ་མེད་པར་ཀུན་ནས་ཆོས་སྟོན་ཏོ། །རྗེས་དྲན་དྲུག་དྲན་དྲན་དུ་འཇུག་པ་དང༌། །ཆོས་རྣམས་ཐམས་ཅད་དབང་བསྒྱུར་ཏིང་འཛིན་དང༌། །ཆོས་ཀྱི་སྒྲོན་མའི་གཟུངས་མཁས་བསྙེལ་བ་མེད། །སེམས་ཅན་སེམས་བསྲུང་དགེ་བའི་བར་མི་གཅོད། །ཆོས་ཀུན་སྒྱུ་མར་མོས་ཤིང་རློམ་སེམས་མེད། །མཉམ་ཉིད་ཆོས་དབྱིངས་འདྲེ་བ་མེད་པར་བཞུགས། །དེ་ཡི་ཆོས་ཀུན་རང་བཞིན་མཉམ་པ་ཉིད། །རྣམ་པར་སྤྲོས་པ་མེད་པའི་ཏིང་ངེ་འཛིན་དང༌། །ཀུན་ནས་འཁྱིལ་བའི་གཟུངས་ཀྱི་སྒོ་མཁས་པས། །མཛད་པ་ལྷུན་གྲུབ་མཉམ་གཞག་བཞི་པའོ། །སེམས་དང་ལྟ་བ་ཕྱིན་ཅི་ལོག་མེད་དང༌། །སྒྲོ་འདོགས་པ་དང་བདག་ཏུ་འདུ་ཤེས་མེད། །སེམས་ཅན་སྲོག་གསོ་གང་ཟག་ཤེད་ལས་སྐྱེས། །ཤེད་བུ་རྟག་ཆད་འབྱུང་འཇིག་དགེ་མི་དགེ །ཁ་ན་མ་ཐོ་ཟག་བཅས་ཟག་མེད་དང༌། །འཇིག་རྟེན་འཇིག་རྟེན་འདས་དང་ཉོན་མོངས་དང༌། །རྣམ་བྱང་ཐ་དད་འདུ་ཤེས་མེད་གོམས་ཤིང༌། །དེར་བཞུགས་པ་ཡི་མཚན་མ་མེད་པ་དང༌། །མི་ཟད་ཟ་མ་ཏོག་གི་གཟུངས་མཁས་པས། །ཐ་དད་འདུ་ཤེས་མེད་ཆོས་ལྔ་པ་ཡིན། །བདེ་དང་སྡུག་བསྔལ་འབྱོར་དང་ཉམས་པ་དང༌། །བདག་གཞན་སྲིད་ཞི་མཉམ་པ་ཉིད་རྟོགས་ཤིང༌། །གཞན་ཡང་དེར་འཇུག་པ་དང་གཉིས་ལ་ནི། །ཆགས་ལས་རྣམ་གྲོལ་ཏིང་འཛིན་བསྒོམ་པ་དང༌། །རྒྱ་མཚོ་ཕྱག་རྒྱའི་གཟུངས་ལ་མཁས་པ་ཡིས། །མ་བརྟགས་བཏང་སྙོམས་མེད་པ་དྲུག་པའོ། །ཟབ་དང་རྒྱ་ཆེའི་དགེ་བ་ཚོལ་བར་ངེས། །ཉན་ཐོས་རང་རྒྱལ་ས་སྤང་ཐེག་ཆེན་ལས། །མི་ལྡོག་སེམས་ཅན་མི་འདོར་གཞན་དག་གི །དྲིང་ལ་མི་འཇོག་མོས་དང་མོས་པ་ཡིས། །འདུ་བྱེད་ཏིང་འཛིན་རྡོ་རྗེ་རྒྱལ་མཚན་གྱི། །གཟུངས་ལ་མཁས་པས་སྟོན་དང་མཛད་པ་ལ། །སྐད་ཅིག་དུས་མི་འདའ་བའང་མཉམ་གཞག་ལས། །མི་གཡོ་འདུན་པ་ཉམས་མེད་བདུན་པའོ། །བསམ་དང་སྦྱོར་བས་སངས་རྒྱས་སེམས་དཔའ་དང༌། །བླ་མ་བསྟེན་དང་ཡོངས་འདྲི་བསྙེན་བཀུར་དང༌། །སེམས་ཅན་སྨིན་དང་སངས་རྒྱས་ཞིང་སྦྱོང་དང༌། །ཆོས་འཛིན་པ་དང་མངོན་པར་བྱང་ཆུབ་ཕྱིར། །སྟོན་དང་འཁྲུལ་པའི་བརྩོན་འགྲུས་བརྩམ་པ་དང༌། །བརྩོན་འགྲུས་འདུ་བྱེད་ཏིང་འཛིན་བསྒོམ་པ་དང༌། །རྫུ་འཕྲུལ་དམ་པའི་ཆོ་འཕྲུལ་ཐོབ་པ་ཡི། །བརྩོན་འགྲུས་ཉམས་མེད་འདི་ནི་བརྒྱད་པའོ། །འཇིག་རྟེན་འཇིག་རྟེན་འདས་པའི་ཆོས་དྲན་པ། །གང་གི་ལུས་ཚོར་ཆོས་སེམས་མི་དམིགས་དང༌། །མི་རྟག་སྡུག་བསྔལ་བདག་མེད་མི་སྡུག་པར། །དྲན་ཡང་མཚན་བདེའི་ལུས་བསྒྲུབ་གཞན་དག་གི །སྡུག་བསྔལ་ཚོར་བ་ཞི་ཕྱིར་སྙིང་རྗེ་དང༌། །བྱང་སེམས་བདག་ཉིད་མཐའ་དབུས་མེད་པ་ཡི། །ཆོས་ལ་འཇུག་པའི་དྲན་པ་དམ་པ་དང༌། །སྤོང་བའི་འདུ་བྱེད་ལྡན་པའི་ཏིང་འཛིན་དང༌། །ཀུན་བརྗོད་པ་ཡི་ཆོ་འཕྲུལ་དམ་པ་ཡིས། །དྲན་པ་ཉམས་པ་མེད་པར་ལུང་སྟོན་པ། །འདི་ནི་རྒྱལ་བའི་མ་འདྲེས་དགུ་པའོ། །རྒྱ་ཆེན་རྣོ་དང་ཟབ་པའི་ཤེས་རབ་དང༌། །ཟིལ་གྱིས་མི་གནོན་ཉན་ཐོས་རང་རྒྱལ་གྱི། །མི་དཔོགས་ལྷག་དང་གཞན་གྱི་དྲིང་མི་འཇོག །ཐོས་པས་མི་ངོམས་ཆོས་ཚོལ་ཤེས་རབ་ཀྱིས། །བླ་མ་བཀུར་བྱེད་མཆོད་ཕྱིར་ཀུན་གཏོང་བ། །སངས་རྒྱས་འཁོར་དང་བཅས་པས་གསལ་བྱས་ཤིང༌། །སྤྱོད་པའི་འདུ་བྱེད་ཏིང་འཛིན་བསྒོམས་པ་དང༌། །རྗེས་སུ་བསྟན་པའི་ཆོ་འཕྲུལ་དམ་པ་ཡིས། །ཤེས་རབ་ཉམས་མེད་མ་འདྲེས་བཅུ་པའོ། །འདུ་འཛི་སྤངས་ཤིང་དབེན་དང་རྣལ་འབྱོར་གཞོལ། །རྣམ་ཐར་གསུམ་གྱི་སྒྲིབ་མེད་རྣམ་ཐར་བསྐྱེད། །ཤེས་རབ་དང་ལྡན་བདུད་ཀྱི་ཡུལ་ལས་འདས། །ཡེ་ཤེས་ཡུལ་རྫོགས་བྱེད་ཅིང་སྒྲིབ་པ་སྤང༌། །ཟབ་མོའི་ཆོས་སྟོན་རྟོན་པ་བཞི་དང་ལྡན། །ལྟ་དང་ཉོན་མོངས་མི་མཐུན་ཕྱོགས་ཀུན་སྤང༌། །དྲི་མེད་སྙིང་པོའི་ཏིང་འཛིན་བསྒོམས་པ་དང༌། །ཆོས་ཀུན་སྣང་ལྡན་གཟུངས་ལ་མཁས་པ་ཡིས། །རྣམ་གྲོལ་ཉམས་པ་མེད་པ་བཅུ་གཅིག་པ། །ཡེ་ཤེས་རྣམ་དག་ཉམས་མེད་སྦྱངས་པ་ལས། །བྱུང་བས་ཡུལ་གང་ཉོན་མོངས་བཅས་པ་དང༌། །ཉོན་མོངས་མེད་སོགས་ཁྱད་པར་གང་ལྡན་པ། །ངེས་དང་མ་ངེས་སོ་སོའི་སྐྱེ་བོ་དང༌། །འཕགས་པའི་གང་ཟག་རྣམས་དང་བདེན་པ་རྣམས། །ཤེས་བྱ་མངོན་དུ་མི་བྱེད་གཞན་དག་གིས། །ཤེས་ཕྱིར་ཆོས་སྟོན་བསྟན་པ་དེ་ལ་ཡང༌། །གནོད་མེད་ཆོས་དང་མཐུན་པར་ཞུགས་པ་དང༌། །ལུགས་འབྱུང་བཟློག་པའི་རྟེན་འབྲེལ་བཅུ་གཉིས་སོ། །ཤེས་ཤིང་བྱེད་མེད་དུས་གསུམ་མཉམ་ཉིད་དང༌། །བསམ་མེད་དོན་རྣམས་སྟོན་པ་རྒྱལ་བའི་བཀའ། །རྩོད་མེད་འབྱུང་དང་འཇིག་ཚུལ་དང་བཅས་ཤིང༌། །མཐའ་ལྟ་བ་ལས་རྣམ་པར་འདས་པའི་ཚུལ། །ཤེས་ཤིང་དེ་བཞིན་གཞན་ལ་བསྟན་པ་དང༌། །སྟོབས་བཀོད་པ་ཡི་ཏིང་འཛིན་བསྒོམ་པ་དང༌། །མཐའ་ཡས་མཁྱེན་པའི་གཟུངས་ལ་མཁས་པ་ཡིས། །ཇི་སྐད་སྨོས་པའི་མ་འདྲེས་དེ་དག་ལ། །དབང་འབྱོར་རྣམ་གྲོལ་ཡེ་ཤེས་བཅུ་གཉིས་པ། །རྟོགས་པས་བསྡུས་པའི་ཆོས་དྲུག་གོ །ཡེ་ཤེས་དམ་པ་དེ་འདྲ་དབང་བྱས་པ། །གཡོ་སྒྱུས་བསླུ་དང་ཚུལ་འཆོས་ཉིད་དང་ཡང༌། །ཆགས་དང་སྡང་མེད་ཚངས་པར་སྤྱོད་པ་ཡིས། །ལུས་ཀྱིས་བདག་གཞན་དོན་འགྲུབ་བྱེད་པ་དང༌། །གཟུགས་རྣམས་ཀུན་ཏུ་སྟོན་པའི་ཏིང་འཛིན་དང༌། །ཀུན་ནས་སྣང་བའི་གཟུངས་ལ་མཁས་པ་ཡིས། །ཐུབ་པའི་སྐུ་གཟུངས་སྣ་ཚོགས་ཀུན་སྟོན་པ། །ཡེ་ཤེས་རྗེས་འབྲངས་ལུས་ལས་བཅུ་གསུམ་པ། །ཡེ་ཤེས་དབང་གིས་སྒྱུ་སོགས་སྤངས་པའི་ངག །བརྫུན་དང་ཕྲ་མ་རྩུབ་འཁྱལ་རྣམ་པར་སྤངས། །ཕན་དང་རན་དང་ཆོས་ཀྱི་དོན་ལྡན་པས། །བདག་གཞན་དོན་གྲུབ་བྱེད་དང་རིན་པོ་ཆེའི། །འབྱུང་གནས་ཏིང་ངེ་འཛིན་དང་འཁོར་གསུམ་གྱི། །གཟུངས་ལ་མཁས་པས་བརྗོད་མེད་མཚན་ཉིད་ཀྱི། །བརྗོད་པ་ཀུན་སྟོན་ཀུན་ཏུ་འཇུག་པ་ཡིས། །ཡེ་ཤེས་རྗེས་འབྲངས་ངག་ལས་བཅུ་བཞི་པ། །ཡེ་ཤེས་དབང་གིས་སྒྱུ་སོགས་སྤངས་པའི་ཡིད། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བྲལ་ཞིང༌། །ཡང་དག་ལྟ་དང་ཚད་མེད་བཞི་དང་ནི། །བརྗོད་པ་མེད་པའི་བྱང་ཆུབ་སེམས་ལྡན་པའི། །རང་གཞན་ལས་བསྒྲུབ་ད་ལྟར་བྱུང་བ་ཡིས། །སངས་རྒྱས་མངོན་སུམ་བཞུགས་པའི་ཏིང་འཛིན་དང༌། །བརྣབ་སེམས་རྙོག་པ་མེད་པའི་གཟུངས་མཁས་པའི། །སྤྲོས་པ་མེད་པར་འགྲོ་བའི་ཡིད་ཤེས་ཤིང༌། །མཉམ་པ་ཉིད་དུ་འཇུག་པའི་ཡེ་ཤེས་ཀྱི། །རྗེས་སུ་འབྲང་བའི་ཡིད་ལས་བཅོ་ལྔ་པ། །ཕྲིན་ལས་ཀྱིས་བསྡུས་པའི་ཆོས་གསུམ་མོ། །འདས་པའི་དེ་བཞིན་གཤེགས་རྣམས་ཡེ་ཤེས་ཀྱི། །ཆགས་མེད་བརྙེས་པ་ཡིད་གཉིས་མེད་པ་ཡི། །དེ་ཡིས་སྐུ་གསུང་ཐུགས་ཀྱི་མཛད་པ་ཡི། །ལྷུན་གྲུབ་དོན་ཀུན་བསྒྲུབ་ལ་མི་སྐྲག་དང༌། །རང་ཡང་དེར་མོས་གཞན་དག་དེར་འཇུག་དང༌། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་ནི། །གཟི་བརྗིད་ལྡན་པའི་གཟུངས་ལ་མཁས་པ་ཡིས། །འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི། །ཡེ་ཤེས་གཟིགས་པར་འཇུག་པ་བཅུ་དྲུག་པའོ། །མ་འོངས་དུས་ཀྱི་རྒྱལ་བའང་དེ་ལྟ་བུར། །ངེས་པར་ཤེས་ཤིང་རང་ཡང་དེར་མོས་དང༌། །གཞན་འཇུག་བྱེད་དང་སྨོན་ལམ་ཡང་དག་པར། །འཕགས་པའི་ཏིང་འཛིན་སེང་གེ་རྣམ་བསྒྱིངས་པའི། གཟུངས་ལ་མཁས་པས་མ་འོངས་དུས་ཀུན་ལ། །མ་ཆགས་ཡེ་ཤེས་བཅུ་བདུན་བརྙེས་པར་འགྱུར། །དེ་ལྟར་ཞུགས་པའི་རྒྱལ་བའང་དེ་ལྟ་བུར། །ཤེས་ཤིང་བདག་མོས་གཞན་ཡང་དེར་འཇུག་དང༌། །ཤིན་ཏུ་དཀར་བ་དྲི་མེད་ཕྱག་རྒྱ་ཡིས། །ཏིང་ངེ་འཛིན་དང་རྡོ་རྗེའི་དཀྱིལ་འཁོར་གྱི། །གཟུངས་ལ་མཁས་པས་ད་ལྟར་དུས་དག་ལ། །མ་ཐོགས་མ་ཆགས་ཡེ་ཤེས་གཟིགས་པ་གང༌། །འཇུག་པར་འགྱུར་འདི་མ་འདྲེས་བཅོ་བརྒྱད་པ། །དེ་ནས་བུ་མོ་རིན་ཆེན་གྱིས་སྔོན་དག་པ་གང་ལ་ཞུགས་ནས་དེ་བཞིན་གཤེགས་པའི་མཚན་སུམ་ཅུ་རྩ་གཉིས་མངོན་པར་འགྲུབ་ཅེས་པའི་ལན་དུ། དམ་བཅའ་བརྟན་པས་ཞབས་མཉམ་པ། །སྣ་ཚོགས་བྱིན་པས་འཁོར་ལོའི་མཚན། །ཁྱད་དུ་མ་བསང་རྟིང་པ་ཡངས། །འགྲོ་ཀུན་ཆོས་ཀྱིས་བསྐྱབས་པ་ཡིས། །སོར་མོ་རིང་དང་གཞན་བསྡུམས་པས། །ཕྱག་ཞབས་དྲ་བས་འབྲེལ་པ་དང༌། །གོས་བྱིན་པ་ཡིས་གཞོན་ཤ་ཅན། །བཟའ་བཏུང་བྱིན་པས་བདུན་མཐོ་བ། །ཆོས་བཟུང་བ་ཡིས་ཨེ་ནྱའི་བྱིན། །གསང་ཚིག་སྦས་ཤིང་འཁྲིག་པའི་ཆོས། །སྤངས་པས་སྦ་བ་སྦུབས་སུ་ནུབ། །རྒྱ་ཆེན་དགེ་བས་སེང་གེའི་སྟོད། །དགེ་བ་ཡང་དག་སྤྱད་པ་ཡིས། །ཐལ་གོང་རབ་རྒྱས་འཇིགས་པ་ལས། །དབུགས་ཕྱུང་བ་ཡིས་དཔུང་མགོ་ཟླུམ། །གཞན་གྱི་དོན་བསྒྲུབས་ཕྱག་རིང་དང༌། །དགེ་བཅུས་མི་ངོམས་སྐུ་རྣམ་དག །ནད་པ་རྣམས་ལ་སྨན་བྱིན་པས། །མགྲིན་པ་དྲི་མེད་དུང་ལྟ་བུ། །དགེ་བའི་སྦྱོར་ཚོགས་སེང་གེའི་འགྲམ། །སེམས་ཅན་སེམས་མཉམ་ཚེམས་བཞི་བཅུ། །མི་མཐུན་མཐུན་བྱས་ཚེམས་ཐགས་བཟང༌། །ཡིད་འོང་བྱིན་པས་མཉམ་པའི་ཚེམས། །སྒོ་གསུམ་བསྲུངས་པས་མཆེ་བ་དཀར། །བདེན་པར་སྨྲས་པས་ལྗགས་རིང་དང༌། །ཐགས་བཟང་བྱིན་པས་རོ་བྲོའི་མཆོག །ཚིག་སྡོམ་སྙན་པར་སྨྲས་པ་ཡིས། །ཚངས་དབྱངས་ཀ་ལ་པིངྒའི་དབྱངས། །བྱམས་པས་གཞན་དོན་མཐོན་མཐིང་སྤྱན། །སྒྱུ་མེད་བ་ཡི་རྫི་མ་དང༌། །བསྔགས་འོས་བསྔགས་པས་མཛོད་སྤུ་དཀར། །བླ་མར་གུས་པས་གཙུག་ཏོར་མཆོག །སེམས་ལས་རུང་བས་པགས་པ་བསྲབ། །མལ་སྟན་བྱིན་པས་གསེར་མདོག་དང༌། །འདུ་འཛི་སྤངས་པས་མཛོད་སྤུ་མཛེས། །གདམས་པ་རྗེས་སུ་མཐུན་བཟུང་པས། །བ་སྤུའི་རྩེ་མོ་གཡས་སུ་འཁྱིལ། །བརྡེག་བཙོག་སྤངས་པས་དབུ་སྐྲ་མཐིང༌། །གཞན་དག་ཏིང་འཛིན་ལ་སྦྱར་བས། །ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །སྐུ་གཟུགས་མཆོད་རྟེན་བཅོས་པ་དང༌། །འཇིགས་ལས་གཞན་དག་དབུགས་ཕྱུང་དང༌། །ཉམས་ཆུང་བདེ་ལ་བཀོད་པ་ཡིས། །སྟོབས་པོ་ཆེ་ཡི་མཆོག་ཏུ་འགྱུར། །དེ་ནས་བུ་མོས་ཡོན་ཏན་དེ་དག་བསྒྲུབ་པ་ཐུན་མོང་གི་རྒྱུ་བྱང་ཆུབ་སེམས་དཔའི་ཆོས་དང་ཆོས་སྤྱོད་པའི་ཚུལ་ཞུས་ཤིང་རྒྱས་པར་གསུངས་ཏེ། བསྡུ་བའི་སྐབས་སུ་བུ་མོ་བྱང་ཆུབ་སེམས་དཔའ་གང་འདི་ལྟ་བུར་ཆོས་ཐམས་ཅད་ཁོང་དུ་ཆུད་ནས། སེམས་ཅན་གཞན་དག་འདུལ་བའི་ཕྱིར། འཁོར་བ་ནའང་སྤྱོད་པ། མྱ་ངན་ལས་འདས་པའི་ཆོས་ཉིད་ལས་ཀྱང་མི་གཡོ་བ་འདི་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་པའི་ཕུལ་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་ཤཱ་རིའི་བུས་དྲིས་པའི་ལན་དུ། བུ་མོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རྒྱས་འདེབས་པ། ཕྱིར་མི་ལྡོག་པའི་ཕྱག་རྒྱ་བཤད་ནས། ལམ་དང་འབྲས་བུ་ཐུན་མོང་གི་ཚུལ་རྟོགས་པར་བྱ་བའི་ཕྱིར། བུ་མོས་ཅིའི་སླད་དུ། ཐེག་པ་འདི་ནི་ཐེག་པ་ཆེན་པོ་ཞེས་བགྱི། ཞེས་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་ཐེག་པ་འདི་ནི་སེམས་ཅན་ཐམས་ཅད་ལ་སྐབས་འབྱེད་པ་རྒྱ་ཆེ་བའོ། །ཞེས་བྱ་བ་ལ་སོགས་པ་ཆེ་བའི་ཚུལ་ལྔ་བཅུ་རྩ་དྲུག་གིས་ཐེག་པ་ཆེན་པོའི་ཆོས་ཀྱི་ཆེ་བ་གསུངས་ནས། སླར་ཡང་བུ་མོ་རིན་ཆེན་གྱིས་ཐེག་པ་ཆེན་པོ་ལ་བར་དུ་གཅོད་པར་འགྱུར་བའི་ཆོས་དུ་མཆིས་ཞེས་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུམ་ཅུ་རྩ་གཉིས་གསུངས་པ་ནི་འདི་ལྟ་སྟེ། ཉན་ཐོས་རང་རྒྱལ་བརྒྱ་བྱིན་སོགས་འདོད་དང༌། །སྐྱེ་ལ་གནས་འདུན་ཚངས་པར་སྤྱོད་པ་དང༌། །དགེ་བའི་རྩ་བའི་ཚུལ་གཅིག་ལ་ཆགས་དང༌། །ལོངས་སྤྱོད་ཆགས་དང་སེམས་ཅན་མཉམ་མི་སྦྱིན། །ཚུལ་ཁྲིམས་ལྷོད་དང་བྱང་སེམས་མི་བསྲུང་དང༌། །གནོད་སེམས་ཁོང་ཁྲོའི་བག་ཆགས་ཀྱིས་བསྒོས་དང༌། །ཞུམ་དང་བརྗེད་ངས་ཐོབ་པ་དོན་མི་གཉེར། །སྤྱོད་པ་མེད་དང་འཕགས་མིན་ཚུལ་གནས་དང༌། །ང་རྒྱལ་ལས་ཀྱང་ང་རྒྱལ་འཕེལ་བ་དང༌། །ལུས་ངག་སེམས་ལས་ཡོངས་སུ་མ་དག་དང༌། །དམ་ཆོས་མི་བསྲུང་དཔེ་མཁྱུད་བྱེད་པ་དང༌། །བསྡུ་དངོས་འདོར་དང་དགར་འགྱུར་ཆོས་གཏོང་དང༌། །སྡིག་གྲོགས་བརྟེན་དང་བྱང་ཆུབ་མི་བསྔོ་དང༌། །དགེ་བ་ཆུང་ངུས་རློམ་སེམས་བྱེད་པ་དང༌། །ཐབས་མེད་བློ་དང་དཀོན་མཆོག་མི་བསྔགས་དང༌། །བྱང་ཆུབ་སེམས་དཔའ་ལ་ནི་གནོད་སེམས་དང༌། །མ་ཐོས་ཆོས་སྤང་བདུད་ལས་མི་ཤེས་དང༌། །རྒྱང་འཕེན་པ་ཡི་གསང་ཚིག་འཛིན་པ་དང༌། །སེམས་ཅན་སྨིན་པར་མི་བྱེད་འཁོར་བ་ཡི། །ཡོངས་སུ་སྐྱོ་བ་འདི་ནི་སུམ་ཅུ་གཉིས། །ཞེས་གསུངས་ནས། བར་དུ་གཅོད་པ་དེ་དག་སེལ་བར་བྱེད་པ་ཐེག་པ་ཆེན་པོ་རྣམ་པར་དག་པར་འགྱུར་བའི་ཆོས་ཀྱང་སུམ་ཅུ་རྩ་གཉིས་གསུངས་པ། འདི་ལྟ་སྟེ། གསོལ་བ་མ་བཏབ་སེམས་ཅན་བཤེས་འགྱུར་དང༌། །འཇིག་རྟེན་འདུ་འཛི་བྱེད་ལ་དགའ་མེད་དང༌། །དགེ་བའི་ཚོགས་ལ་བསམ་པ་བརྟན་པ་དང༌། །ཞུམ་པ་མེད་དང་རྙོག་པ་མེད་སེམས་དང༌། །སྤྱོད་ལམ་རྣམ་མི་རྟོག་པས་ལུས་དག་དང༌། །ཇི་སྐད་སྨྲས་བཞིན་བྱེད་པས་ངག་དག་དང༌། །བྱང་ཆུབ་སེམས་མི་ཡོད་རབས་སེམས་དག་དང༌། །ལན་ལ་མི་རེ་བ་ཡི་སྦྱིན་པ་དག །བསླབ་པ་འཆལ་པ་སྐྱོབ་པས་ཚུལ་ཁྲིམས་དག །ལུས་སྲོག་མི་ལྟ་བ་ཡི་བཟོད་པ་དག །མི་འཇིགས་སྟོབས་རྫོགས་བྱེད་པས་བརྩོན་འགྲུས་དག །ཉོན་མོངས་ཟིལ་གྱིས་གནོན་པས་བསམ་གཏན་དག །བག་ཆགས་ཡང་དག་འཇོམས་པས་ཤེས་རབ་དག །བདུད་ལས་ཡོངས་སུ་སྤངས་པས་སེམས་པ་དང༌། །ཁ་འོག་ལུས་འགྲུབ་བྱེད་པས་ཡི་དམ་བརྟན། །འགྲོ་སྨིན་བྱེད་པས་བསྡུ་དངོས་མི་འདོར་དང༌། །དམ་ཆོས་བསྲུངས་པས་ཐུབ་ལ་བྱས་པ་གཟོ། །བྱང་ཆུབ་ཆོས་རྫོགས་བྱེད་པས་མི་སྐྱོ་དང༌། །ཤེས་རབ་ཟབ་མོ་ཡོངས་སུ་རྫོགས་བྱེད་པས། །ཐོས་པས་མི་ངོམས་པ་དང་གོང་མའི་ཚུལ། །ཤེས་པས་རང་གི་གནས་ལ་མི་ཆགས་དང༌། །གཙུག་ཏོར་བལྟར་མི་མཐོང་བར་བྱ་བའི་ཕྱིར། །ང་རྒྱལ་མེད་པའི་སེམས་ཀྱིས་ཉན་པ་དང༌། །རྒྱུ་རྐྱེན་ཤེས་པས་ཆོས་དང་འགལ་མེད་དང༌། །ནོར་བདུན་ཐོབ་ཕྱིར་དབུལ་བ་མེད་པ་དང༌། །རང་དབང་ཐོབ་པས་གཞན་དབང་མ་གྱུར་དང༌། །ཚོགས་ཀྱི་བསྒྲུབ་པས་ཉོན་མོངས་ཞི་བྱེད་པས། །དེ་བཞིན་གཤེགས་པའི་རིག་པ་བསྒྲུབ་པ་ཡིས། །ཞི་གནས་ཚོགས་དང་རྣམ་གྲོལ་བསྒྲུབ་པ་ཡིས། །ལྷག་མཐོང་ཚོགས་དང་སྒོ་གསུམ་བསྒོམ་པ་ཡིས། །རྣམ་པར་ཐར་པའི་སྒོ་མོ་འབྱེད་པ་དང༌། །སེམས་ཅན་ཇི་སྙེད་པ་ཡི་ཁོང་ཆུད་པས། །ནད་ཞི་བ་དང་མི་སྐྱེ་ཆོས་བཟོད་པས། །ཟད་དང་སྐྱེ་བ་མེད་པ་ཤེས་པ་དང༌། །ཆོས་ལ་ནན་ཏན་ལྷུར་བྱེད་ལུང་སྟོན་པ། །འདི་དག་རྣམ་པར་དག་བྱེད་སུམ་ཅུ་གཉིས། །ཞེས་གསུངས་ནས་མཐར་བརྒྱ་བྱིན་ལ་སོགས་པ་ལ་ཡོངས་སུ་གཏད་དེ། འཁོར་གྱི་དཀྱིལ་འཁོར་ཡང་རྗེས་སུ་ཡི་རང་ངོ༌། །དེ་ལྟར་ཐེག་པ་ཆེན་པོའི་མན་ངག་གི །མདོ་སྡེ་བསྡུས་ཏེ་བཤད་པའི་དགེ་བ་ཡིས། །འགྲོ་ཀུན་ཐེག་པ་ཆེན་པོའི་ལམ་ཞུགས་ནས། །ཐེག་ཆེན་འབྲས་བུའི་དཔལ་གྱིས་འབྱོར་གྱུར་ཅིག །ཐེག་པ་ཆེན་པོའི་མན་ངག་ཅེས་བྱ་བ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོའི་དོན་ཡང་དག་པར་བསྡུས་པ་འཕགས་པས་དཔལ་ས་སྐྱར་མེ་མོ་གླང་གི་ལོ། དབྱར་ཟླ་འབྲིང་པོ་ལ་མྱུར་དུ་བྲིས་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*