སྙིང་པོའི་སྡོམ།

༼བ༽

༄༅། །སྙིང་པོའི་སྡོམ་ཞེས་བྱ་བ་བཞུགས།།

༄༅། །སྙིང་པོའི་སྡོམ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྙིང་པོ་ཡོངས་སུ་སྦྱང་བ་གང་ཞིག་གིས། །སྙིང་པོ་མངོན་དུ་མཛད་ལ་ཕྱག་འཚལ་ནས། །སྙིང་པོ་སྟོན་པར་བྱེད་པ་མདོ་སྡེའི་སྡོམ། །སྙིང་པོ་གསལ་བར་བྱ་ཕྱིར་བདག་གིས་བཤད། །དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པོའི་མདོ་སྡེ་ལ་མངོན་སུམ། གླེང་གཞི་ཕུན་སུམ་ཚོགས་པའི་སྒོ་ནས་ཆོས་ཇི་ལྟར་བྱུང་བའི་ཚུལ། གང་གསུངས་པའི་ཆོས་ཕུན་སུམ་ཚོགས་པ་དངོས། མཇུག་འཁོར་གྱི་དཀྱིལ་འཁོར་རྗེས་སུ་ཡི་རང་བས་གཞུང་རྫོགས་པར་བསྟན་པའོ། །གཉིས་པ་ལ་གཉིས། གང་གིས་ཇི་ལྟར་གླེང་བསླང་བ་དང༌། གླེང་བའི་ཆོས་དངོས་སོ། །དང་པོ་ལ་གཉིས། སྟོན་པས་གླེང་བསླང་བ་དང༌། འཁོར་གྱིས་གླེང་བསླང་བའོ། །དང་པོ་ལ་གཉིས། ཆོས་གསུངས་པའི་དོན་དུ་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དང༌། ཞུ་བ་པོའི་སྤྲོ་བ་བསྐྱེད་པའོ། །དེ་ལ་གཉིས། གང་ལ་སྤོངས་བ་བསྐྱེད་པར་བྱ་བའི་ཡུལ་ངོས་གཟུང་བ་དང༌། གང་གིས་ཇི་ལྟར་སྤོབས་པ་བསྐྱེད་པའོ། །འཁོར་གྱིས་གླེང་བསླང་བ་ལ་གཉིས། འཁོར་གྱི་ཐེ་ཚོམ་བསལ་བའི་ཕྱིར་རྫུ་འཕྲུལ་སྟོན་པའི་རྒྱུ་མཚན་ཞུ་བ་དངོས་དང༌། དེ་ཉིད་ཚིགས་སུ་བཅད་པའི་དབྱངས་ཀྱིས་བཟླས་ཏེ་ཞུས་པའོ། །གཉིས་པ་གླེང་བའི་ཆོས་དངོས་ལ་གཉིས། བཤད་པར་དམ་བཅའ་ཞིང་མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་གཉིས། འཁོར་རྣམས་གུས་པས་ཉན་པའི་ཚུལ་དང༌། སྟོན་པས་ཇི་ལྟར་གསུངས་པའི་ཆོས་སོ། །དེ་ལ་གཉིས། སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་ཀྱང་མི་མཐོང་བས་དཔེ་དགུ་བསྟན་པ་དང༌། ཆོས་ཉིད་ལ་མོས་པ་དང༌། བཟུང་བའི་ཡོན་ཏན་བསྟན་པའོ། །དང་པོ་ལ་བཞི། སོ་སོ་སྐྱེ་བོ་ལ་གཞི་སྨྲས་པའི་དཔེ། ཉན་ཐོས་ལ་སྒྲིབ་པའི་དཔེ། སློབ་པ་ལ་སྒྲིབ་པའི་དཔེ། བྱང་ཆུབ་སེམས་དཔའ་ལ་སྒྲིབ་པའི་དཔེའོ། །དང་པོ་ལ་བཞི། འདོད་ཆགས་ཀྱི་བག་ལ་ཉལ་པདྨའི་འདབ་མ་དང༌། ཞེ་སྡང་གི་བག་ལ་ཉལ་བུང་བ་དང༌། གཏི་མུག་གི་བག་ལ་ཉལ་སྦྲང་བུ་དང་འདྲ་ལ་ཉོན་མོངས་པའི་ཀུན་ནས་ལྡང་བ་མི་གཙང་བ་དང་འདྲ་བའོ། །གསུམ་པ་ལ་གཉིས། མཐོང་སྤང་གི་སྒྲིབ་པས་ས་བོན་གྱི་ཤུན་པ་དང་འདྲ་བའོ། །སྒོམ་སྤང་གི་དྲི་མ་གོས་རྡུལ་དང་འདྲ་བའོ། །བཞི་པ་ལ་གཉིས། མ་དག་པའི་ས་བདུན་ལ་བརྟེན་པའི་སྒྲིབ་པ་མངལ་གྱི་དྲི་མ་དང་འདྲ་བ་དང༌། དག་པའི་ས་གསུམ་ལ་བརྟེན་པའི་སྒྲིབ་པ་འཇིམ་པ་དང་འདྲ་བའོ། །དོན་གཉིས་པ་ཆོས་འདི་ལ་མོས་ཤིང་འཛིན་པའི་ཕན་ཡོན་ལ་གསུམ། བསོད་ནམས་རྒྱ་ཆེ་བར་བསྐྱེད་པ། ཚེགས་ཆུང་ངུས་འཚང་རྒྱ་བར་འགྱུར་ལ། ལས་དང་པོ་པས་ཇི་ལྟར་བསྒོམ་པའི་ཚུལ་ཕན་ཡོན་དང་བཅས་པ་བསྟན་པའོ། །དང་པོ་ལ་གཉིས། བསོད་ནམས་ཇི་ཙམ་འཕེལ་བར་འགྱུར་བ་དང༌། དེ་ངེས་པར་བྱ་བའི་ཕྱིར་སྔོན་བྱུང་བའི་རབས་བསྟན་པའོ། །དང་པོ་ལ་གཉིས། དགེ་བ་གཞན་ཟིལ་གྱིས་གནོན་པ་དང༌། དེ་ཉིད་ཚིགས་སུ་བཅད་པས་བཟླས་ཏེ་གསུངས་པའོ། །དང་པོ་ལ་གཉིས། རྫུ་འཕྲུལ་གྱིས་སངས་རྒྱས་མང་པོ་མཆོད་པའི་དགེ་བ་ཟིལ་གྱིས་གནོན་པ་དང༌། ཆོས་འདི་ལ་ཡི་རང་ཙམ་གྱིས་ཀྱང་རྫུ་འཕྲུལ་ལ་མ་བརྟེན་པར་སངས་རྒྱས་མཆོད་པའི་དགེ་བ་ཟིལ་གྱིས་གནོན་པའོ། །གཉིས་པ་དེ་ངེས་པར་བྱ་བའི་ཕྱིར་སྔོན་བྱུང་བའི་རབས་བསྟན་པ་ལ་གཉིས། ཞུ་བ་པོ་རྡོ་རྗེ་བློ་གྲོས་ཀྱིས་སྔོན་ཆོས་འདི་གང་ལས་རྙེད་པ་དང༌། དེ་ཉིད་ཚིགས་སུ་བཅད་པའི་དབྱངས་ཀྱིས་བཟླས་ཏེ་གསུངས་པའོ། །དེ་ལ་གཉིས། ཞུ་བ་པོའི་སྔོན་རབས་དང༌། སྟོན་པ་ཉིད་ཀྱིས་ཐོག་མར་གང་ལས་རྙེད་པ་གསུངས་པའོ། །གཉིས་པ་ཚེགས་ཆུང་ངུས་འཚང་རྒྱ་བར་འགྱུར་བ་ལ་གཉིས། ལས་ཀྱི་སྒྲིབ་པས་བསྒྲིབས་ཀྱང་ཚེགས་ཆུང་ངུས་དོན་རྟོགས་པར་འགྱུར་བ་དང༌། སྒྲིབ་པས་མ་བསྒྲིབས་པ་ཆོས་འདིའི་སྣོད་དུ་འགྱུར་བའི་རྒྱུ་བསྟན་པའོ། །དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོའི་སྡོམ། བྲིས་པའི་དགེ་བ་གང་དེས་འགྲོ་ཀུན་གྱི། །རང་གི་ཁམས་ཀྱི་དྲི་མ་ཡོངས་སྦྱངས་ནས། །རྟོགས་པའི་ཆོས་སྐུ་མངོན་དུ་འགྱུར་བར་ཤོག །སྙིང་པོའི་སྡོམ་ཞེས་བྱ་བ་དགེ་སློང་འཕགས་པས་མེ་མོ་གླང་གི་ལོ་སྟོན་ཟླ་ར་བ་ལ། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་བཤད་པའི་ཚེ་སྦྱར་བ་འདི་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*