ཐབས་ལ་མཁས་པའི་སྡོམ།

༼བ༽

༄༅། །ཐབས་ལ་མཁས་པའི་སྡོམ་ཞེས་བྱ་བ་བཞུགས།།

༄༅། །ཐབས་ལ་མཁས་པའི་སྡོམ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་ཞིག་ཐབས་ལ་མཁས་པས་རང་གི་དོན། །ཕུན་ཚོགས་བརྙེས་ནས་གཞན་དོན་ལྷུན་གྲུབ་པ། །རྫོགས་སངས་རྒྱས་ལ་བཏུད་ནས་དེ་ཡི་གསུང༌། །ཐབས་ལ་མཁས་པའི་སྡོམ་འདི་བཤད་པར་བྱ། །དེ་ལ་གསུམ། གླེང་གཞིའི་ཆོས་ཇི་ལྟར་བྱུང་བའི་ཚུལ་བསྟན་པ། གང་གསུངས་པའི་མདོ་གཞུང་དངོས། མཇུག་འཁོར་རྣམས་རྗེས་སུ་ཡི་རང་བས་གཞུང་རྣམས་རྫོགས་པར་བསྟན་པའོ། །གཉིས་པ་ལ་གཉིས། ཞུས་པ་དང་ལན་ནོ། །དང་པོ་ལ་གསུམ། སྐབས་དབྱེ་བར་ཞུ་བ་དང༌། སྟོན་པས་སྐབས་གནང་བ་ཇི་ལྟར་ཞུས་པའི་ཚུལ་ལོ། །ལན་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་གཉིས། ཐབས་ལ་མཁས་པའི་ཆོས་ཀྱི་རྣམ་གྲངས་དངོས་དང༌། དེ་གཟུང་བའི་ཕན་ཡོན་ནོ། །དང་པོ་ལ་གཉིས། བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་དང༌། དེ་བཞིན་གཤེགས་པའི་ཐབས་ལ་མཁས་པའོ། །དང་པོ་ལ་གཉིས། བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ཐབས་ལ་མཁས་པ་དང༌། བྱང་ཆུབ་སེམས་དཔའི་མཆོག་གཞན་དང༌། སྟོང་པ་ཉིད་བྱང་ཆུབ་སེམས་དཔའི་དུས་ཀྱི་ཐབས་ལ་མཁས་པ་བསྟན་པས། འཕགས་པའི་ཐབས་ལ་མཁས་པའོ། །དང་པོ་ལ་དགུ། སྦྱིན་པའི་ཐབས་ལ་མཁས་པ་དང༌། རྗེས་སུ་ཡི་རང་བ་དང༌། བདག་པོས་མ་བཟུང་པའི་མཆོད་པ། སེམས་ཅན་ལ་དམིགས་པ། སངས་རྒྱས་ལ་དམིགས་པ། བདག་ཉིད་ལ་དམིགས་པ། གཉིས་ཀ་ལ་དམིགས་པ། སྦྱིན་པས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་འགྱུར་བ། ཚུལ་ཁྲིམས་ཀྱི་ཐབས་ལ་མཁས་པའོ། །བཞི་པ་ལ་གཉིས། སེམས་ཅན་སྡུག་བསྔལ་བ་ལ་དམིགས་པ་དང༌། བདེ་བ་ལ་དམིགས་པའོ། །བདག་ཉིད་ལ་གཉིས། བློ་རྟུལ་བས་ཇི་ལྟར་བྱ་བ་དང༌། །དབུལ་པོས་ཇི་ལྟར་བྱ་བའོ། །ཚུལ་ཁྲིམས་ཀྱི་ཐབས་ལ་མཁས་པ་ལ་གཉིས། ཉེས་ལྟུང་བཤགས་པའི་ཐབས་ལ་མཁས་པ་དང༌། བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་ཆེས་ཆེ་བ་ངོས་བཟུང་ཞིང་དེ་སྤང་བའི་ཐབས་ལ་མཁས་པའོ། །གཉིས་པ་འཕགས་པའི་ཐབས་ལ་མཁས་པ་ལ་གཉིས། བྱང་ཆུབ་སེམས་དཔའ་ཆེན་པོའི་རྟོག་པ་བརྗོད་པ་རྣམས་དང་དཔེ་རྣམས་ཀྱི་རླབས་པོ་ཆེའི་ཐབས་ལ་མཁས་པ་བསྟན་པ་དང༌། ཐུབ་པ་ཉིད་བྱང་ཆུབ་སེམས་དཔའི་དུས་ཇི་ལྟར་མཛད་པའི་ཚུལ་བསྟན་པས་སྐྱེ་བ་གཅིག་གིས་ཐོགས་པ་དང༌། སྲིད་པ་ཐ་མ་པའི་ཐབས་ལ་མཁས་པའོ། །དང་པོ་ལ་བདུན། འདོད་པའི་བདེ་བས་མི་གོས་པའི་ཐབས་ལ་མཁས་པ་གཉིས་སྐུར་བ་སེལ་བའི་ཐབས་ལ་མཁས་པ་དགེ་སློང་དྲི་མེད་ཀྱི་རྣམ་ཐར། ཐབས་ལ་མཁས་པས་འདོད་པ་བསྟེན་ཀྱང་ཉེས་པར་མི་འགྱུར་བ་དཔེ་སྣ་ཚོགས་ཀྱིས་བསྟན་པ། བྱང་ཆུབ་སེམས་དཔའ་ལ་ཆགས་པའང་དོན་དུ་འགྱུར་བ་དགེ་སློང་དགའ་བྱེད་ཀྱི་རྣམ་པར་ཐར་པ་བསྟན་པ། ཐབས་ལ་མཁས་པ་རྟོགས་པའི་གཡེང་བ་མང་པོ་བྱང་ཆུབ་ཀྱི་སེམས་གཅིག་ཏུ་བསྒྱུར་བའི་རི་རབ་ཀྱི་དཔེས་བསྟན་པ། སྡུག་བསྔལ་སྣ་ཚོགས་པ་ཐབས་ལ་མཁས་པ་གཅིག་གིས་སེལ་བ་སྨན་ལྟ་མཛེས་ཀྱི་དཔེས་བསྟན་པ། རང་ཉིད་སྲིད་ཞིའི་མཐར་མི་ལྟུང་ཞིང་གཞན་འདྲེན་པའི་ཐབས་ལ་མཁས་པ་འབྲོག་དང་གྲོང་གི་དཔེས་བསྟན་པའོ། །དང་པོ་ལ་གཉིས། ཚོགས་ཅན་རབ་མཆོག་རྒྱལ་པོའི་རྣམ་པར་ཐར་པ་དང༌། བྲམ་ཟེའི་ཁྱེའུ་སྐར་མའི་རྣམ་པར་ཐར་པའོ། །ཚོགས་ཅན་རབ་མཆོག་གི་རྣམ་པར་ཐར་པ་ལ་དྲུག ཀུན་དགའ་བོས་གླེངས་བ། ཚོགས་ཅན་རབ་མཆོག་གི་རྫུ་འཕྲུལ་བསྟན་པ། ཀུན་དགའ་བོས་ནོངས་པ་བཤགས་པ། བཅོམ་ལྡན་འདས་ཀྱིས་དེའི་ཐབས་ལ་མཁས་པ་རྒྱས་པར་གསུངས་པ། ཚོགས་ཅན་རབ་མཆོག་རང་གི་རྟོགས་པ་བརྗོད་པ། བཅོམ་ལྡན་འདས་ཀྱིས་སླར་རྗེས་སུ་བསྔགས་པའོ། །དཔེ་སྣ་ཚོགས་ཀྱིས་བསྟན་པ་ལ་དྲུག སྤྲུལ་འཚོང་མ། མེས་གདུངས་པའི་ས་བོན། བུང་བ། ཉ་པ། སྔགས་འཆང་བ། འཕོང་གི་སློབ་དཔོན་དཔེའོ། །ཐུབ་པ་ཉིད་བྱང་ཆུབ་སེམས་དཔའི་དུས་སུ་ཇི་ལྟར་མཛད་པའི་ཚུལ་བསྟན་པ་ལ་གཉིས། སྐྱེ་བ་གཅིག་གི་ཐོགས་པའི་ཐབས་ལ་མཁས་པ་དང༌། སྲིད་པ་ཐ་མ་པའི་ཐབས་ལ་མཁས་པའོ། །དང་པོ་ལ་གསུམ། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་ཤིང་གནོད་པ་སྤང་བ་བསྟན་པ་དང༌། དེ་ལ་རྩོད་པ་སྤང་བ་དང༌། ཐབས་ལ་མཁས་པ་དངོས་རྒྱུ་མཚན་དང་བཅས་པར་བསྟན་པའོ། །གཉིས་པ་ལ་གཉིས། རྩོད་པ་དང་ལན་ནོ། །དེ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གསུམ། དུས་ལ་དབང་འབྱོར་བ་དང༌། ཏིང་ངེ་འཛིན་ལ་དབང་འབྱོར་བ་དང༌། སྐྱེ་བ་ལ་དབང་འབྱོར་བ་ཐབས་ལ་མཁས་པའོ། །དེ་ལ་གསུམ། དགའ་ལྡན་གྱི་གནས་ནས་འཕོས་པ། ལྷུམས་སུ་འཇུག་པ། ལྷུམས་ན་གནས་པའི་ཐབས་ལ་མཁས་པའོ། །སྲིད་པ་ཐ་མ་པའི་ཐབས་ལ་མཁས་པ་ལ་བདུན། ལྷུམས་ནས་བལྟམས་པ། གཞོན་ནུའི་རོལ་རྩོད། བཙུན་མོའི་འཁོར་བསྟན་པ། ཁབ་ནས་འབྱུང་བ། དཀའ་བ་སྤྱད་པ། བྱང་ཆུབ་སྙིང་པོར་གཤེགས་པ། བདུད་ཀྱི་སྡེ་བཅོམ་པའོ། །དང་པོ་ལ་ལྔ། མངལ་ནས་འབྱུང་བའི་འཐད་པ། གང་དུ་འབྱུང་བའི་གནས། ཇི་ལྟར་བྱུང་བའི་ཚུལ། གང་ནས་བྱུང་བའི་ཚུལ། དེ་ལྟར་བྱུང་མ་ཐག་གི་མཛད་པའོ། །དེ་ལ་བཞི། ཞབས་འབྲིང་བ། སྐུའི་ཀུན་ཏུ་སྤྱོད་པ། གཙོ་བོར་ཞལ་གྱིས་བཞེས་པ་དང་བཞད་པ་གཉིས་ཀྱིས་གསུང་གི་ཀུན་ཏུ་སྤྱོད་པ། འཇིག་རྟེན་པའི་ཚུལ་དང་བསྟུན་པའོ། །གཉིས་པ་ལ་གསུམ། རོལ་རྩེད་ལ་འཇུག་པའི་འཐད་པ་དང༌། ཡུམ་གྱི་སྐུ་ཚེ་མཁྱེན་པ་དང༌། རོལ་རྩེད་དངོས་ཀྱི་ཐབས་ལ་མཁས་པའོ། །བཞི་པ་ལ་གསུམ། ཁབ་ནས་འབྱུང་བ་དངོས། འབྱོར་པ་དོན་དུ་མི་གཉེར་བར་བསྟན་པ། བདག་ཉིད་ཀྱིས་དབུ་སྐྲ་བཞར་བའི་འཐད་པའོ། །ལྔ་པ་ལ་གཉིས། དང་པོ་ཟས་མི་གསོལ་བའི་དགོས་པ་དང༌། ཕྱིས་གསོལ་བའི་འཐད་པའོ། །དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་ལ་གསུམ། བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། ལས་ཀྱི་རྒྱུ་བ་བསྟན་པའོ། །དེ་ལ་བཞི། དེ་བཞིན་གཤེགས་པ་ལས་ཀྱི་སྒྲིབ་པ་ལས་གྲོལ་བར་བསྟན་པ། སློབ་དཔོན་སྨན་པ། མ་མའི་དཔེ་གསུམ་གྱིས་དངོས་པོར་བྱ་བའི་སྒྲིབ་པ་ལས་གྲོལ་ཡང་ལས་ལ་སྤྱོད་པའི་ཚུལ་རྒྱས་པར་བསྟན་པ། མཇུག་བསྡུ་བའོ། །གསུམ་པ་ལ་བཅུ། སྲོག་གཅོད་པའི་ལས་ཀྱི་རྒྱུ་བ། སྨན་གསོལ་བ། བསོད་སྙོམས་མ་རྙེད་པ། སྐུར་པ་ཐོབ་པ། གཞན་གྱི་གནོད་པ་སེལ་བ་བཏང་སྙོམས་སུ་མཛད་པ། རྟ་ཆས་གསོལ་བ། སྐུ་རྒྱབ་བསྙུང་བར་བསྟན་པ། ཀླད་པ་བསྙུང་བར་བསྟན་པ། སྤྱོ་བ་དང་དུ་བཞེས་པ། ལྷ་སྦྱིན་ཡང་ཡང་རྗེས་སུ་འབྲང་བར་བསྟན་པའོ། །ད་གཟུང་བའི་ཕན་ཡོན་ལ་གསུམ། དོན་གསལ་བར་གདམས་པ། འདིའི་དོན་ཤེས་པའི་ཕན་ཡོན་དང༌། ཚིག་ཐོས་པའི་ཕན་ཡོན་ལ་གཉིས་ཀྱི་ཕན་ཡོན་དངོས་དང༌། མིང་གི་རྣམ་གྲངས་སོ། །དེ་བཞིན་གཤེགས་པ་ཀུན་གྱི་གསང༌། །གསང་ཆེན་ཐབས་ལ་མཁས་པའི་སྡོམ། །སྡོམ་བརྩོན་འཕགས་པས་གསལ་བར་བསྟན། །བསྟན་པས་འགྲོ་ཀུན་ཀུན་མཁྱེན་ཤོག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་ཐབས་ལ་མཁས་པའི་མདོའི་དོན་བསྡུས་པ་འདི་ནི་བདེ་བར་གཤེགས་པའི་གསུང་རབ་རྒྱ་མཚོའི་བང་མཛོད་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་དེ་ཉིད་ཀྱི་ཞལ་སྔ་ནས་ཕལ་ཆེར་རྫོགས་པ་ཞིག་ཡི་གེར་བཀོད་ལ། མཇུག་ཅུང་ཟད་མ་བྲིས་པ་ནི་དེ་ཉིད་ཀྱི་གསུང་ལ་ཟིན་རིས་བགྱིས་པ་ཞིག་ལས་བྲིས་པའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*