༼བ༽
༄༅། །བྱང་ཆུབ་སེམས་དཔའི་སའི་སྡོམ་བཞུགས།།
༄༅། །བྱང་ཆུབ་སེམས་དཔའི་སའི་སྡོམ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གི་སྤྱོད་པ་དཔག་ཡས་པ། །དཔག་མེད་འགྲོ་བའི་དེད་དཔོན་མཆོག །རྒྱལ་སྲས་རྣམས་ལ་ཕྱག་འཚལ་ཏེ། །དེ་ཡི་ས་བཅུ་རྣམ་པར་དབྱེ། །སངས་རྒྱས་ཕལ་པོ་ཆེ་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་བསྟན་པའི་མདོ་སྡེ་ས་བཅུ་པ་ལ་དོན་གསུམ། གླེང་གཞི་ཕུན་སུམ་ཚོགས་པས་བྱུང་བའི་ཚུལ་ངེས་པར་བྱ་བ། གང་བཤད་པར་བྱ་བའི་ཆོས་ཕུན་སུམ་ཚོགས་པས་མདོ་ཉིད་རྒྱས་པར་བསྟན་པ། མཇུག་སྟོན་པས་དགོས་ཤིང་འཁོར་གྱིས་མངོན་པར་བསྟོད་པའོ། །དང་པོ་ལ་གཉིས། ཆོས་ཕུན་སུམ་ཚོགས་པར་བསྟན་པ་དང༌། སྟོན་པ། དུས། གནས། འཁོར་ཕུན་སུམ་ཚོགས་པ་ངེས་པར་བྱ་བའོ། །གཉིས་པ་ལ་ལྔ། ཐུགས་དང༌། གསུང་དང༌། སྐུས་སངས་རྒྱས་ཀྱི་སྟོན་པར་བྱིན་གྱིས་བརླབས་པ་དཔེས་མདོ་ཙམ་བསྟན་པ། བསྟན་པའི་དོན་རྒྱ་ཆེར་ཞུས་པ། ཞུས་པའི་དོན་རྒྱས་པར་བཤད་པ། བཤད་པའི་དོན་བསྡུ་བའོ། །གཉིས་པ་ལ་གཉིས། དོན་ལ་ངེས་པ་བསྐྱེད་པའི་ཕྱིར་སའི་ཆེ་བ་བསྟན་པ་དང༌། ཚིག་ལ་ངེས་པ་བསྐྱེད་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་གསུང་བར་བསྟན་པའོ། །གསུམ་པ་ལ་ལྔ། ཞུ་བའི་རྒྱུ་མཚན། ཞུ་བ་དངོས། རྒྱས་པར་མི་གསུང་བའི་རྒྱུ་མཚན། སྣོད་སྐྱོན་མེད་དུ་བསྒྲུབས་ནས་སླར་ཡང་ཞུས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫུ་འཕྲུལ་གྱིས་བསྐུལ་བའོ། །ཞུས་པའི་དོན་རྒྱས་པར་བཤད་པ་ལ་གཉིས། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་བཅུ། སའི་དོན་རྒྱས་པར་བསྟན་པ་དང༌། དེ་དབྱངས་ཀྱིས་བསྙད་པའི་ཚུལ་གྱིས་བསྡུས་ཏེ་བསྟན་པ་དེ་གཉིས་ཀྱིས། ས་དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་པ། ལྔ་པ་སྦྱང་དཀའ་བ། དྲུག་པ་མངོན་ད་གྱུར་པ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་ནོ། །ས་དང་པོ་ལ་ནི་སྤྱིའི་ཞུ་བ་བྱས་མ་ཐག་ཡིན་པའི་ཕྱིར། ཁྱད་པར་གྱི་ཞུ་བ་མ་གསུངས་པས། ས་དེའི་དོན་རྒྱས་པར་བསྟན་པ་དང༌། དེ་དབྱངས་ཀྱིས་བསྙད་དེ་བསྡུ་བའོ། །གཉིས་པ་ནས་དགུ་པའི་བར་གྱི་རེ་རེ་ལའང༌། ས་དེ་ཁྱད་པར་དུ་ཞུས་པ་དང༌། ཞུས་པའི་དོན་རྒྱས་པར་བསྟན་པ་དང༌། བསྟན་པའི་དོན་དབྱངས་ཀྱིས་བསྙད་པས་བསྡུ་བ་སྟེ། རེ་རེ་ལའང་གསུམ་གསུམ་མོ། །ས་བཅུ་པའི་བསྡུ་བ་འོག་ནས་བསྟན་པས། ས་དེ་ཁྱད་པར་དུ་ཞུ་བ་དང༌། ཞུས་པའི་དོན་རྒྱས་པར་བསྟན་པ་གཉིས་སོ། །ལྔ་པ་ས་ཐམས་ཅད་ཀྱི་མཇུག་བསྡུ་བ་ལ་གཉིས། རྐང་པས་བཤད་པ་དང༌། དེ་དབྱངས་ཀྱིས་བསྙད་དེ་བསྡུ་བའོ། །དང་པོ་ལ་བཞི། སའི་ཆེ་བ། ཆེ་བ་ཅན་ཐོས་པར་དཀའ་བ། ཐོས་ནས་ཕན་ཡོན་ཆེ་བ། དེ་ཉིད་ངེས་པའི་དོན་དུ་ཆོ་འཕྲུལ་སྣ་ཚོགས་བསྟན་པའོ། །དང་པོ་ལ་གཉིས། དོན་དང་དཔེས་སའི་ཡོན་ཏན་མཐའ་ཡས་པ་མདོར་བསྟན་པ་དང༌། ས་བཅུའི་ཡོན་ཏན་རིམ་པ་བཅུ་དང་སྦྱར་བ་དང༌། རྒྱ་མཚོའི་ཆོས་བཅུ་དང་སྦྱར་བ་དང༌། སའི་ཡོན་ཏན་ཐུན་མོང་དུ་རིན་པོ་ཆེའི་ཆོས་བཅུ་ལ་སྦྱར་བ་དང༌། གསུམ་གྱིས་རྒྱས་པར་བཤད་པའོ། །དབྱངས་ཀྱིས་བསྙད་དེ་བསྡུ་བ་ལ་གསུམ། ཆེད་དུ་བྱ་བ་དང༌། ཆེ་བ་དངོས་དང༌། དེ་ངེས་པར་བྱ་བའོ། །གཉིས་པ་ལ་གཉིས། དང་པོ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ་རྣམས་ཀྱི་ས་དགུ་སོ་སོའི་བསྡུ་བ་དང༌། དབང་བསྐུར་བ་རྒྱ་ཆེ་བ། རྟོགས་པ་རྒྱ་ཆེ་བ། རྫུ་འཕྲུལ་རྒྱ་ཆེ་བ། ཐོས་པ་རྒྱ་ཆེ་བ། སྤྱོད་པ་རྒྱ་ཆེ་བ། སྟོན་པ་རྒྱ་ཆེ་བ་སྟེ་དྲུག་གིས་ས་བཅུ་པ་རྒྱ་ཆེར་བསྡུ་བའོ། །ད་ངེས་པར་བྱ་བ་ལ་གསུམ། རི་དང༌། རྒྱ་མཚོ་དང༌། རིན་པོ་ཆེའི་དཔེ་གསུམ་ལ་སྦྱར་བའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ས། །ས་ལྟར་རྒྱ་ཆེ་བཅུ་རུ་བསྟན། །བསྟན་པ་ཇི་བཞིན་བླ་མས་གསུངས། །གསུངས་པ་ཇི་ལྟར་ཟིན་བཞིན་བྲིས། །དེ་ལས་དགེ་བ་གང་བསྐྲུན་དེས། །རྒྱལ་སྲས་སྤྱོད་བཞིན་ལེགས་སྤྱད་ནས། །ཀུན་མཁྱེན་ཀུན་དགའི་ཁང་བཟངས་སུ། །གེགས་མེད་པར་ནི་འཇུག་གྱུར་ཅིག །དེ་ལྟར་མདོ་སྡེ་ས་བཅུ་པའི་སྡོམ་འདི་ནི། བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེས་མེ་མོ་གླང་གི་ལོ་སྟོན་ཟླ་འབྲིང་པོ་ལ་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྡེ་སྣོད་འཛིན་པ་དུ་མའི་དབུས་སུ་གསལ་བར་གསུངས་ཤིང༌། དེའི་གསུང་དེ་མ་ཐག་ཏུ་ཇི་ལྟར་ཟིན་པ་བཞིན་བཙུན་པ་སྟོན་གཞོན་གྱིས་ཟིན་བྲིས་བྱས་ཏེ་སླར་ཡང་ཕྱག་ཏུ་ཕུལ་ནས་དག་པར་བགྱིས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply