༼བ༽
༄༅། །ལྡན་ཡུལ་དུ་སྐྱེས་པ་སྟོན་པ་བརྩོན་འགྲུས་ཀྱི་དྲིས་ལན་བཞུགས།།
༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་དྲིས་པའི་ལན་ཅུང་ཟད་གདབ་པར་བྱ་སྟེ། དེ་ལ་གང་ཟག་གཅིག་གི་རྒྱུད་ལ་སྡོམ་པ་གསུམ་དང་ལྡན་པས། ནང་འགལ་བར་སྣང་བ་བྱུང་ན། དགག་བྱ་དང༌། དགོས་པ་བལྟས་ལ། གང་དགག་བྱ་ཤས་ཆེ་བ་དེ་མི་སྤྱད་པར། དགོས་པ་ཤས་ཆེ་བ་དེ་སྤྱད་པར་བྱ། དགག་དགོས་ཆ་མཉམ་ན། འོག་མ་འོག་མ་བཏང་སྙོམས་སུ་བཞག་ཅིང༌། གོང་མ་གོང་མ་གཙོ་བོར་སྤྱད་དེ། སྤྱོད་འཇུག་ལས། ཆུང་ངུའི་དོན་དུ་ཆེ་མི་གཏང༌། །ཞེས་པ་དང༌། སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས། །གང་ནས་གོང་དུ་ཁྱད་ཞུགས་སྤྱད། །ཅེས་པ་དང༌། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་པའི་ཕྱིར་རོ། །དྲི་བ་གཉིས་པའི་ལན་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ལ་བསྐལ་པ་གྲངས་མེད་པ་འདས་ཀྱང༌། སངས་རྒྱས་པའི་ལམ་གྱི་གྲོགས་སུ་མི་འགྱུར་ཏེ། བྱམས་པའི་ཞལ་ནས། མདོ་སྡེ་རྒྱན་ལས། མ་ཚང་བ་དང་འགལ་བ་དང༌། །ཐབས་མིན་དེ་ལྟར་མ་བསྟན་ཕྱིར། །ཉན་ཐོས་ཀྱི་ནི་ཐེག་པ་དེ། །ཐེག་ཆེན་ཆོས་ཞེས་བྱ་བ་མིན། །ཞེས་པ་དང༌། རྒྱུད་སྡེ་དག་ལས། དམྱལ་བར་འགྲོ་བ་བྱང་ཆུབ་ཀྱི། །གཏན་གྱི་གེགས་བྱེད་མ་ཡིན་ཏེ། །ཉན་ཐོས་དང་ནི་རང་སངས་རྒྱས། །བྱང་ཆུབ་ཀྱི་ནི་གཏན་གྱི་གེགས། །ཞེས་བྱ་བ་གསུངས་པའི་ཕྱིར། །འོན་ཀྱང་ཉན་རང་གི་ལམ་ལ་འབད་པས། ཉན་རང་གི་འབྲས་བུ་གྲུབ་པའི་མཐར། སངས་རྒྱས་ཀྱི་ཐུགས་རྗེས་བསྐུལ་ཏེ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས། སངས་རྒྱས་པར་གསུངས་པ་ནི། ངེས་པའི་དོན་ཡིན་ཏེ། དམ་པའི་ཆོས་པདྨ་དཀར་པོ་དང༌། ལང་ཀར་གཤེགས་པ་དང༌། དཔལ་ཕྲེང་སེང་གེ་སྒྲའི་མདོ་ལ་སོགས་པ་ལས་རྒྱ་ཆེར་ཤེས་པར་བྱའོ། །དྲི་བ་གསུམ་པའི་ལན་ལ། སོ་སོར་ཐར་པའི་རིགས་བདུན་གྱི་དབྱེ་བ་ནི། དགེ་བསྙེན། དགེ་ཚུལ། དགེ་སློང་གསུམ་ལ། སྐྱེས་པ་དང༌། བུད་མེད་ཀྱི་རྟེན་གྱི་དབྱེ་བས་ཕྱེ་བ་དྲུག་དང༌། བུད་མེད་ཀྱི་ཕྱོགས་ལ། དགེ་ཚུལ་མ་དང༌། དགེ་སློང་མའི་བར་དང༌། བར་སློབ་ལ་ལོ་གསུམ་སློབ་དགོས་ལ། སྐྱེས་པའི་ཕྱོགས་ལ། དེའི་དོད་མི་དགོས་པས། དེ་ལྟར་ན་རིགས་དང་གང་ཟག་གི་དབྱེ་བས་བདུན་དུ་འགྱུར་རོ། །དྲི་བ་བཞི་པའི་ལན། ཕ་རོལ་དུ་ཕྱིན་པའི་ལམ་གྱིས་ས་ལམ་ཐོབ་པས། གསང་སྔགས་ནས་བཤད་པའི་ནང་གི་རྟགས་ཐམས་ཅད་ནང་དུ་ཤུགས་ཀྱིས་འབྱུང་ཞིང༌། གསང་སྔགས་ཀྱི་བརྟེན་འབྲེལ་གྱི་ས་ལམ་ཐོབ་པ་ལའང༌། ཕ་རོལ་ཏུ་ཕྱིན་པ་ནས་བཤད་པའི་ཕྱིའི་རྟགས་རྣམས་རིམ་པས་འབྱུང་བ་ཡིན་ཏེ། སྒྲུབ་བྱེད་ཀྱི་ཐབས་ཀྱི་ཁྱད་མ་གཏོགས་པ་བསྒྲུབ་བྱའི་འབྲས་བུ་ལ་ཁྱད་པར་མེད་པའི་ཕྱིར་རོ། །འོན་ཀྱང་ཐམས་ཅད་ལ་ཁྱད་མེད་པ་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་ས་བཅུ་གཉིས་པ་ཕྱིན་ཆད་ཀྱི་སྒྲུབ་བྱེད་ཀྱི་ཐབས་མ་གསུངས་པས་འབྲས་བུའང་མེད་ལ། གསང་སྔགས་ལ་ནི་ཐབས་དང་འབྲས་བུ་གཉིས་ཀ་གསུངས་སོ། །དྲི་བ་ལྔ་པའི་ལན། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དཀྱིལ་འཁོར་མཆོག་སྒྲུབ་པའི་དཀྱིལ་འཁོར་རྣམས་ལ། ཟབ་མི་ཟབ་ཀྱི་ཁྱད་མེད་ཀྱང༌། བསྒྲུབ་ཐག་རིང་ཐུང་བྱུང་བ་ནི། སྔོན་གྱི་ལས་འཕྲོ་ཡོད་མེད་ཀྱི་དབང་གིས་འབྱུང་བ་ཡིན། དྲི་བ་དྲུག་པ་ལ། ཐུན་མོང་གི་དངོས་གྲུབ་བསྒྲུབ་པའང༌། ལས་འཕྲོའི་ཁྱད་པར་ཡོད་མོད། འོན་ཀྱང་རྗེ་བཙུན་མ་སྒྲོལ་མ་བསྒྲུབ་ཐག་ཉེ་བ་ཡིན་ཞེས། རྒྱ་གར་དང་བོད་ཀྱི་ཆེན་པོ་རྣམས་ཞལ་མཐུན་པར་གསུངས་པར་འདུག དྲི་བ་བདུན་པ་ལ། རྒྱུད་སྡེ་འོག་མའི་ཐབས་ཀྱི་མཐར་ཐུག་གི་འབྲས་བུ་གྲུབ་པའི་དུས་ནམ་ཡིན་ཟེར་བ་ནི། སྤྱིར་རྣལ་འབྱོར་བླ་ན་མེད་པ་ལ་ཡེ་མ་བརྟེན་པའི་རྒྱུད་སྡེ་འོག་མ་རྐྱང་པས་རྡོ་རྗེ་འཆང་གི་གོ་འཕང་ཐོབ་མི་སྲིད་དེ། བརྟག་གཉིས་ལས། ཐམས་ཅད་རིག་བྱེད་གྲུབ་མཐའ་དང༌། །དེ་བཞིན་ལས་རྒྱས་ལ་སོགས་པས། །སྲིད་པ་དག་འགྱུར་དངོས་གྲུབ་མིན། །ཡང་ནི་སྲིད་མཐར་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར། ལས་རྒྱས་ནི། ཕྲིན་ལས་རྒྱས་པ་གཙོར་སྟོན་པ། རྣལ་འབྱོར་གྱི་རྒྱུད་མན་ཆད་ལ་ཟེར་བ་ཡིན། འོག་མ་འོག་མ་ལ་གོམས་པས། གོང་མ་གོང་མའི་སྣོད་དུ་གྱུར་ནས། རིང་པོར་མི་ཐོགས་པར་རྣལ་འབྱོར་ཆེན་པོ་ཉིད་ཀྱིས། སངས་རྒྱས་པའི་འབྲས་བུ་མངོན་དུ་བྱེད་ལ་འབྲས་བུ་ནམ་འགྲུབ་ཀྱི་དུས་ཀྱི་དབྱེ་བ་མ་གསུངས། དེས་ན་སྔ་ཕྱི་ཡོད་ཀྱང༌། ཕ་རོལ་ཏུ་ཕྱིན་པ་དང༌། གསང་སྔགས་བླ་མེད་ལྟར་ཁྱད་པར་ཆེན་པོ་མེད་དོ། །འདིར་སྨྲས་པ། སོ་སོར་ཐར་པས་ལུས་ངག་གི །ཉེས་པའི་ཆུ་ལོན་ཉིད་བྱས་ཏེ། །བྱང་ཆུབ་སེམས་ལ་གཞི་བྱས་ནས། །རིག་འཛིན་སྙིང་པོའི་ཚུལ་དུ་སྤྱད། །གང་ཟག་ཅིག་གི་ནད་རིགས་ལའང༌། །སྨན་དཔྱད་འགལ་བར་སྣང་བ་ལྟར། །ཐེག་པའི་རིམ་པའང་གནས་སྐབས་ཀྱིས། །བྱེད་པས་འགལ་བ་ལྟར་སྣང་ཡང༌། །གནས་སྐབས་དབྱེ་བ་ཤེས་པ་ཡིས། །རྣལ་འབྱོར་པ་ལ་འགལ་བ་མེད། །ནང་དང་ཕྱི་ཡི་དགག་དགོས་དང༌། །སྦྱར་ནས་སྤྱོད་པ་མཁས་པ་ཡིན། །སྡོམ་པ་ཕྲ་མོའང་གཅེས་པར་བསྲུང༌། །བདག་པས་གཞན་གཅེས་བློ་དང་ནི། །བླ་མ་དང་ནི་དཀོན་མཆོག་གསུམ། །རང་དང་གཉིས་སུ་མེད་མཐོང་བ། །དེ་ཚེ་སྔགས་དང་ཕར་ཕྱིན་གྱི། །སྡོམ་དང་དམ་ཚིག་ལྷུན་གྲུབ་ཡིན། །དེ་ལྟར་ཁྱོད་ཀྱིས་ཤེས་བྱས་ལ། །སྡོམ་པ་གསུམ་པོ་ཚུལ་བཞིན་བསྲུང༌། །རིང་པོར་མི་ཐོགས་རྒྱལ་བ་ཡི། །ཡེ་ཤེས་རྒྱ་མཚོར་འཇུག་པར་འགྱུར། །ལྡན་གྱི་ཡུལ་དུ་སྐྱེས་པའི་སྟོན་པ་བརྩོན་འགྲུས་ཞེས་བྱས་བས་དྲིས་པའི་ལན། འཕགས་པའི་ཤིང་མོ་ཕག་གི་ལོ། གདུ་བུའི་ཟླ་བའི་ཚེས་ཉི་ཤུ་ལྔའི་ཉིན་པར་གདམས་པའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply