༼བ༽
༄༅། །བྱང་ཆུབ་ལམ་གྱི་སྙིང་པོ་བཞུགས་སོ།།
༄༅། །བྱང་ཆུབ་ལམ་གྱི་སྙིང་པོ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདིར་བློ་དང་ལྡན་པས་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་ཚུལ་ནི་གཉིས་ཏེ། ཤིན་ཏུ་བརྩོན་པས་དཀའ་བ་སྤྱད་དེ་མྱུར་དུ་འཚང་རྒྱ་བ་དང༌། ཐབས་ལ་མཁས་པས་འཇུག་པ་བདེ་མོས་རིམ་གྱིས་འཚང་རྒྱ་བ་གཉིས་ཏེ། ཇི་སྐད་དུ། དེ་བཞིན་གཤེགས་པ་ཡང་དག་པར་འབྱུང་བ་ཞེས་བྱ་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ངས་བརྩོན་འགྲུས་འབར་བས་བྱས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ངས་ཚོར་བ་སྡུག་བསྔལ་བ། དྲག་པ། རྩུབ་པ། ཇི་ལྟ་བུ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས། ཞེས་པ་དང༌། ཀུན་དགའ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཐབས་ལ་མཁས་པས་ཡོངས་སུ་ཟིན་པས། ཐེག་པ་བདེ་བ། འཇུག་པ་བདེ་བ། ལམ་བདེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་སོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་ཚུལ་གཉིས་ལས། འདིར་འཇུག་པ་བདེ་བས་བྱང་ཆུབ་བསྒྲུབ་པའི་ཚུལ་བརྗོད་པར་བྱའོ། །དེའང་ཆོས་གསུམ་གྱིས་ཤེས་པར་བྱ་སྟེ། སྤྲོས་པ་དང་བཅས་པས་སྔོན་དུ་འགྲོ་བའི་ཚུལ་དང༌། དངོས་གཞི་སྤྲོས་པ་མེད་པ་ལ་མཉམ་པར་གཞག་པ་དང༌། རྫོགས་པར་བྱེད་པའི་ལམ་གྱི་ཡན་ལག་གོ །དང་པོ་ནི་ཉིན་ལན་གསུམ། མཚན་ལན་གསུམ་དུ་གནས་དབེན་པར་དཀོན་མཆོག་གི་སྤྱན་སྔར། ཅི་འབྱོར་པའི་མཆོད་པ་བཤམས་ལ། བླ་མ་དང་དཀོན་མཆོག་གསུམ་ལ་ལན་གསུམ་དུ་སྐྱབས་སུ་སོང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་བྱང་ཆུབ་ཀྱི་ཡན་ལག ཡན་ལག་བདུན་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ཅིང༌། ཅི་ནུས་ཀྱིས་བསྒྲུབ་པ་ནན་ཏན་དུ་བྱ་སྙམ་པའི་བསམ་པས་ཀུན་ནས་བསླངས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཤིང༌། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་སྙིང་གའམ། སྤྱི་བོར་ཐལ་མོ་སྦྱར་ལ་མདུན་གྱི་ནམ་མཁར། རང་གི་བླ་མ་དགེ་བའི་བཤེས་གཉེན་དགྱེས་བཞིན་དུ་བཞུགས་པ་དང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་མཐའ་ཡས་པ་ཐམས་ཅད་ན་ད་ལྟར་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས། ཆོས་ཐམས་ཅད་མཁྱེན་ཅིང་སེམས་ཅན་ཐམས་ཅད་ལ་གཟིགས་པ། བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་རིན་པོ་ཆེའི་སེང་གེའི་ཁྲི་ལ། སྙེམས་པ་དང༌། བག་ཚ་བ་ཐམས་ཅད་རྣམ་པར་སྤངས་ནས། སེམས་ཅན་ཐམས་ཅད་ཀྱི་མགོན་དང༌། སྐྱབས་སུ་ལྷམ་མེ། ལྷན་ནེ། ལྷང་ངེར་བཞུགས་པ། མངོན་པར་རྟོགས་པའི་ཆོས་མངོན་དུ་མཛད་ནས་ཟབ་པ་དང༌། རྒྱ་ཆེ་བའི་ལུང་གི་ཆོས་གསུང་བཞིན་པ། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་ཀྱི་དགེ་འདུན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། གང་ཇི་སྙེད་བཞུགས་པ་ཐམས་ཅད་དྲན་པ་མཉམ་པར་གཞག་པའི་ཡིད་ཀྱིས་མངོན་སུམ་ལྟར་དམིགས་ནས། དེ་དག་རེ་རེའི་སྤྱན་སྔར་ཡང་རང་གི་ལུས་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་དང་མཉམ་པར་སྤྲུལ་པ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་ཐབས་གཅིག་ཏུ་འཁོད་དེ། སངས་རྒྱས་འཁོར་དང་བཅས་པ་དེ་དག་ཐམས་ཅད་ལ་ཕྱག་འཚལ་ཞིང༌། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་བསྐྱབ་པ་དང༌། ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལྟ་བུའི་མཆོད་པའི་སྤྲིན་གྱི་ཚོགས་དང༌། སྤྲུལ་པ་དང་བཅས་པའི་རང་གི་ལུས་དང༌། ལོངས་སྤྱོད་དང་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་དང་བཅས་པ་འབུལ་ཞིང༌། མཆོད་པ་དང༌། བདག་དང་སེམས་ཅན་ཐམས་ཅད་ཀྱིས་སྡིག་པ་ཐམས་ཅད་སོ་སོར་བཤགས། ནུས་ཚད་ཀྱིས་སླར་བསྡམ་པ་དང༌། ཕྱོགས་བཅུ་དུས་གསུམ་གྱི་འཁོར་བ་དང༌། མྱ་ངན་ལས་འདས་པའི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང༌། ཕྱོགས་བཅུའི་འཇིག་རྟེན་མཐའ་ཡས་པ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་ཟབ་པ་དང༌། རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། སྲིད་པ་ཇི་སྲིད་དུ་མྱ་ངན་ལས་མི་འདའ་བར་བཞུགས་ནས་སེམས་ཅན་རྣམས་ཀྱི་དོན་མཛད་པར་གསོལ་བ་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སེམས་ཅན་གྱི་དོན་དུ། བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་ནས། བྱང་ཆུབ་ཀྱི་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་སྤྱད་དེ། མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་ལ་རིམ་པ་བཞིན་དུ་བསླབས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་ཁས་བླང་ངོ་སྙམ་པའི་བསམ་པས་འདི་སྐད་ཅེས་བརྗོད་པར་བྱའོ། །མཁྱེན་ལྡན་གང་གི་ཐུགས་རྗེས་བདག་སོགས་ཀུན། །རྗེས་སུ་བཟུང་ནས་ཟབ་མོའི་ལམ་བསྟན་ཞིང༌། །སངས་རྒྱས་ཀུན་གྱི་མཛད་པ་བསྒྲུབ་མཛད་པ། །བླ་མ་དགེ་བའི་བཤེས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །བླ་མ་དམ་པ་བརྒྱུད་པར་བཅས་རྣམས་དང༌། །དུས་གསུམ་དག་ཏུ་ཕྱོགས་བཅུར་བཞུགས་གྱུར་པའི། །རྐང་གཉིས་གཙོ་བོ་སངས་རྒྱས་ཐམས་ཅད་དང༌། །ཆོས་དང་འཕགས་པའི་དགེ་འདུན་ཐམས་ཅད་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ཞིང༌། །བྱང་ཆུབ་བར་དུ་ཉེ་བར་སྐྱབས་སུ་མཆི། །མི་མཐུན་ཕྱོགས་རྣམས་ཀུན་ལས་བསྐྱབ་པ་དང༌། །ཉིད་ཅི་འདྲ་བ་དེ་འདྲར་བདག་འགྱུར་བར། །རྣམ་པ་ཀུན་ཏུ་བྱིན་གྱིས་བརླབ་ཏུ་གསོལ། །བདག་གི་ལུས་དང་ལོངས་སྤྱོད་དགེ་བ་དང༌། །ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་རྒྱ་མཚོ་རྣམས། །མཁའ་དབྱིངས་ཁྱབ་པར་ནམ་མཁའ་སྲིད་གནས་ཏེ། །འཕགས་རྣམས་མཆོད་ཅིང་འགྲོ་ཀུན་ཚིམ་བྱེད་ཤོག །བདག་དང་མཐའ་ཡས་སེམས་ཅན་མ་ལུས་པ། །ལས་དང་ཉོན་མོངས་བག་ཆགས་དབང་གྱུར་པས། །ལུས་ངག་ཡིད་ཀྱིས་སྡིག་པ་གང་བགྱིས་པ། །སོ་སོར་བཤགས་སོ་ཚངས་པ་སྩལ་དུ་གསོལ། །དུས་གསུམ་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །དགེ་བ་གང་དག་ཇི་སྙེད་མཆིས་རྣམས་ལ། །རྗེས་སུ་བདག་ཡི་རང་ཞིང་འགྲོ་ཀུན་ཡང༌། །ཕན་ཚུན་ཡི་རང་དགེ་བ་འཕེལ་གྱུར་ཅིག །རྒྱལ་བ་ཀུན་གྱི་དྲུང་དུ་བདག་དང་ནི། །འགྲོ་ཀུན་ལྷན་ཅིག་མཆིས་ནས་ཆོས་སྟོན་དང༌། །མྱ་ངན་མི་འདའ་བཞུགས་ནས་སེམས་ཅན་དོན། །རྟག་ཏུ་མཛད་པར་གུས་པས་གསོལ་བ་འདེབས། །རྒྱལ་བ་དེ་དག་ཀུན་གྱིས་བྱང་ཆུབ་ཐུགས། །བསྐྱེད་ནས་མཆོག་བརྙེས་འགྲོ་བའི་དོན་མཛད་ལྟར། །བདག་གིས་ཀྱང་ནི་བྱང་ཆུབ་སེམས་བསྐྱེད་ནས། །སྤྱོད་པ་དག་ལ་རིམ་བཞིན་བསླབ་པར་བགྱི། །ཞེས་རྐང་གི་ཁོང༌། རུས་པའི་གཏིང་ཐག་པ་ནས་ལན་གསུམ་མམ་བདུན་གྱི་བར་དུ་བརྗོད་པར་བྱའོ། །དེ་ནས་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་ཅི་བདེ་བར་འདུག་ལ། ཅུང་ཟད་ངལ་བསོས་ནས་གོང་དུ་བརྗོད་པའི་ཡན་ལག་བདུན་པ་རྣམས་ཀྱི་དོན་དྲན་པར་བྱ་ཞིང་འཁོར་བ་དང༌། མྱ་ངན་ལས་འདས་པའི་ཉེས་དམིགས་དང༌། བྱམས་པ་དང༌། སྙིང་རྗེ་དང༌། སྨོན་པ་དང༌། འཇུག་པ་དང༌། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དང༌། སྟོང་པ་དང༌། སྙིང་རྗེ་ཟུང་དུ་འཇུག་པའི་ལམ་གྱི་རང་བཞིན་དང༌། འབྲས་བུ་རྫོགས་པའི་སངས་རྒྱས་དང༌། དེའི་ཡོན་ཏན་དང༌། ཕྲིན་ལས་རྣམས་ལ་སྐྱེ་བ་རིམ་པ་བཞིན་ཡས་མར་དང༌། གང་ཞིག་གང་ལ་རག་ལས་པའི་རིམ་པས་མས་ཡར་དང༌། ཁྱད་པར་དུ་གང་ལ་མོས་པ་དང༌། ཡིད་ལ་སྨན་པར་འགྱུར་བ་དེ་ལ་བསྣན་ཞིང༌། དྲན་པར་བྱས་ཏེ་མཉམ་པར་གཞག་གོ །སྤྲོས་པ་དང་བཅས་པ་སྔོན་དུ་འགྲོ་བའི་ཚུལ་ལོ། །དེ་ནས་དངོས་གཞི་སྤྲོས་མེད་ཀྱི་ངང་ལ་མཉམ་པར་གཞག་པ་ནི། ཡན་ལག་བདུན་པའི་རྗེས་དེ་ཉིད་དམ། གཞན་དུའང་རུང་སྟེ། སྟན་བདེ་བ་ལ་རྐང་པ་གཉིས་སྐྱིལ་མོ་ཀྲུང་དང༌། ལག་པ་གཉིས་མཉམ་པར་གཞག་པ་དང༌། སྒལ་ཚིགས་དྲང་པོར་བསྲང༌། མིག་སྣ་རྩེར་ཕབ་ནས། བླ་མ་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། ཇི་སྐད་བཤད་པའི་བྱང་ཆུབ་ཀྱི་སེམས་བསྒོམས་ནས་རང་གི་ལུས་ཡི་དམ་གྱི་ལྷ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་སྐད་ཅིག་གིས་དམིགས་ལ། སྤྱི་བོར་རང་གི་བླ་མ་རིགས་བདག་གི་ཚུལ་དུ་བཞུགས་པ་ལ་མོས་པ་དང༌། གུས་པ་དྲག་པོ་བསྒོམ་ཞིང༌། བདག་གི་རྒྱུད་ལ་ཡང་དག་པའི་རྟོགས་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་ལ་འཇུག་པའི་ཏིང་ངེ་འཛིན་དམ་པ་བསྐྱེད་དུ་གསོལ་ཞེས་གསོལ་བ་གདབ་བོ། །དེ་ནས་ཕྱི་ནང་གི་ཆོས་ཇི་ལྟར་སྣང་བ་དང༌། ཇི་ལྟར་མྱོང་བ་འདི་དག་ལ་དམིགས་ལ། ཆོས་འདི་དག་ཐམས་ཅད་ནི་མ་བརྟགས་པའི་བློ་ལ་སྣང་ཞིང་མྱོང་ཡང༌། རྣམ་པར་བརྟགས་ན་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། རང་བཞིན་མེད་བཞིན་དུ་སྣང་བ་རྨི་ལམ་དང་འདྲ་ཞིང༌། དེ་ལྟར་སྣང་བའི་ཆོས་དེ་དག་ལ་དམིགས་ནས་དགེ་བ་དང༌། མི་དགེ་བ་དང༌། མཐར་ལྟ་བ་དང༌། ལྟ་བ་དང་བྲལ་བའི་ཡིད་ལས་བདེ་བ་དང༌། སྡུག་བསྔལ་བ་དང༌། འཁོར་བ་དང༌། མྱ་ངན་ལས་འདས་པ་ཀུན་དུ་འབྱུང་བའི་ཕྱིར། ཆོས་ཐམས་ཅད་ཀྱི་རྩ་བའམ་གཞིར་གྱུར་པ་ནི་སེམས་ཡིན་ལ། སེམས་དེའང་རྣམ་པར་དཔྱད་ན་ཁ་དོག་དབྱིབས་སུ་མ་གྲུབ་ཅིང༌། གཅིག་དང་དུ་མ་དང་བྲལ་བ་དང༌། ཕྱི་དང༌། ནང་དང༌། གཉིས་ཀ་ན་མི་གནས་པའི་ཕྱིར་རང་གི་ངོ་བོས་སྟོང་ཞིང༌། གང་ལ་ངོ་བོ་མེད་པ་དེ་ལ་ཐོག་མར་སྐྱེ་བའི་རྒྱུས་སྟོང་ལ། གང་མ་སྐྱེས་པ་དེ་མི་གནས་པའི་ཕྱིར་བར་དུ་གནས་པའི་ངོ་བོས་སྟོང་ཞིང༌། གང་མི་གནས་པ་དེ་ལ་འགག་པ་མེད་པའི་ཕྱིར་ཐ་མ་འགགས་པའི་འབྲས་བུས་སྟོང་ངོ༌། །གང་ལ་ཐོག་མ་དང༌། ཐ་མ་དང༌། ངོ་བོ་མེད་པ་དེ་ལ་མཐའ་དང༌། དབུས་སུ་གདགས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར། དུས་གསུམ་ལས་རྣམ་པར་གྲོལ་ཞིང་མཐའ་དང༌། དབུས་མེད་པ་སྤྲོས་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་འདི་ནི་སེམས་ཀྱི་ཆོས་ཉིད་ཡིན་ལ། དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་ཡིན་ཞིང༌། སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་ངོ་བོ་ཡང་དེ་ཉིད་དོ། །ཞེས་སྤྲོས་པ་བཅད་ནས། ཡོད་པ་དང༌། མེད་པ་ལ་སོགས་པའི་མཚན་མར་མི་འཛིན་ཞིང༌། སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་གཞག་གོ །དེའང་དང་པོ་མ་གོམས་པའི་ཚེ་ཡོད་པ་དང༌། མེད་པའི་མཐར་ལྟུང་ཞིང༌། སེམས་ཀྱི་འདུ་འཕྲོ་དུ་མ་འབྱུང་ཡང་རིམ་གྱིས་གོམས་པའི་ཚེ། ནང་དུ་སེམས་གསལ་ཞིང་རིག་པ་དང༌། ཕྱིའི་སྣང་བ་རྒྱུན་མི་ཆད་བཞིན་དུ། མཚན་མ་དང༌། རྣམ་པར་རྟོག་པ་དང་བྲལ་ཞིང༌། རྟོགས་པས་མ་སྤྲོས་པའི་ཏིང་ངེ་འཛིན་དམ་པ་རྒྱུད་ལ་སྐྱེ་བར་འགྱུར་རོ། །ཏིང་ངེ་འཛིན་གྱི་རྒྱུན་དེ་ཉིད་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་ཀྱིས་བསྐྲུན་པས། འཇིག་རྟེན་པའི་ལམ་རྣམས་བགྲོད་དེ། མཐོང་བས་སྤང་བར་བྱ་བའི་སྒྲིབ་པ་རྣམས་སྤངས་ནས། འཇིག་རྟེན་ལས་འདས་པ་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེ་བར་འགྱུར་རོ། །མཉམ་པར་གཞག་པའི་ཏིང་ངེ་འཛིན་ལས་ལངས་ནས་དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ཤིན་ཏུ་སྙིང་རྗེ། མི་ཤེས་པའི་མུན་པ་དང༌། ལས་དང་ཉོན་མོངས་པ་ཐམས་ཅད་སྤངས་ནས་སྡུག་བསྔལ་ཐམས་ཅད་དང་བྲལ་ན། ཅི་མ་རུང་སྙམ་དུ་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་སྔོན་དུ་འགྲོ་བ་ཡན་ལག་བདུན་པ་དང༌། དངོས་གཞི་མཉམ་པར་གཞག་པའི་རྣལ་འབྱོར་བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བས་གཙོ་བྱས་པ། བདག་དང་གཞན་གྱི་དགེ་བ་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་སྙམ་དུ་བསམས་ནས། དགེ་བ་འདི་དང་དགེ་བའི་རྩ་བ་གཞན། །མ་ལུས་བློ་ཡིས་གཅིག་ཏུ་བསྡོམས་བྱས་ནས། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །ཅེས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་བླ་མ་ལ་སོགས་པ་མདུན་དུ་དམིགས་པའི་ཡུལ་དེ་དག་རང་གི་གནས་སུ་གཤེགས་པར་དམིགས་ནས་རང་ཉིད་ཅི་བདེ་བར་སྤྱད་དོ། །དངོས་གཞིའི་རྣལ་འབྱོར་རོ། །དོན་གསུམ་པ་རྫོགས་པར་བྱེད་པ་ལམ་གྱི་ཡན་ལག་ནི། བདག་ཉིད་སྡིག་པ་མི་དགེ་བའི་ལས་ལས་ལྡོག་ཅིང༌། གལ་ཏེ་སྡིག་པ་དང༌། ལྟུང་བ་བྱུང་ན་ཕྱོགས་བཅུའི་སངས་རྒྱས་རྗེས་སུ་དྲན་པར་བྱས་ནས་བཤགས་པ་དང༌། ཅི་ནུས་ཀྱིས་དགེ་བའི་རྩ་བ་བསྒྲུབ་པ་ལ་བརྩོན་ཞིང༌། དགེ་བ་གང་བྱས་པ་ཐམས་ཅད་གཞན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་དང༌། གཞན་དག་ཀྱང་སྡིག་པ་ལས་ལྡོག་ཅིང༌། གལ་ཏེ་སྡིག་པས་གོས་ན་བཤགས་སུ་འཇུག་པ་དང༌། དགེ་བ་ལ་བསྐུལ་ཞིང་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོར་འཇུག་པ་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ། བདག་དང་སེམས་ཅན་ཐམས་ཅད་མྱུར་དུ་འཚང་རྒྱ་བར་གྱུར་ཅིག་སྙམ་པའི་བྱང་ཆུབ་ཀྱི་སེམས་རྣམས་རྒྱུན་དུ་བསྒོམ་ཞིང༌། ཕྱི་རོལ་ན་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང༌། ནང་དུ་ཇི་ལྟར་ཉམས་སུ་མྱོང་བའི་སེམས་ཐམས་ཅད་རྨི་ལམ་ལྟ་བུ་དང༌། དེ་ཐམས་ཅད་ཀྱི་རང་བཞིན་གང་གིའང་ངོ་བོར་མ་གྲུབ་པས་སྤྲོས་པ་དང་བྲལ་པ་ནམ་མཁའ་ལྟ་བུར་རྒྱུན་ཏུ་བསམ་མོ། །ལུས་དང་སེམས་ལ་སྡུག་བསྔལ་མྱོང་བའི་ཚེ། བདག་གིས་སྔོན་བསགས་པའི་སྡིག་པ་འདག་པར་འགྱུར་སྙམ་པའི་དགའ་བ་བསྒོམ་ཞིང༌། བདག་གིས་འདི་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་བ་འདིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡང་ཟད་ཅིང༌། ཡོངས་སུ་གཏུགས་པར་གྱུར་ཅིག་སྙམ་དུ་བསྒོམས་ལ་ཡིད་ཞུམ་པ་དང་སྒྱིད་ལུག་པར་མི་བྱའོ། །ལུས་དང་སེམས་ལ་བདེ་བ་དང༌། དགའ་བ་སྐྱེས་པའི་ཚེ། དགའ་བ་དང་བདེ་བ་འདི་ལྟ་བུ་དང༌། བདེ་བས་ཆེས་ཁྱད་པར་དུ་འཕགས་པའི་དགའ་བདེ་ཐམས་ཅད་ཀྱང་དགེ་བ་སྤྱད་པ་ལས་བྱུང་ངོ༌། །ཞེས་དགེ་བའི་ཕན་ཡོན་རྗེས་སུ་དྲན་པ་དང༌། དགེ་བ་སྤྱད་པ་དེ་དག་ཀྱང་བླ་མ་དང༌། དཀོན་མཆོག་ལ་བརྟེན་ནས་འབྱུང་ངོ་ཞེས་ཡུལ་གྱི་བཀའ་དྲིན་རྗེས་སུ་དྲན་པར་བྱས་ནས། སེམས་ཅན་ཐམས་ཅད་འདི་ལྟ་བུ་དང༌། འདི་བས་ཆེས་ལྷག་པའི་དགའ་བ་དང་བདེ་བ་རྒྱུན་མི་འཆད་པ་དང་ལྡན་པར་གྱུར་ཅིག་སྙམ་དུ་བསམས་ནས། བདེ་བའི་གཞི་དེས་ཡིད་ཞེན་པ་དང༌། དྲེགས་པར་མི་འགྱུར་བ་ལ་བསླབ་པར་བྱའོ། །ལམ་གྱི་ཡན་ལག་གོ །དེ་ལྟར་ཆོས་གསུམ་ལ་རྟག་ཏུ་གོམས་པའི་རྣལ་འབྱོར་ལ་བརྩོན་པ་ནི་འཇུག་པ་བདེ་ཞིང་ཐབས་སླ་བས་བྱང་ཆུབ་ཀྱི་ལམ་རྣམས་རིམ་གྱིས་བགྲོད་དེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགའ་བ་དང༌། བདེ་བ་ཐམས་ཅད་ལ་མངོན་པར་སྤྱད་ནས། མཐར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཉིད་དོ། །དེ་ལྟར་ལུང་དང་མན་ངག་ཇི་བཞིན་དུ། །བྱང་ཆུབ་ལམ་གྱི་སྙིང་པོ་བསྒོམ་པའི་ཚུལ། །སློབ་མས་བསྐུལ་བཞིན་བཤད་པའི་དགེ་བ་དེས། །འགྲོ་ཀུན་རྫོགས་པའི་སངས་རྒྱས་ཉིད་གྱུར་ཅིག །བྱང་ཆུབ་ལམ་གྱི་སྙིང་པོ་བསྒོམ་པའི་རིམ་པ་ཞེས་བྱ་བ། རང་གི་སློབ་མས་རྒྱང་རིང་པོ་ནས་གསོལ་བ་བཏབ་པའི་ངོར། དགེ་སློང་འཕགས་པས་ས་ཕོ་སྟག་གི་ལོ་གདུ་བུའི་ཟླ་བའི་ཚེས་ཉི་ཤུ་གཉིས་ལ། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་ཤིན་ཏུ་མྱུར་བར་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply