དབུས་གཙང་གི་དགེ་བའི་བཤེས་བསྙེན་རྣམས་ལ་སྤྲིང་བ།

༼བ༽

༄༅། །དབུས་གཙང་གི་དགེ་བའི་བཤེས་གཉེན་རྣམས་ལ་སྤྲིང་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དགེ་ཚོགས་དཔག་མེད་རིན་ཆེན་ལས་བསྒྲུབས་ཤིང༌། །ཟག་པ་མེད་དབྱིངས་རྒྱ་མཚོའི་ཀློང་དུ་འཁྲུངས། །ཕྲིན་ལས་རྣམ་བཞིའི་བང་རིམ་ཡོངས་རྫོགས་པ། །རྒྱལ་བ་ལྷུན་པོའི་རྒྱལ་པོ་ལ་ཕྱག་འཚལ། །ཡེ་ཤེས་དབང་པོའི་ཀླུ་དབང་གིས་སྤྲུལ་ཞིང༌། །ཤེས་བྱའི་མཁའ་ཀུན་རྣམ་པར་ཁྱབ་གྱུར་ལ། །རྣམ་གྲོལ་ལོ་ཏོག་ཀུན་ནས་རྒྱས་བྱེད་པའི། །དམ་ཆོས་རྣམ་པར་སྒྲོགས་པའི་ཆར་སྤྲིན་རྒྱལ། །ལྷག་བསམ་ས་བོན་སྙིང་རྗེའི་ཆུ་ཡིས་བསྐྲུན། །ཡོན་ཏན་ལོ་འདབ་རྟོགས་པའི་སྙིང་པོ་ཅན། །སངས་རྒྱས་ཉི་མའི་གསུང་ཟེར་གྱིས་ཕྱེ་བའི། །དགེ་འདུན་ཆུ་སྐྱེས་ཚལ་རབ་རྒྱས་གྱུར་ཅིག །གང་གི་ལྷག་བསམ་ནམ་མཁའི་དབྱིངས་ལྟར་དྲི་མེད་ཅིང༌། །དེ་ཡི་བློ་གྲོས་ཉིན་མོར་བྱེད་ལྟར་རབ་གསལ་ལ། །མཛད་སྤྱོད་དགེ་བ་ཟླ་བ་ཚེས་པ་ལྟར་མཛེས་པའི། །མི་ཡི་དབང་པོ་དབང་ཕྱུག་དམ་པ་རྣམ་པར་རྒྱལ། །གང་གི་དད་བཟང་དྲི་མེད་ཆུ་འཛིན་རྣམ་པར་རོལ་པ་རྣམ་དཔྱོད་གློག་གི་ཕྲེང་བ་ཅན། །འདུན་པའི་རླུང་ཤུགས་རབ་ཏུ་གཡོ་བས་བསྐྱོད་པ་ལས་བྱུང་སྤྲིང་ཡིག་ཚིག་གི་ཆར་རྒྱུན་གང༌། །བཤེས་གཉེན་དམ་པའི་ཀླུ་དབང་དང་བཅས་ཚོགས་ཀྱི་མཆོག་རབ་འདུས་པའི་རྒྱ་མཚོ་རབ་ཡངས་པར། །བསྟན་པའི་ཆུ་གཏེར་རྣམ་པར་འཕེལ་བས་སྐྱེ་དགུའི་ཉེར་འཚོར་ཉེ་བར་གནས་ཕྱིར་དབབ་པར་བགྱི། །རིགས་དང་ཆོ་འབྲང་རྣམ་པར་དག་ཅིང༌། དཔལ་དང་འབྱོར་པ་ཕུན་སུམ་ཚོགས་ལ། དད་པ་དང་བརྩེ་བ་རྨད་དུ་བྱུང་བས། བསྟན་པ་དང་འགྲོ་བ་ལ་ཕན་པར་མཛད་པ་ཅན། རྒྱལ་པོ་ཆེན་པོའི་ཕོ་བྲང་ནས། ཆོས་སྨྲ་བའི་བཙུན་པ་འཕགས་པས། བྱང་ཆུབ་སྙིང་པོ་རྡོ་རྗེའི་གདན་ནས། བྱང་ཕྱོགས་སུ་བགྲོད་པའི་གནས། གངས་རི་དཔལ་དང་ལྡན་པའི་ཕྲེང་བས་ཡོངས་སུ་བསྐོར་བ། བདེ་བར་གཤེགས་པ་ཉིད་ཀྱིས་ཐུབ་པའི་བསྟན་པ་འཕེལ་བར་ལུང་བསྟན་ཞིང༌། ལེགས་པར་སྦྱངས་པའི་སྐྱེས་བུ་དམ་པ་འབྱུང་བའི་གནས། དབུས་དང་གཙང་གི་སའི་ཆ་ན་བཞུགས་པ། ལེགས་པར་སྦྱངས་པའི་ཐུགས། ཡིད་བཞིན་གྱི་མཚོ་ལྟར་ཟབ་ཅིང་ཡངས་ལ་རྙོག་པ་དང་བྲལ་བ། མང་དུ་གསན་པའི་ཆབ་ཀྱིས་རྣམ་པར་བལྟམས་ཤིང༌། ཡོན་ཏན་རིན་པོ་ཆེའི་གཏེར་དུ་མ་འཛིན་པ། བརྩེ་བ་ཆེན་པོའི་རླུང་གི་ཤུགས་ཀྱིས། རྣམ་པར་དཔྱོད་པའི་ཆུ་འཛིན་སྤོབས་པའི་གློག་གི་འོད་འགྱུ་བ་ཉེ་བར་ཕྱུང་ནས་ལེགས་པར་བཤད་པའི་ཆར་གྱི་རྒྱུན་རྣམ་པར་ཕབ་པས། སློབ་གྲྭའི་སྐྱེ་བོའི་ཡིད་ཀྱི་ཞིང་སར་རྟོགས་པ་དགེ་བའི་ལོ་ཏོག་རྣམ་པར་བསྐྲུན་པར་མཛད་པའི་བཤེས་གཉེན་རྣམས་དང༌། དེ་ཉིད་དང་ཚུལ་མཚུངས་པའི་ཞར་ཆོས་པ་རྣམས་དང༌། དེ་དག་གི་རྗེས་སུ་འཇུག་ཅིང༌། ཚུལ་ཁྲིམས་ཀྱི་ལུས་ཡོན་ཏན་གྱི་རྒྱན་གྱིས་སྤྲས་ཤིང༌། དམ་པ་རྣམས་ཀྱི་བགྲོད་པའི་ལམ་ལ་ཉེ་བར་ཞུགས་པ། འདུས་པ་རྣམས་ཀྱི་མཆོག་དགེ་འདུན་དང་བཅས་པ་རྣམས་ཀྱི་སྙན་དུ་གསོལ་པ། འདུས་པའི་རྒྱ་མཚོ་བཤེས་གཉེན་ལྷུན་པོར་བཅས། །བསྟན་པ་རིན་ཆེན་སྒྲོན་མའི་རྟེན་གྱུར་ཁྱོད། །ཟོ་བདོག་བདེའམ་སྐུ་ཉམས་དང་ལྡན་ནམ། །ལྡང་བ་ཡང་ངམ་གསོལ་ཟས་ལེགས་འཕྲོད་དམ། །དགྱེས་དགུར་སྤྱོད་དམ་ཇི་ལྟར་དགོངས་པའི་དོན། །ཆོས་བཞིན་གྲུབ་བམ་ཀློག་དང་ཁ་ཏོན་དང༌། །བཟླས་བརྗོད་བསམ་གཏན་རྣམ་པར་འཕེལ་ལམ་ཞེས། །བསམ་པ་དགེ་བས་རིང་ནས་འདྲི་ཞིང་མཆིས། །སྐབས་ཀྱི་དོན་ལ་བདག་ཅག་གི་བླ་མ་ཆོས་ཀྱི་རྗེ་ཚད་མེད་པའི་མཁྱེན་རབ་དང༌། ཐུགས་རྗེར་ལྡན་པ་དེས། ཉིད་ཀྱི་དོན་དང་བདེ་བ་ལ་མ་གཟིགས་པར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང༌། སེམས་ཅན་སྤྱི་ལ་ཕན་པར་དགོངས་ནས། རྒྱལ་རྒྱུད་ཀྱི་དྲུང་དུ་བྱོན། ཇི་ལྟར་ཕན་པ་དང་དོན་དུ་འགྱུར་བ་མཛད་པ་དེ་ཐམས་ཅད་ཀྱི་ཐུགས་ལ་གསལ། དེའི་རྗེས་སུ་ངེད་ཀྱིས་ཀྱང་ཇི་ལྟར་ནུས་པའི་སྒོ་ནས་བསྟན་པའི་ཞབས་ཏོག་དང༌། སེམས་ཅན་ལ་གང་ཕན་བགྱིས་པ་ལགས། བྱེ་བྲག་ཏུ་རྒྱལ་པོ་ཆེན་པོ་འདིའི་ཐུགས་དགོངས་ལ། དྲང་པོའི་ཆོས་ཀྱིས་རྒྱལ་ཁམས་ཐམས་ཅད་ལེགས་པར་བསྐྱང་བ་དང༌། སངས་རྒྱས་ཀྱི་བསྟན་པའང་རྒྱས་པར་བྱེད་པའི་དགོངས་པ་བཟང་པོ་གདའ། ཁོང་གི་དྲུང་དུ་ངེད་བསྡད་ནས་ཀྱང་རང་གི་དོན་གཙོ་བོར་མ་བསྒྲུབས་པར་ཁོང་གིས་སངས་རྒྱས་ཀྱི་བསྟན་པའི་གནས་ལུགས་ཀྱི་བབས་ཐུགས་སུ་ཆུད་པ་དང༌། བླང་བ་དང་དོར་བའི་དམིགས་ཕྱེད་པ། ཆོས་དང་ཆོས་ལྟར་བཅོས་པའི་རྣམ་དབྱེ་མཁས་པར་བྱས་ནས། སྔོན་གྱི་ཆོས་རྒྱལ་ཀུན་དང་རྗེས་སུ་མཐུན་པར་བསྟན་པའི་བདག་པོ་མཛད་པའི་རྐྱེན་བྱས་ནས། སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་གང་ཕན་པ་དང༌། མི་སྡེ་སྤྱི་ལ་གང་ཕན་གྱི་ཞུ་བ་ཡང་ཡང་བྱས་ནས། ལུང་དང་ལས་ཀ་བཟང་པོ་ཞུས་ནས་བསྐུར་བ་ཐམས་ཅད་ཀྱི་ཐུགས་ལ་གསལ་ཏེ་མཆི། ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པའི་རྩ་བ་ཚུལ་ཁྲིམས་དག་པ་དང༌། ཆོས་ཀྱི་བཤད་ཉན་ལགས་པས་དེ་ལ་ཕན་པའི་ཞུ་བ་སྔར་མང་དུ་བྱས། ད་རེས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཡོ་བྱད་དང་གསེར་ཡིག་པ་བཏང་བ་ལགས་པས། དགེ་བའི་བཤེས་གཉེན་དང༌། དགེ་འདུན་རྣམས་ཀྱིས། རྒྱལ་པོ་ཆེན་པོ་སྐུ་ཚེ་རིང་ཞིང་ཐུགས་དགོངས་ཆོས་དང་མཐུན་པར་འགྲུབ་པ་དང༌། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་བྱ་བ་དང༌། སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་བྱ་བའི་དོན་དུ། ཆོས་བཤད་ཉན་དང༌། སྒོམ་སྒྲུབ་དང༌། ཀློག་པ་དང༌། ཁ་ཏོན་དང༌། དགེ་སྦྱོར་གྱི་རིམ་པ་རྣམས་དང༌། ཆོས་ཀྱི་གཏམ་གྱིས་དུས་འདའ་བར་བྱས་ནས། ཐུགས་མཐུན་པའི་སྒོ་ནས་སྨོན་ལམ་རྣམ་པར་དག་པ་གདབ་པར་ཞུ། ཆོས་འཁོར་ཟིན་ནས་ཀྱང་དུས་ཐམས་ཅད་དུ་བཤད་ཉན་ལ་བརྩོན་པར་མཛད་པར་ཞུ། ཁྱེད་དགེ་འདུན་ཐམས་ཅད་ཆོས་ཉན་བཤད་དང་ཆོས་ཀྱི་བྱ་བ་ལེགས་པར་མཛད་པའི་བདག་གཉེར་ངེད་ཀྱི་ནུས་ཚད་ཀྱིས་བྱེད་པར་ལགས། སྟོང་གསུམ་འཇིག་རྟེན་ཁམས་འདི་གསེར་དག་གིས། །བཀང་ནས་གང་ལ་སྦྱིན་པ་བྱིན་པ་བས། །གང་གིས་ཚིག་བཞིའི་ཚིགས་བཅད་གཅིག་བརྗོད་པ། །དེ་ཡི་བསོད་ནམས་དེ་འདྲ་དེ་ལ་མེད། །དེ་སྐད་ལུང་ལས་འབྱུང་ཞིང་རིགས་པས་ཀྱང༌། །ངེས་པར་གྲུབ་པ་ཡིན་ཏེ་གང་གི་ཕྱིར། །མ་ལུས་འགྲོ་བའི་སྲིད་ཞིའི་དཔལ་འབྱོར་ཀུན། །དགེ་བ་སྤྱད་པ་ལས་འབྱུང་དེ་ཡང་ནི། །བདེ་བར་གཤེགས་པའི་ཆོས་ཚུལ་ལ་བརྟེན་ཞིང༌། །ཆོས་དེའང་ཐོས་པ་ཉིད་ལ་རག་ལས་ཕྱིར། །དེ་ལྟར་ལུང་དང་རིགས་པས་དོན་ཆེད་དུ། །གྲུབ་པའི་དོན་ལ་འབད་པ་ཚུལ་ལགས་པས། །བདེ་བར་གཤེགས་པའི་གསུང་རབ་དྲི་མེད་དང༌། །དགོངས་པ་ངེས་པར་འགྲེལ་བའི་བསྟན་བཅོས་མཆོག །འབྱུང་ཁུངས་བཟང་པོའི་གླིང་ལས་བྱུང་གྱུར་ཞིང༌། །མཁས་པའི་དེད་དཔོན་མཆོག་ལས་ལེགས་འོངས་ལ། །བློ་གསལ་རྣམས་ཀྱི་གཙུག་གི་རྒྱན་གྱུར་པ། །སྲིད་པའི་རིམས་ནད་སེལ་བའི་ནོར་བུ་མཆོག །ཚུལ་ཁྲིམས་དག་པའི་རྒྱལ་མཚན་རྩེར་བཞག་ནས། །ཐོས་དང་བསམ་པའི་བྱི་དོར་ལེགས་བྱས་ཏེ། །ཚུལ་བཞིན་བསྒྲུབ་པའི་རིམ་གྲོས་ལེགས་མཆོད་ནས། །སྙན་པའི་འོད་ཀྱིས་ས་གསུམ་རབ་གསལ་ཞིང༌། །སྲིད་ཞིའི་རྒུད་པ་མ་ལུས་ཀུན་བསལ་ཏེ། །འབྱོར་པ་གཉིས་ཀྱི་དཔལ་འབྱོར་རྒྱ་མཚོ་ཡིས། །བདག་གཞན་ཐམས་ཅད་ཀུན་ནས་རབ་འབྱོར་ཞིང༌། །ཐམས་ཅད་མཁྱེན་པའི་དཔལ་ཡང་ཐོབ་པར་མཛོད། །གང་ཞིག་ཐུབ་པའི་བསྟན་པ་དར་བའི་ཚེ། །ཆོས་ལ་བརྩོན་བགྱིད་ངོ་མཚར་ཅི་ཞིག་མཆིས། །སྙིགས་མའི་དུས་སུ་འགྲོ་བ་རྣམས་ལ་ཆོས། །གསལ་བར་བགྱིད་པ་ཤིན་ཏུ་ངོ་མཚར་ལགས། །བདག་གིས་དེ་ལྟར་བརྗོད་པ་གང་ལགས་པ། །དེ་ཀུན་མཁྱེན་བཟང་ཁྱེད་ཀྱི་ཐུགས་ལ་གསལ། །དེ་ལྟ་མོད་ཀྱི་མི་ཡི་དབང་པོ་ཡིས། །འཕྲིན་གྱིས་གདམས་པར་གྱིས་ཞེས་བསྐུལ་བ་དང༌། །ཟླ་བའི་ཟེར་གྱིས་ཀུནྡའི་ཕྲེང་བ་ལྟར། །དགེ་བའི་འདུན་པ་ཀུན་ནས་རྒྱས་ཕྱིར་དང༌། །དད་པས་གླེངས་པ་དོན་མེད་མི་འགྱུར་སླད། །བདག་གི་དེ་སྐད་གླེངས་པའང་དེ་ལྟར་དགོངས། །དེ་ལྟར་མི་ཡི་དབང་པོ་དད་པའི་ཡིད། །གང་གིས་ལེགས་བཤད་ངག་གིས་རབ་བསྐུལ་ནས། །འགྲོ་བའི་དོན་དུ་བསྟན་པ་གནས་པའི་ཕྱིར། །རིན་ཆེན་ཆོས་ཀྱི་འཁོར་ལོ་རབ་བསྐོར་བས། །རབ་འབྱམ་ཕྱོགས་བཅུའི་ཞིང་ན་བཞུགས་གྱུར་པའི། །རྒྱལ་བ་ཆོས་ཀྱི་དབང་ཕྱུག་ཐམས་ཅད་ཀྱིས། །ཐེག་མཆོག་ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས། །འགྲོ་ཀུན་ཀུན་མཁྱེན་ཉིད་དུ་འགྱུར་བར་ཤོག །གནས་སྐབས་སུ་ཡང་སྦྱིན་བདག་རྒྱལ་པོ་ཡི། །སྐུ་ཚེ་རིང་ཞིང་དབང་ཕྱུག་ཕུན་སུམ་ཚོགས། །བར་དུ་གཅོད་པ་ཐམས་ཅད་ཉེར་ཞི་ཞིང༌། །ཐུགས་ཀྱི་དགོངས་པ་ཆོས་བཞིན་འགྲུབ་པར་ཤོག །འགྲོ་བ་ཀུན་ཀྱང་ནད་དང་མུ་གེ་དང༌། །ཀུན་ཏུ་འཁྲུག་པ་ཐམས་ཅད་ཉེར་ཞི་ནས། །ཆོས་དང་ཟང་ཟིང་ལོངས་སྤྱོད་དྲི་མེད་ལ། །དུས་རྣམས་ཀུན་ཏུ་དགའ་མགུར་སྤྱོད་པར་ཤོག །ཁྱི་ལོ་ཟླ་བ་གཉིས་པའི་ཚེས་བརྒྱད་ལ། ཕོ་བྲང་ཆེན་མོར་བྲིས་པའི་ཡི་གེ ཕྱོགས་དང་དུས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*