ཡི་གྱང་ཇུས་གླེགས་བམ་བསྒྲུབས་པ་ལ་བསྔགས་པ།

༼བ༽

༄༅། །ཡི་གྱང་ཇུས་གླེགས་བམ་བསྒྲུབས་པ་ལ་བསྔགས་པ་བཞུགས།།

༄༅། །ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། དཔལ་ཀུན་གྱི་ནི་འབྱུང་གནས་ཏེ། །ཉེས་པ་ཐམས་ཅད་དྲུང་ནས་འབྱིན། །ཆེ་བའི་ཆེ་བས་ཆེར་མཆོད་པ། །སངས་རྒྱས་དཔལ་གྱི་ཕུལ་ལ་འདུད། །ཁྱོད་ཀྱི་ལེགས་བཤད་སེང་གེའི་སྒྲ། །སེམས་ཅན་གྲངས་བཞིན་ཕ་མཐའ་ཡས། །འོན་ཀྱང་གདུལ་བྱའི་དབང་བྱས་ནས། །སྡུད་པོས་ངེས་པ་བཞིན་དུ་བསྡུས། །ཚུལ་དེ་འཕགས་པའི་ཡུལ་ནས་ནི། །ཡུལ་གཞན་དག་ཏུའང་གསལ་བར་གྱུར། །ཁྱད་པར་ཐུབ་པ་ནོངས་ནས་ལོ། །སྟོང་ནས་བརྩམས་ཏེ་རྒྱ་ཡུལ་དུ། །མདོ་དང་དགོངས་འགྲེལ་དེ་འགྲེལ་བཅས། །རིམ་པ་བཞིན་དུ་བསྒྱུར་བ་རྣམས། །སྐྱེས་མཆོག་རྣམས་ཀྱིས་ཡི་གེའི་རྒྱར། །བསྒྲུབས་ནས་བཏབ་པའི་གླེགས་བམ་ཚོགས། །རྒྱ་ནག་ཆེན་པོར་བཞུགས་མོད་ཀྱང༌། །སི་ཚོན་ལ་སོགས་ཡུལ་གཞན་དུ། །སྔོན་ཆད་རྫོགས་པར་མི་བཞུགས་པ། །དེ་བཞུགས་པ་དང་རྒྱས་བྱའི་ཕྱིར། །ཧོར་གྱི་དབང་བྱས་ཏེའུ་ཅའོ་ལ། །དབང་བསྒྱུར་དབང་པོ་ལྔ་པ་ནི། །ཡོན་ཏན་སྣ་ཚོགས་ལོན་པ་སྟེ། །དེ་མིང་རྒྱལ་པོ་གན་ཞེས་བྱ། །དེ་ཡི་རིང་ལ་ཇི་ཝན་ནས། །བརྩམས་ཏེ་ལོ་བདུན་ལོན་པའི་ལོར། །ཆོས་རྗེ་ས་སྐྱ་པ་ཡི་འབངས། །འཕགས་པ་ཏི་ཤྲིའི་སློབ་མ་ནི། །སི་ཚོན་ཡུལ་དུ་སྐྱེས་གྱུར་ཞིང༌། །ཆོས་ལ་བློ་གྲོས་ལེགས་སྦྱངས་པ། །རྒྱ་དང་བོད་དང་བལ་པོ་དང༌། །རྒྱ་གར་སོགས་ཀྱི་རྟེན་མཆོག་དང༌། །མཁས་པའི་མཆོག་རྣམས་ལེགས་མཐོང་ཞིང༌། །དེ་དག་རྣམས་ཀྱི་དྲིན་ཐོབ་ནས། །དྲིན་ལ་ལན་དུ་ལྡོན་འདོད་པ། །ཡི་གྱང་ཇུ་ཞེས་བྱ་བ་ཡིས། །པར་ལ་གླེགས་བམ་ཡོངས་རྫོགས་པར། །བསྒྲུབས་ནས་དོན་ཆེན་ལེགས་པར་བསྒྲུབས། །འདི་ཡི་དགེ་བས་ཆོས་ཚུལ་འདི། །ཅིག་ཅར་ཀུན་ཏུ་རྒྱས་གྱུར་ཅིག །རྒྱལ་བའི་དགོངས་པའང་འགྲུབ་པར་ཤོག །རྒྱལ་པོ་ཡུན་རིང་གནས་གྱུར་ཅིག །རྒྱལ་སྲིད་ཆོས་བཞིན་སྐྱོང་བར་ཤོག །རྒྱལ་ཁམས་དག་ཀྱང་བདེ་གྱུར་ཅིག །ཡི་གེ་འདི་ནི་ཡི་གྱང་ཇུས། །ཡང་དང་ཡང་དུ་རབ་བསྐུལ་ནས། །དགེ་སློང་འཕགས་པས་དགེ་བའི་བློས། །སྡེབ་སྦྱོར་རྣམ་པར་སྦྱར་འདི་སྡེབས། །ཕྱོགས་དང་དུས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*